གཅན་ཚ་སྒྲོལ་མ་གཡང་སྐྱིད། ཨ་རི།
ངས་རང་ཉིད་ཀྱི་ལག་པའི་སྟེང་གི་རྨ་ཤུལ་འདི་མཐོང་ཐེངས་རེར་ང་ལ་དགའ་སྐྱོ་འདྲེས་མའི་ཕྱིར་དྲན་མང་པོ་ཞིག་ཡོད། དེ་ནི་ན་ནིང་དབྱར་གཞུང་ཚ་བ་ཧ་ཅང་ཆེ་སྐབས་ཤིག་ལ། དྲིན་ཆེན་མ་ལོ་དང་ཚ་མོ་གཉིས་ཁྲིད་དེ་ཟི་ལིང་སྡོད་ཁང་གི་འོག་ཏག་ཏག་ན་ཁ་ཆེའི་ཟ་ཁང་ཞིག་ཡོད་པ་དེའི་ནང་དུ་ཟ་མ་ཟ་རུ་སོང་བ་ཡིན། ཡར་འཛུལ་མ་ཐག་ནམ་རྒྱུན་ང་དང་ངའི་ནང་མི་མཐོང་མ་ཐག་ལས་བྲེལ་ག་འདྲ་ཆེ་རུང་བཅོས་མིན་གྱིས་འཛུམ་ཞིག་བསྟན་ནས་དགའ་ཚོར་དང་བཅས་ང་ཚོའི་སྔུན་ལ་བརྒྱུགས་ཡོང་མཁན་གྱི་ཁ་ཆེ་བུ་མོ་ཞིག་ཡོད། ང་ཚོར་འདུག་སྟེགས་ཡག་པོ་ཞིག་བཀོད་སྒྲིག་བྱེད་པའི་མགོ་རས་ནག་པོ་དཀྲིས་པའི་ཞབས་ཞུ་མ་ལོ་ཆུང་དེ་མཐོང་སོང། མོས་ང་ཚོ་མཐོང་མ་ཐག་ལག་རས་ཤིག་གིས་འདུག་སྟེགས་གཞན་ཞིག་འཕྱི་བཞིན་པ་དེ་མཚམས་བཞག་སྟེ་ཁྱེད་ཚོ་ཐོན་བཏང་ངམ་ཟེར་ཞོར་ང་ཚོའི་མདུན་དུ་བརྒྱུགས་ནས་བསླེབས། ཁྱེད་ཚོ་འདིར་སྡོད་ཟེར་ཞོར་གཡས་ལག་གི་རྒྱལ་སྒོ་དེའི་ཁ་གཏད་ན་ཡོད་པའི་འདུག་སྟེགས་ཞིག་སྟོན་ཞོར་ལག་པ་གཡོན་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པ་བརྒྱབས་ཚར་མ་ཐག་གི་གད་སྙིགས་ནང་ནས་འཐུས་ཡོང་བ་དང་གཉིས་སུ་མེད་པའི་རླུང་འཁོར་རྙིང་བ་རྙིང་ནག་ཅིག་སྒོ་ནས་ཡར་འཛུལ་མ་ཐག་གི་གཡོན་ཕྱོགས་ཀྱི་སྒོ་ཆེན་འགྲམ་ཏག་ཏག་ན་བཞག་འདུག ཟ་མ་ཟ་བཞིན་པའི་རྒྱ་རྒན་བཞི་ལྔ་ཞིག་གིས་བསྐོར་ནས་ཡོད་པ་དེ་ང་ཚོའི་ཕྱོགས་སུ་དྲུད་ནས་ཡོང་རྩིས་བྱས་སོང། ངས་ལམ་སང་དེ་འདྲ་བྱས་ན་འཚམ་པོ་ཞིག་དང་ལེགས་པོ་ཞིག་མི་འདུག་བསམ་སྟེ། ང་ཚོ་ལ་དགོས་ཀྱིན་མི་འདུག་ཟེར་ཞོར་རླུང་འཁོར་དེ་རང་འཇགས་སུ་བཞག་ན་སྙམ། ལག་པ་གཡོན་པ་དེ་རླུང་འཁོར་དེའི་ཕྱོགས་སུ་བརྐྱངས་མ་ཐག་སྟབས་མ་ལེགས་པར་ངའི་ལག་ཆུང་སྙིང་ལ་རྗེ་མོ་ཕག་སུག་དང་འདྲ་བོ་དེ་རླུང་འཁོར་ནང་དུ་ཤོར་ནས་གཡོན་ལག་གི་ཕྱི་ངོས་ལ་ཕག་ཤ་རློན་པ་གྲི་བཤའ་བྱས་པ་ལྟར་རིམ་པ་བཞི་ལྟ་བུ་ཞིག་ཁ་གདངས་སུ་བཅུག་སོང་། ངོ་ཚ་བས་ཡིན་ནམ་ཡང་ན་སྐྲག་སོང་བས་ཡིན། སྐབས་དེར་ཨ་ཚ་ཨ་བོ་ཟེར་དགོས་པའི་ཚོར་བ་ཞིག་ཡེ་ནས་བྱུང་མ་སོང་ལ་ལམ་སང་ཁྲག་ཀྱང་བཞུར་མ་སོང། དེ་མ་ཐག་ངས་ཨ་མའི་ཕྱོགས་སུ་བལྟས་པ་ན་ཚ་མོ་གཉིས་ཀྱིས་ཨ་མ་གཡས་སྐྱོར་གཡོན་སྐྱོར་བྱས་ནས་འདུག་སྟེགས་དེའི་ཕྱོགས་སུ་འགྲོ་གྱིན་འདུག ཁོང་ཚོས་ཧ་ལམ་ངའི་ལག་པ་རླུང་འཁོར་ནང་ཤོར་སོང་བ་ཤེས་མེད་པ་འདྲ། ཞབས་ཞུ་མ་དེ་སྐྲག་ཐག་ཆོད་ནས་ངོ་མདངས་ཀྱང་འགྱུར་སོང་། ངས་མོ་ལ་གཙང་ཤོག་ཡོད་དམ། སྐད་རྒྱག་མི་ཉན། ངའི་ཨ་མ་ཁོང་ཚོར་རྦད་དེ་ཤེས་སུ་མ་འཇུག་ཅེས་བཤད་པ་ན། མོས་ཁུག་མ་ལས་ང་ལ་གཙང་ཤོག་ཅིག་སྟེར་ཞོར་ཁྱེད་རང་འདིར་ཅུང་སྒུག་དང་ངས་སྦྱིན་བདག་གི་ལག་ནས་སྒོར་མོ་ཁྱེར་ཡོང་ནས་འུ་གཉིས་སྨན་ཁང་དུ་འགྲོ་ཟེར། ངས་མོ་ལ་ཁྱེད་རང་འཚབ་འཚུབ་མ་བྱེད། འདི་ང་རང་གི་ནོར་འཁྲུལ་རེད། དེ་བས་ངའི་ཨ་མ་ཁོང་ཚོ་དེ་རིང་དྲོས་ཇ་འཐུང་རྒྱུ་ཅུང་འཕྱི་འདུག་པས་ཁོང་ཚོ་ལྟོགས་ཀྱིན་ཡོད། རྒྱ་ཐུག་བཞི་དང་སྒོ་ང་བཞི། ཚལ་སྣ་ཁ་བཞི་དྲངས་ཞོག་དང་སྒོར་མོ་ང་ཕྱིར་ཐོན་ན་སྤྲད་ཡོང་ཟེར་ཞོར་ཁ་ཆེའི་ཟ་ཁང་དང་ཐག་ཉེ་ས་ན་ཡོད་པའི་ཆང་བཙོང་ས་ཆུང་ཆུང་ཞིག་ཡོད་པ་དེའི་ནང་དུ་ཕྱིན་པ་ཡིན། དེའི་ནང་དུ་འགྲུལ་བ་གཅིག་ཀྱང་མི་འདུག་ལ་སྦྱིན་བདག་མ་ཁ་པར་ནང་དུ་མགོ་འཁོར་ནས་འདུག ང་ནང་དུ་འཛུལ་མ་ཐག་ཚིག་གཅིག་ཀྱང་མ་བཤད་པར་ཐད་ཀར་ཆང་དཀར་རྒྱ་མ་གང་བླངས་ཏེ་སྦྱིན་བདག་མ་ལ་གཏད་ནས་འདི་ལམ་སང་ཁ་ཕྱེས་ལབ་མོད། མོས་འདུག་སྟེགས་དེའི་སྟེང་ནས་ད་རུང་ལྷོད་དུ་འབབ་ཞོར་འདི་འདྲ་སྔ་མོ་ནས་འཐུང་གི་ཡིན་ནམ། ངར་བ་རེད་ཟེར། དེ་དུས་ངས་གཞི་ནས་ཁྲག་འཛག་བཞིན་པའི་རྨ་ཁ་དེ་སྟོན་ཞོར་རེམ་རེམ་ཀུ་རེ་རྩེད་ཁོམ་མི་འདུག་ཅེས་བཤད་པ་ཡིན།
མོས་ངའི་ལག་པའི་སྟེང་གི་རིམ་པ་བཞི་ན་ཁ་གདངས་ནས་ཁྲག་བཞུར་བཞིན་པ་མཐོང་མ་ཐག་ཆང་འདི་རྫུན་མ་ཡིན། འདི་ལས་འདི་བཟང་ཟེར་ཞོར་ལམ་སང་ཆང་དཀར་ཞིག་གི་ཁ་ཕྱེས་ནས་ང་ལ་གཏད་ཞོར་མོ་རང་གི་མདུན་ན་བཞག་ཡོད་པའི་གད་སྙིགས་ཀྱི་སྣོད་དེ་ཡང་ངའི་མདུན་དུ་བཞག་སོང་། ངས་ཆང་དཀར་དེ་རྨ་ཁའི་ནང་ལྡུག་སྐབས་མོས་ང་ལ་ཁྱོད་ཀྱི་ལག་པ་ག་འདྲ་བྱས་ནས་རྨས་སོང་ཟེར། ངས་དགོད་ཞོར་དུ་ངས་རང་སྲོག་གཅོད་བསམས་པ་ཡིན་མོད། ཆང་ལ་ཞེ་ཐོགས་ནས་ཤི་ན་འདོད་མ་སོང་ཞེས་བཤད་པས་མོས་ཧབ་ཆ་རྒྱག་ཞོར་དུ། སྨན་ཁང་ལ་སྟོན་དུ་སོང་། ཁ་སང་དེ་རིང་ཚ་བ་ཆེ་ཁར་མཁའ་དབུགས་ཀྱང་ཧ་ཅང་བཙོག་པོ་འདུག་པས་གཉན་ཁ་རྒྱག་གི་རེད་ཟེར། ངས་སྒོར་དུ་ཡིན་ཟེར་ཞོར་ཁུག་མ་ནས་སྒོར་མོ་སྤྲོད་རྩིས་བྱེད་དུས་མ་གཞི་ནས་ཁུག་མའི་ནང་སྒོར་བརྒྱ་ལྷག་མ་གཏོགས་མི་འདུག མོས་ཆང་རིན་མི་དགོས། ལམ་སང་སྨན་ཁང་དུ་སོང་ཟེར། ངའི་རྒྱབ་ཁུག་ཚ་མོའི་ལག་ཏུ་ལུས་སོང་བས་ཆང་རིན་སྤྲད་པ་ཡིན་ན་སྨན་རིན་མི་འདང་བ་ཁོ་ཐག་རེད།༼རྗེས་ནས་ཤེས་དུས་ཆང་དེར་སྒོར་སུམ་བརྒྱ་བརྒྱད་ཅུ་རེད་ཟེར།༽བསམ་ནས་ཡ་ཡ་དེས་ན་ངས་རྗེས་ནས་སྤྲད་ཡོང་ཟེར་ཞོར་ཚོང་ཁང་དང་ཐག་ཉེ་སའི་རྒྱ་གྲམ་དམར་བོའི་སྨན་ཁང་ཕྱོགས་སུ་ཆས་པ་ཡིན། ཆང་ཚོང་རྒྱ་མོ་འདི་ལས་སྔོན་ཆད་ཆང་སོགས་འགའ་རེ་ཉོས་མྱོང་བས་ངོ་ཤེས་མོད། འོན་ཀྱང་གནད་འགག་གི་སྐབས་སུ་མོས་ང་ལ་ཆང་རྩ་ཆེན་རྒྱ་མ་གང་རིན་མེད་དུ་བྱིན་སོང་། སྤྱིར་བཏང་ཆང་དེ་གོང་ཆེན་ཞིག་མ་རེད་མོད། འོན་ཀྱང་མོས་ངའི་སེམས་ལ་རྩ་ཆེ་བའི་མེ་ཏོག་ཅིག་བཙུགས་སོང་། ལམ་སྐབས་ནས་ཚ་མོས་ཁ་པར་བསླེབས་སོང། ཨ་ནེ་ཟ་མ་འཁྱག་རྒྱུ་རེད། ང་ཚོས་ཁྱེད་ལ་བསྒུགས་ནས་ཡོད་ཟེར། ངས་ང་ལ་མ་སྒུག་ཁྱོད་ཚོས་འཐུང་གི་སྡོད། ང་འདི་གར་གྲོགས་མོ་ཞིག་ལ་ཐུག་སོང་བས་ལམ་སང་ཡོང་ཐུབ་ས་མ་རེད་ཅེས་རྫུན་བཤད་པ་ཡིན། སྐབས་དེར་ཚ་མོའི་ཁ་པར་ལས་གང་ང་བུད་སོང་ཟེར། ཡང་ཟ་མ་དྲོན་མོ་མ་བྱས་ན་འཐུང་ཐུབ་རྒྱ་མ་རེད་ཟེར། དེ་ནི་ཨ་མའི་སྐད་རེད། ཚ་མོས་ཁ་པར་ལས་ཡ་ཟེར་ཞོར་ཁ་པར་སྒོ་བརྒྱབས་སོང། སྐབས་དེར་ངའི་སེམས་སུ་རང་དབང་མེད་པར་མིག་ཆུ་རྡོག་པོ་ཁ་ཤས་སེམས་ནང་དུ་ལྷུང་སོང་།
གནམ་འོག་གི་ཨ་མ་ཟེར་བ་འདི་ནི་ཇི་འདྲའི་རླབས་ཆེན་ཞིག་རེད་ཨང་། རང་ཉིད་ཨ་མ་རུ་གྱུར་བ་ནས་བཟུང་ཡོད་ཚད་བུ་ཕྲུག་གི་ཆེད་དུ་བློས་གཏོང་བྱེད་ཀྱིན་ཡོད་ལ་ཉི་མ་རེ་རེར་ཐ་ན་སྐར་ཆ་རེ་རེ་ལ་ཡང་བུ་ཕྲུག་ལས་བསམ་རྒྱུ་མེད་པ་སྟེ། ང་ཚོར་ཕངས་མེད་དུ་བརྩེ་བ་སྦྱིན་མཁན་ཁོ་ན་དེ་རེད་ཨང་བསམ་བྱུང་། ཕ་མས་ང་ཚོ་ལ་ཤ་ཚ་ཞིང་སྙིང་ཉེ་བ་ནང་བཞིན་ང་ཚོ་བུ་ཕྲུག་ཐམས་ཅད་ཀྱིས་ཀྱང་ལོ་གཅིག་མ་དགོས་ཟླ་གཅིག ཐ་ན་ཉིན་གཅིག་ལ་ཡང་སེམས་སུ་ཕ་མའི་དྲིན་ལན་འཁོར་ཐུབ་ན་ཅི་མ་རུང་ཨང་། དེ་ལྟར་བསམ་བཞིན་སྨན་ཁང་དུ་བསླེབས་སོང་། ཐད་ཀར་མྱུར་སྐྱོབ་ཚན་ཁག་ཕྱོགས་སུ་སོང་བ་ཡིན། མིང་ཐོ་འགོད་ས་ན་མི་མང་བོ་ཞིག་གྲལ་བསྒྲིགས་ནས་འདུག ནད་པ་མང་ཆེ་བ་རོང་འབྲོག་མང་ཚོགས་རེད་འདུག ཐོ་འགོད་སའི་གཡས་ཕྱོགས་སུ་འདུག་སྟེགས་གསུམ་ཙམ་གཤིབས་ནས་བཞག་འདུག དེ་ནི་ཧ་ལམ་མིང་ཐོ་བཀོད་ཚར་རྗེས་ནད་རྟགས་ག་རེ་ཡིན་པ་དང་སྨན་པ་སུ་ཞིག་གིས་རྩར་འགྲོ་དགོས་པར་བཀོད་སྒྲིག་བྱེད་མཁན་ཡིན་པ་འདྲ། དེ་ན་ཡང་ནད་པ་ཧ་ལས་པ་མང་པོ་གྲལ་བསྒྲིགས་ནས་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག་མོད། ལས་སྟེགས་དེའི་ཐོག་ལས་མི་གཅིག་ལས་མི་འདུག ལས་བྱེད་རྒྱ་མོ་དེ་དང་ཕལ་ཆེར་ཡུལ་ཤུལ་ཕྱོགས་ཀྱི་ཡིན་པ་འདྲ་བ་གཉིས་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱིན་མི་འདུག མིང་ཐོ་འགོད་སའི་འགྲམ་ཏག་ཏག་ན་སྨན་པའི་ལྭ་བ་དཀར་བོ་གྱོན་པའི་རྒྱ་མོ་གཉིས་དང་སྐྱེས་པ་གཅིག་བཅས་ཀྱིས་ཟ་མའི་སྐོར་ཁ་བརྡ་བྱེད་ཞོར་ཕན་ཚུན་ལྟ་སྤྱོད་འདྲ་ཕུད་ནས་འདུག ང་ཐད་ཀར་ཁོ་གསུམ་གྱི་རྩར་སོང་ནས་ལག་པའི་སྟེང་གི་རྨ་ཁ་དེ་སྟོན་ཞོར་འདི་གང་ལ་སྟོན་དགོས་སམ་ཞེས་དྲིས་པ་ཡིན།
ལྭ་བ་དཀར་བོ་གྱོན་ཡོད་པའི་རྒྱ་མོ་ངོ་ལེབ་ཞིང་གཟུགས་ཅུང་ཐུང་བའི་རྒྱ་མོ་དེའི་སུན་སྣང་གི་རྣམ་འགྱུར་དང་བཅས་ཁོང་ཚོས་ཟུར་ན་བང་རིམ་བསྒྲིགས་ནས་ཡོད་པའི་མི་ཚོགས་ཀྱི་མཇུག་དེའི་ཕྱོགས་ལ་མར་འགུལ་ཙམ་གྱི་བརྡ་ཞིག་བསྟན་ནས། གན་ན་མིང་ཐོ་འགོད་དུ་སོང་ཟེར་ནས་མུ་མཐུད་དུ་ང་ལ་ཁ་ཡ་མ་བྱས་པར་གདོང་སྐྱེས་པ་དེའི་ཕྱོགས་སུ་གཏད་ནས་ཁ་བརྡ་བྱེད་རྩིས་བྱས་སོང་། ངས་ཁུག་མའི་ནང་དུ་ཨ་རིའི་རླངས་འཁོར་སྐོར་ཆོག་པའི་ཐོབ་ཐང་ལག་ཁྱེར་དང་སྒོར་བརྒྱ་རྒྱ་མོ་ངོ་ལེབ་མ་དེའི་ལག་ཏུ་གཏད་ཞོར་ང་ལ་རྒྱ་ནག་གི་ཐོབ་ཐང་ལག་ཁྱེར་མེད། ང་རང་ཨ་རི་ཡི་མི་སེར་ཡིན། ཐོ་འགོད་སའི་ནང་དུ་མི་གཅིག་མ་གཏོགས་ལས་ཀ་བྱེད་མཁན་མི་འདུག་ལབ་ཞོར་ཁོང་ཚོས་མིག་གིས་མཐོང་ནས་འདུག་པའི་ཐོ་འགོད་སའི་སྒེའུ་ཁུང་དེའི་ཕྱོགས་སུ་རྣམ་འགྱུར་ཞིག་བསྟན་པ་ཡིན། ཁོང་ཚོས་དེ་སྔོན་ཨ་རི་ནས་ཡིན་པའི་ཐོབ་ཐང་ལག་ཁྱེར་དེ་འདྲ་མཐོང་མྱོང་མེད་པ་འདྲ། འདིའི་སྟེང་ཚང་མ་དབྱིན་ཡིག་རེད་འདུག མིང་དང་རུས་གང་རེད་དམ་ཞེས་རྣམ་འགྱུར་ཅུང་ཙམ་ཇེ་བཟང་དུ་བཏང་ནས་དྲིས་བྱུང་། ངས་མོའི་ཆེད་ལས་ཐོ་འགོད་མཁན་ཡིན་པ་གཞི་ནས་ཤེས་བྱུང་། ངས་ཐོབ་ཐང་ལག་ཁྱེར་སྟེང་གི་རང་གི་མིང་དང་སྐྱེས་སྐར་སོགས་གང་ཡིན་པ་རེ་རེ་བཞིན་འགྲེལ་བཤད་བརྒྱབ་ཚར་རྗེས་མོས་སྐྱེས་བུ་དེའི་ཕྱོགས་ལ་འཁོར་ནས་ཁྱེད་རང་སྨན་པ་ཁོའི་རྗེས་དེད་ནས་སོང་དང་ང་སོང་ནས་ཐོ་བཀོད་ནས་ཡོང་ཟེར། ལྭ་བ་དཀར་པོ་གྱོན་པའི་སྐྱེས་བུ་དེའི་གོམ་པ་ཁ་ཤས་ཞིག་མདུན་དུ་སྤོས་ནས་ངའི་རྗེས་དེད་ནས་ཤོག་ཟེར་ཞོར་ཐོ་འགོད་ས་སྟེ་ཁོང་ཚོ་ཡར་ལངས་བསྡད་ཡོད་པའི་རྒྱབ་ལོག་ཏག་ཏག་གི་ཁང་པ་ཆུང་ཆུང་དེའི་ནང་དུ་ཁྲིད་སོང་། ནང་དུ་འཛུལ་མ་ཐག་སྐྱེས་པ་དེས་ང་འདུག་སྟེགས་ཞིག་གི་སྒང་དུ་སྡོད་བཅུག་སོང་། ངའི་ལག་པའི་སྒང་གི་རྨ་ཁ་ཅུང་ཙམ་འབྱར་ནས་ཡོད་པ་རེ་རེ་ཁ་གདངས་ཏུ་བཅུག་ནས་བལྟས་རྗེས་འདི་བཙེམ་དགོས་འདུག་ཟེར། ངས་རྨ་ཁའི་སྒང་ལ་གཉན་ཁ་མི་རྒྱག་པའི་བྱུགས་སྨན་འདྲ་བརྐུས་ནས་གཙང་རས་གཙང་མ་ཞིག་གིས་བཏུམ་ན་ཆོག་ལབ་ཡིན། འཚེམ་པོ་རྒྱག་སྤྱད་ལག་ཏུ་བླངས་ནས་ཡོང་བཞིན་པའི་རྒྱ་མོ་དེ་ཁོང་དགོད་ཀྱི་རྣམ་འགྱུར་ཞིག་སྟོན་ཞོར་ཁྱེད་ཀྱི་དགོད་གཏམ་མ་བཤད། ཁྱོད་ཀྱི་རྨ་ཁ་འདི་འདྲ་ཆེན་པོ་ལམ་སང་གཙང་མ་བཀྲུས་རྗེས་རྨ་ཁ་བཙེམ་དགོས་འདུག ལྷག་ཏུ་ཁྱེད་རང་བུད་མེད་ཅིག་རེད། རྨ་ཁ་འདུག་རྒྱུར་ཞེད་སྣང་མི་སྐྱེས་སམ། རྨ་ཁ་བཙེམ་རྗེས་ཉིན་ཁ་ཤས་ལ་སྨན་ཁང་དུ་ཞག་སྡོད་མི་བྱེད་རུང་སྨན་ཁབ་ཉུང་མཐར་ཡང་ཉིན་ལྔ་ནས་བདུན་བར་རྒྱག་དགོས་འདུག་ཟེར། དེ་མིན་གཉན་ཁ་བརྒྱབ་ནས་ཧ་ཅང་ཛ་དྲག་ཏུ་གྱུར་ན་ལག་པ་ཡང་གཏུབ་དགོས་པ་དེ་འདྲ་ལ་ཐུག་གི་རེད་ཟེར། ངས་གློ་བུར་དུ་སྔོན་མ་རྒྱ་མོ་ཞིག་གིས་དཔེ་དེབ་སྒང་དུ་བྲིས་ཡོད་པའི་རབ་ཡིན་ན་རང་གིས་རང་ལ་བདག་པོ་ཡག་པོ་བརྒྱབ་ནས་ན་ཚ་གང་ཞིག་སྔོན་འགོག་བྱེད་རྒྱུའི་འདུ་ཤེས་ཡོད་རྒྱུ་གལ་ཆེན་རེད། དེ་མིན་ཁྱེད་རང་སྨན་ཁང་དུ་བསླེབས་ན་ན་ཚ་ཅི་ཡང་མེད་རུང་ན་ཚ་ཡོད་མཁན་ཞིག་ཏུ་འགྱུར་སྲིད་ལ་ན་ཚ་ཅུང་ཙམ་ཞིག་ལས་མེད་ཀྱང་ན་ཚ་ཛ་དྲག་ཅན་ཞིག་ཏུ་འགྱུར་སྲིད། ལོ་གཉིས་གསུམ་ལས་འཚོ་མི་ཐུབ་པའི་ནད་པ་ཛ་དྲག་ཅན་ཡིན་ཚེ་འཚོ་བཞུགས་ཀྱི་གོ་སྐབས་ཡོད་རབས་སོགས་བཤད་ནས་སྨན་བཅོས་སྣ་ཚོགས་བྱས་ཏེ་སྣོད་ཁུག་སྟོང་བ་དང་མིག་བཙུམ་རག་བར་དུ་ཁོང་ཚོས་ཕྱིར་མི་གཏོང་བ་ནི་དེང་སང་གི་སྨན་ཁང་མང་ཆེ་བའི་འགྲོ་ལུགས་ལྟ་བུ་ཞིག་ཏུ་གྱུར་ཡོད་རེད་ཅེས་བྲིས་འདུག་པ་དེ་ཡིད་ལ་འཁོར་བྱུང་། གང་ལྟར་ཁ་དཔེར་རྒྱལ་བོ་བྲེལ་བ་མ་ལངས་གོང་ལ་བློན་པོ་བྲེལ་བ་ལངས་ཟེར་བ་བཞིན་ངས་རྨ་ཁ་བཙེམ་གི་མིན་ལབ་དུས་ང་ལས་མོ་འཚབ་འཚུབ་གྱུར་སོང་། ངས་དགོད་ཞོར་དུ་མོ་ལ་ལག་པ་རླུང་འཁོར་ནང་དུ་ཤོར་ནས་སྐར་གསུམ་ཡས་མས་འགོར་མ་ཐག་ངས་རྨ་ཁའི་སྒང་ལ་ཆང་བླུགས་ནས་བཀྲུས་ཚར་ཡིན། ལྟོས་དང་ཁྲག་ཀྱང་དེ་ཙམ་བཞུར་གྱིན་མི་འདུག དེ་ནི་རྩ་ལ་གནོད་པའམ་རྩ་ཆེན་འདྲ་བཅད་མེད་པའི་རྟགས་ཡིན་པས་དེ་འདྲ་ཛ་དྲག་མ་བཤད་ལགས་ཞེས་བཤད་པ་ཡིན།
རྒྱ་མོ་དེ་ཁོང་ཁྲོ་ལངས་པའི་རྣམ་འགྱུར་ཞིག་གིས་མོས་ལག་ཏུ་བཟུང་བའི་དངོས་པོ་རྣམས་ངའི་མདུན་ན་ཡོད་པའི་ཅོག་ཙེ་དེའི་སྟེང་ཁྲོག་སེ་བཞག་རྗེས་སྐད་མགོ་ཅུང་མཐོ་རུ་བཏང་ནས་འདི་སྨན་ཁང་རེད། ཁྱོད་རང་སྨན་པ་མ་རེད། སྨན་ཁང་ནང་དུ་ཡོང་ན་སྨན་པའི་ཁར་ཉན་དགོས་པ་རེད། དེ་མིན་སྨན་ཁང་ནང་དུ་ཡོང་ནས་ག་རེ་བྱེད་ཟེར།
ང་འདིར་ཟླ་ཕོག་ལེན་ཐབས་བྱས་ནས་ཁྱོད་ཚོ་ནང་བཞིན་ཉི་མ་གཏོང་ཐབས་བྱེད་དུ་ཡོང་བ་མིན། སྨན་པའི་མིང་ཞིག་བླངས་ཡོད་ཚད་ལ་ཡིད་ཆེས་དང་སྨན་པ་དགའ་ཞིག་ཡིན་པའི་ངེས་པ་མེད། ཡང་གཅིག་བཤད་ན་ང་དང་ང་ལྟ་བུའི་ནད་པ་དག་མེད་ན་ཁྱོད་ཚོས་ཁ་ནང་དུ་མཛུབ་མོ་བཏང་ནས་འདུག་དགོས་པའི་གནས་ལུགས་དེ་ཙམ་ཀྱང་རྟོགས་ཀྱིན་མི་འདུག་གམ། ཕྱི་ལོགས་ན་ཡོད་པའི་ནད་པ་འདི་དག་ལ་སྒོར་མོ་བཀོལ་ས་མེད་པར་སྨན་ཁང་དུ་ཡོང་བ་མ་རེད། ལས་རྒྱུ་མེད་པར་ཉི་མ་མ་འཁྱོལ་ནས་སྨན་ཁང་ནང་དུ་ཡོང་བ་ཡང་མ་རེད། ཁོང་ཚོ་ཚང་མ་ལེ་བར་བརྒྱ་སྟོང་གི་ས་ནས་ཡར་མར་ཚང་མ་ལ་སྒོར་མོ་གཡར་ནས་ན་ཚ་མ་བཟོད་ནས་སྨན་ཁང་དུ་ཡོང་བ་རེད། ཁྱོད་ཚོའི་རྣམ་འགྱུར་ལ་ལྟོས་དང་སྨན་པ་ཟེར་བ་དེ་འདི་འདྲ་ཞིག་ཡིན་མིན་ངས་ཁྱེད་ཚོའི་ཡོན་ཀྲང་ལ་ཁ་པར་བཏང་ནས་འདྲི་ཟེར་བཞིན་ཁ་པར་ལག་ཏུ་བླངས་པ་ཡིན། དེ་ནས་སྐྱེས་པ་དེས་ཁ་བཏུམ་མར་བླངས་ནས་ཁྱེད་རང་གང་གི་ཡིན་ནམ་ཞེས་ཚུར་བོད་སྐད་བཤད་སོང་། ངས་ང་རྨ་ལྷོ་ཕྱོགས་ནས་ཡིན་ཞེས་བཤད། ཁོས་རབ་ཡིན་ན་བཙེམ་ན་ཡག་པོ་རེད། མི་བཙེམ་ཟེར་ན་ཁྱོད་ཀྱིས་ལྟོས། ཡིན་ན་ཡང་ཁྱེད་རང་འདི་གར་ཉི་མ་རེ་རེར་རྨ་ཁ་བཀྲུ་རུ་ཡོང་ན་ཡག་པོ་ཡོད་རབས་ཟེར་ཞོར་རྨ་ཁའི་གཡས་གཡོན་གྱི་ཁྲག་གཙང་མ་བཀྲུས་རྗེས་རས་དཀར་ཞིག་གིས་བཏུམས་སོང་། ངས་དེ་འགྲིག་གི་རེད་ཁྱེད་རང་ཁ་ཆེ་ཡིན་ནམ་ཞེས་བཤད་པ་ན། ཁོ་དགོད་ཞོར་ངས་བོད་སྐད་བཤད་བཞིན་ཡོད་པ་མི་ཤེས་སམ། ང་བོད་ཡིན་ཟེར། བོད་སྐད་བཤད་མཁན་ཚང་མ་བོད་ཡིན་པའི་ངེས་པ་ཡོད་མ་རེད། དཔའ་ལུང་དང་ཞུང་ཧྭ་༼ཡ་རྫི་༽ཕྱོགས་སུ་བོད་སྐད་བཤད་མཁན་ཧོས་ཧོས་མང་པོ་འདུག་ཅེས་སྨྲས། སྐབས་དེར་ཟ་ཁང་ནང་གི་མགོ་རས་ནག་པོ་དཀྲིས་པའི་ཁ་ཆེ་ཞབས་ཞུ་མ་དེའི་ལག་ཏུ་སྒོར་གསུམ་བརྒྱ་ཙམ་བཟུང་ནས་རྔུལ་ཆུ་དང་བཅས་དབུགས་རིང་ཞིག་ལེན་ཞོར། ཨ་ཅེ་ངས་ཁྱེད་རང་སྨན་ཁང་འདིའི་ནང་དུ་སོང་བ་རེད་བསམས་ནས་ཡུན་རིང་བཙལ་བ་ཡིན་ཟེར་ཞོར་ལག་ཏུ་བཟུང་ཡོད་པའི་སྒོར་དེ་ང་ལ་གཏད་སོང་། ཁོས་དེ་མཐོང་མ་ཐག་ཨ་ཅེ་ཁྱོད་རང་ཞུང་ཧྭ་ནས་ཡིན་ནམ་ཟེར།༼ཁ་ཆེ་རེད་ཅན་པོ་རེད།༽མིན། ང་ཕ་ཡུལ་གཅན་ཚ་ནས་ཡིན། བོད་ངོ་མ་ཞིག་ཡིན། ངས་ཁྱེད་རང་ཁ་ཆེ་ཡིན་ནམ་ཟེར་དོན་ནི་ཕྱི་ལོགས་ན་ཡོད་པའི་འབྲོག་པ་དེ་དང་རྒྱ་མོ་སྨན་པ་དེའི་བར་ཕན་ཚུན་གོ་བརྡ་མ་འཕྲོད་པར་དཀའ་ངལ་འཕྲད་ཀྱི་འདུག་མོད། ཁྱོད་ཀྱིས་ཚོར་མེད་ངང་མ་རིག་མ་གོ་ཁུལ་བྱས་ནས་དེ་གར་རྒྱ་མོ་དེ་གཉིས་དང་ཁ་བརྡ་བྱས་ནས་འདུག བོད་པ་ཞིག་ཡིན་ན་སྣང་ཚུལ་དེ་འདྲ་མཐོང་ན་ཁ་ཡ་མ་བྱས་པར་འདུག་ཐུབ་རྒྱུ་མ་རེད་བསམས་སོང་། དེ་བས་ད་ནི་ཁྱེད་རང་གིས་བོད་སྐད་བཤད་ཀྱང་བོད་སྐད་བཤད་ཤེས་པའི་ཁ་ཆེ་ཞིག་རེད་བསམས་དོན་དེ་ཡིན་ལབ་ཞོར་ཁ་ཆེའི་ཞབས་ཞུ་བུ་མོ་དེ་དང་ངེད་གཉིས་སྨན་ཁང་ནས་ཕྱི་ལ་བུད་ཡིན། སྨན་ཁང་གི་ཕྱི་རོལ་དུ་ཐོན་དུས་ངས་མོ་ལ་ཁྱེད་རང་༼ལིང་ཧྥིན༽ཕྱེ་འཁྱག་ལ་དགའ་བོ་ཡོད་དམ། མོས་ལོས་དགའ་ཡ་ཡུན་རིང་ཞིག་ལ་ཟོས་མེད་མོད། ཡིན་ན་ཡང་ཨ་ཅེ་ཁྱེད་ཀྱིས་སུར་པན་དང་སྒོག་པ་ཟོས་ན་ལག་པའི་སྟེང་རྨ་ཤུལ་འདུག་ན་ཐང་ཟེར། ངས་དགོད་ཞོར་དུ་མོའི་ལག་པའི་མཆན་འོག་ནས་འཇུས་ཏེ་དེས་ན་ད་ང་ལ་ཕྱེ་འཁྱག་འཐུང་རོགས་ལ་འགྲོ ངས་ནངས་ཇ་ཡང་འཐུང་མེད། ལྟོགས་བཞིན་འདུག་ཟེར་ཞོར་ལམ་གྱི་ཁ་གཏད་ན་ཡོད་པའི་ཟ་ཁང་དེའི་ཕྱོགས་སུ་ཕྱིན་པ་ཡིན། ངེད་གཉིས་སྨན་ཁང་གི་ཁ་གཏད་ན་ཧོས་མོ་སྤུན་གཉིས་ཀྱིས་ཕྱེས་པའི་ཕྱེ་འཁྱག་ཞིམ་པོ་ཟ་ས་དེར་འགྲོ་ཞོར་དུ། མོ་ལ་ངའི་ངོ་གདོང་སྙིང་རྗེ་མོ་ཡོད་པས་ཚང་མས་ངའི་ངོ་རིག་ན་ལག་པའི་སྟེང་གི་རྨ་ཤུལ་མཐོང་གི་མ་རེད་ཅེས་ཀུ་རེ་རྩེད་ཞོར་ཟ་མ་ཟོས་རྗེས་མོ་རང་ཟ་ཁང་དུ་ཕྱིན་སོང་། ང་རང་ཁྱིམ་དུ་ལོག་པ་ཡིན། ལྟོགས་དྲགས་པ་ཡིན་ནམ་གང་ལྟར་ཉིན་དེར་ཕྱེ་འཁྱག་དེ་ཞེ་དྲགས་ཞིམ་པོ་བྱུང་སོང་། ད་ལྟ་ཡིན་ན་ཡང་རྨ་ཤུལ་འདི་མཐོང་ཐེངས་རེར་ཁ་ཆེ་བུ་མོ་དེ་དང་ཚོང་ཁང་གི་རྒྱ་མོ་སྦྱིན་བདག་མ། ད་དུང་སྨན་ཁང་ནང་གི་བོད་པའི་གསར་བུ་དེ་ཚོའི་བྱ་སྤྱོད་རེ་རེ་བཞིན་ཡིད་ལ་འཁོར་དུས་སུར་པན་དང་སྒོག་པ་གཡེར་མ་གསུམ་མཉམ་དུ་བསྲེས་པའི་ཕྱེ་འཁྱག་ཟོས་པ་ལྟ་བུ་ཞིག་རེད།
མདོར་བསྡུས་བཤད་ན། ཕ་མའི་བརྩེ་བ་ནི་འགྱུར་མེད་རྟག་བརྟན་དང་། འགྲོ་བ་མི་ལ་མཚོན་ན་གལ་ཆེ་ཤོས་ཤེས་ཡོན་མིན་པར་མི་གཞིའི་ཀུན་སྤྱོད་ཡིན་པ་གོང་གསལ་གྱི་དོན་དག་ལས་ཤེས་སླ་སྟེ། མི་རིགས་མི་གཅིག་པ་དང་སྐད་ཡིག་མི་འདྲ་བ། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་མི་མཚུངས་པའི་རྒྱ་མོ་དང་ཧོས་མོ་ཟུང་ལ་མཚོན་ན་ཚོང་ལས་ངལ་རྩོལ་པ་ཡིན་ཡང་སྒོར་མོ་གཅིག་པོ་མི་བསམ་པར་མིའི་བདེ་སྡུག་ལ་དོ་ཁུར་བྱེད་པ་དེ་རེད། ཡང་སྨན་པ་དེ་ནི་གཞུང་ཞབས་ལས་བྱེད་ཡིན་པས་ཤེས་ཡོན་ལོས་ཡོད་མོད། ལས་ཚོགས་སུ་ཞུགས་པའི་སྐབས་སུ་ཡང་རང་དང་ཤ་རུས་གཅིག་པ་དང་སྐད་ཡིག་གཅིག་པའི་སྤུན་ཟླ་དག་གིས་སྐད་མ་ཤེས་པས་དཀའ་ངལ་འཕྲད་པ་དངོས་སུ་མཐོང་ན་ཚོར་བ་གང་ཡང་མེད་པར་རྒྱ་སྐད་ད་མ་ཏིག་ཅིག་བཤད་དེ་ང་རྒྱལ་གྱིས་བཟི་བ་དེ་རེད། ཁོ་མོ་ཡིད་སེམས་གཏིང་ནས་མི་འདི་ཚོ་ལ་ཞེན་པ་ལོག་སོང་། མི་རིགས་ཀྱི་ལར་ཞེན་མེད་ན་ཡང་རང་གི་ཁ་རྒྱབ་ལྟོ་གོས་ཀྱི་འཚོ་བ་འདི་ནས་འགྲོ་ཡི་ཡོད་པས་སྐབས་བབ་ལས་ཀ་ལ་འབད་དགོས་པ་ནི་འོས་འགན་ཉག་གཅིག་རེད་མོད། དུས་ཚོད་འགྲོ་ཐབས་དང་གླ་ཕོགས་ལེན་ཐབས་ཀྱིས་མི་ཚེའི་འཚོ་བ་ལ་བརྩོན་པ་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སོ།།
སྒྲོལ་མ་གཡང་སྐྱིད་ལགས་ཀྱིས་སྤྱི་ཚོགས་ཁྲོད་ཀྱི་འཚོ་བ་ངོ་མ་དྲང་མོར་བྲིས་འདུག ཧ་ཅང་ཡག་པོ་འདུག མུ་མཐུད་ནས་འབྲི་ཐུབ་ན་བཟང་གི
ང་རང་སྒྲུང་གི་རིགས་ལ་དགའ་ཡང་གེ་སེར་སྒྲུང་ལ་མི་དགའ། དངོས་བྱུང་གཏམ་བརྒྱུད་དག་ལ་དགའ་བས་འདི་མི་ཀློག་ཐབས་མེད་བྱུང་། བཅོས་སྒྲུང་དང་། བརྩམས་སྒྲུང་དང་། གནའ་སྒྲུང་དང་། ཐོས་སྒྲུང་དང་། ངག་སྒྲུང་དང་། མིང་གི་རྣམ་གྲངས་མཐའ་ཡས་མོད། འདི་དངོས་ཡོད་ཡིན་མིན་གང་ལྟར་རུང་སྙན་པོ་ཞིག་བྲིས་འདུག་བསམ་སོང་།
༼ལིང་ཧྥིན༽ཕྱེ་འཁྱག
གྲང་ཐུག་ཡིན་ནམ།
སུར་པན་དང་སྒོག་པ
བསིལ་ཕན་ཡིན་ནམ།
ཀློག་བདེ་ལ་ཚིག་སྦྱོར་ལེགས་པའི་སྒྲུང་ཞིག་རེད་ཅེས་ལབ་ཆོག་པ་འདྲ།
ཞི་མོ་འདིས་རྩོམ་ཡག་པོ་འབྲི་ནི་རེད། ཡིན་ཡང་མང་པོ་མི་འབྲི
ཞི་མོ་འདི་ཧ་ལས་བས་མཛེས་མ་ཡོད་ནི་རེད། གང་ལྟར་ཞི་མོ་འདིས་ཅི་ཞིག་ལས་ཀྱང་མི་བ་ཟེར་བ་ཟིག་མེད།
དངོས་སྒྲུང་གི་རྩོམ་ཡག་པོ་ཞིག་བྲིས་འདུག ལག་ཆུང་སྙིང་ལ་རྗེ་མོ་དེ་ཕག་སུག་དང་འདྲ་བོ་གྱུར་པ་དངོས་ནས་མ་ཧྲ་གི
ཡག་པོ་བྲིས་འདུག དེ་ཙམ་མཛེས་མ་ཞིག་ཡིན་ཚེ་ངས་མོརསྨན་རིན་སྤྲད་ནས་མོའི་ལག་པ་སྔར་བཞིན་གསོ་གི་ཡིན། །
ཞིབ་ཚགས་བྲིས་འདུག རྒྱུན་རིང་ཁ་བརྡ་ནང་སླེབས་ཐུབ་མ་སོང་། རྩོམ་ཡིག་འདིས་ཁ་བརྡ་ནང་སླར་ཡང་་་་་་