འགར་ཚེ་རྒྱལ་གྱིས།
——–འགྲུལ་བཞུད་ཀྱི་ལམ་ནས་རྙེད་པའི་ཚོར་འདུ་ཐན་ཐུན།
འགྲོ་ཐུབ་པ་ནས་རྐང་རྗེས་ཁ་བར་ཕབ་པའི་ཕ་ཡུལ་ལས་བུད་དེ་བཞུད་འགྲོ་བའི་ཉི་མ་དེར།
ཆུང་དུས་ནས་འདྲིས་ཤིང་གོམས་པའི་རྩྭ་ཐང་གི་པང་ཁ་ན་བཞད་པའི་སྤང་རྒྱན་མེ་ཏོག
དབྱར་གཞུང་གི་མཛེས་སྡུག་ནས་འཐུ་རོགས་བྱེད་པའི་བྱིས་པ་དེ་ཚོ།
དེ་ཚོ་རེ་རེ་བཞིན་དྲན་འོང་དུས།
ངས་མཐའ་མཇུག་ཏུ་བཏུས་པའི་སྤང་རྒྱན་མེ་ཏོག་གི་ཚོམ་བུ་འགའ་སྙིམ་པར་བཅངས་ཏེ།
རླངས་འཁོར་ལ་འབུད་ཁའི་གཞུང་ལམ་གྱི་འགྲམ་ཟུར་ནས་ཕྱིར་མིག་གིས།
ཕ་ཡུལ་གྱི་རི་ལུང་ལ་གྱེས་བྲལ་གྱི་མིག་ཆུ་གཏོར་བཞིན་བཞུད།
ཕོ་བྲང་པོ་ཏ་ལའི་དབུ་རྩེ་གྲོང་ཁྱེར་གྱི་ཟེ་བ་བཞིན་བརྗིད་ཉམས་ཀྱིས་མངོན།
བཙན་པོ་ཚོས་ཞབས་འོག་ལ་མནན་མྱོང་བའི་ཉི་མ་ལྷ་སའི་ངོ་སོ།
སྐྱ་ཐིང་ཐིང་ཐལ་རྡུལ་གྱི་ཀློང་ན་གཉེར་རིས་ཀྱིས་ཚོས་པའི་རྒས་འཁོགས་ཚོའི་ངོ་གདོང་བཞིན་གསལ།
སྔོན་ཆད་གནས་འདི་ནས་ཨ་རིག་གླེན་པས་ལྷ་སའི་ཇོ་བོར་སག་ལྷམ་གོན་པའི་གཏམ་རྒྱུད་དེ་དག
ད་དུང༌། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་གསང་བ་མོད་པོ།
ལྷ་སའི་གླིང་གི་བུ་མོའི་ཚོའི་ལག་ཏུ་གཏོར་བའི་མཚར་སྒྲུང་རེ་རེ།
དེ་དག་རེ་རེ་བཞིན་དྲན་འོང་དུས།
ངས་འགྲོ་ཁར་གཙུག་ལག་ཁང་གི་བར་སྐོར་ནས་ཉོས་པའི་དྭངས་གཙང་གི་ཁ་བཏགས་ཡུག་གཅིག་ལག་ཟུང་གིས་བཏེགས་ཏེ།
ས་སྲོད་ཀྱི་སྐྱིད་ཆུའི་འགྲམ་ངོགས་ནས་ཕྱིར་མིག་གིས།
བཙན་པོའི་གནའ་མཁར་ལ་གྱེས་ཚིག་སྒྲོགས་བཞིན་བཞུད།
རྫོགས་མཐའ་མེད་པའི་ཕ་ཡུལ་གྱི་རི་ལུང་བརྒལ་ཏེ་ལྷོ་ནས་ལྷོ་རུ་བཙན་གྱིས་བཞུད།
སྐྱེས་དུས་ནས་ཐོས་མྱོང་བའི་ཡར་ལྷ་ཤམ་པོ་དང་ཇོ་མོ་གླང་མའི་དབུ་སྟོད་སྤྲིན་དཀར་གྱིས་དཀྲིས་ནས།
ང་དང་ངའི་འཁྲིས་ན་ཁ་བ་རྔམ་གྱིས་འགམ་མཁན་ཚོར་རྒྱང་བལྟ་བྱེད་བཞིན་མཆིས།
བྱིས་དུས་ནས་ཁ་བའི་འདབ་མ་གོས་སུ་གྱོན་རྫ་ཆུའི་འབབ་རྒྱུན་སྐོམ་དུ་བཏུང་མྱོང་བའི་སྤྲོ་སྣང་དེ།
ཁ་བ་ཁམ་གང་འགམ་ཞོར་རེ་རེ་བཞིན་དྲན་འོང་དུས།
ངས་ཆེས་མཐའ་མཇུག་ཏུ་སྙོབས་འཛིན་བྱས་པའི་ཁ་བ་སྤར་མོ་གང་བྲང་གཞུང་ལ་ཡང་ཡང་གླན་བཞིན་དགུང་ལ་མཆོད་དེ།
ཁ་བའི་ཁྲོད་ལྷོ་ནས་ལྷོ་རུ་འཐེན་པའི་རྐང་ལམ་གྱ་གྱུ་དེའི་འགྲམ་ནས་ཕྱིར་མིག་གིས།
ཕ་ཡུལ་གྱི་གངས་རི་ལ་གྱེས་ཕྱག་ཕུལ་བཞིན་བཞུད།
གྲོགས་པོ་འགར་ལགས། ཁྱེད་ཀྱིས་ད་ལྟ་སྤྱོད་བཞིན་འབྱུང་འགྱུར་ལ་མི་ཕྱོགས་པར། འདས་དོན་ལ་བསམ་གཞིགས་བྱེད་དགོས་དོན་ཅི་ཡིན། འདས་པ་ནི་མི་ཚེའི་ན་ཚོད་ཀྱི་མེ་ཏོག་འཆར་བཞིན་པའི་དུས་ལ་སོང། ཡོད་ཚད་ཀྱི་ཡོད་ཚད་ཐམས་ཅད་དབྱར་གྱི་དཔལ་ཡོན་ལྟར་ཡིན་པས་། ད་གཟོད་དེར་ཕྱིར་དྲན་རེ་བྱས་ཚེ། ཁྱེད་ཉིད་སྐྱོད་བཞིན་པའི་ལམ་བུ་ལ་སྤྲོ་སྣང་ཞིག་གང་ནས་འོང།
འདས་དོན་ནི་ད་ལྟ་དང་མ་འོངས་པའི་ཁ་ཕྱོགས་ལ་དཔྱད་ཞིབ་བྱེད་སྤྱོད་ཀྱི་ཡིག་ཆ་ལྟ་བུ་ཡིན།
སྐབས་རེ་འདུས་དོན་ཀྱིས་ད་ལྟའི་གནས་བབ་ལ་སྟོབས་ཤུགས་བསྐྱེད་ཐུབ་ལ། སྐབས་རེ་མ་འོངས་པའི་ཕུགས་འདུན་ལ་བློ་རྒྱ་བསྐྱེད་ཐུབ་ཅེས་གཏམ་ལན་མདོར་དྲིལ་འདིས་འཐུས་པར་འཚལ།
ང་ལ་མཚོན་ན་དུས་ཚོད་ནི་གསེར་ལྟ་བུ་ཡིན།
ཉིད་ཀྱི་ཕ་ཡུལ་དང་གྱེས་ཁའི་ཚོར་བ་དེ་འདྲ་ཞིག་ང་ལ་ཡང་བྱུང་སོང་། དགོང་མོ་དེ་དང་ཞོགས་པ་དེར་ཕ་ཡུལ་གྱི་རི་ཆུ་རྩྭ་གསུམ་དང་མི་ཕྱུགས་ནམ་མཁའ་སོགས་ལ་བཅོས་མིན་གྱི་བརྩེ་དུང་ཞིག་སྐྱེས་སོང་།
གཞིས་བཞུགས་རང་ཡུལ་ཕྱིར་མིག་བལྟས། །
བྱེ་པས་གཞན་ཡུལ་ཕྱིར་མིག་བལྟས། །
ཕྱིར་མིག་ལྟ་ཐེངས་ང་གཅིག་བལྟས། །
གསར་རྙིང་ཕར་ཚུར་ཕྱིར་མིག་བལྟས། །
ཕྱིར་མིག་བལྟས་པས་དགོས་དོན་དེ། །
ལེགས་དང་ཉེས་པ་གང་བྱས་ལྟོས། །
ཉེས་པ་གང་བྱས་འགྱོད་བཤགས་དང་། །
ལེགས་པ་གང་ཐུབ་སྔར་ལྷག་དགོས། །
གྲོགས་པོ་འགར་ལགས། ཁྱེད་ཀྱིས་གསུངས་པ་དེ་ཡང་དངོས་གནས་རེད། འདས་དོན་མྱོང་བའི་རྩིག་རྨང་ལ་མི་ལྟོས་པར་རྒྱལ་ཁང་གསར་པ་ཞིག་བཞེངས་དགོས་ཟེར་ན་ཧམ་གཏམ་ལྟ་བུ་ཞིག་རེད། འོན་ཀྱང་དེང་སང་སྤྱི་ཚོགས་ཀྱི་འཕོ་འགྱུར་ལ་བརྟག་ན། འབྱུང་འགྱུར་གྱི་འགྱུར་རིམ་ལ་ལྟོས་ནས་རྩིས་རྒྱག་བཞིན་མི་ཚཻའི་མདུན་ལམ་ཐག་གཅོད་བྱེད་དགོས་པའི་དུས་ལ་སླེབས་མི་འདུག་གམ།
དེ་ཡང་སྡོམ་ནས་བཤད་ན་འདས་མ་ད་གསུམ་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་གི་ཚུལ་ཅན་ཞིག་རེད། སྤྱིར་ད་ལྟ་འབྱུང་འགྱུར་ལ་ལྟོས་ནས་ཐག་གཅོད་པ་ནི་ཐེ་ཚོམ་དང་ཚོད་དཔག་གི་ངོས་ཤིག་ཡིན་སྟབས་ཡིད་གཏད་བློ་འཁེལ་རྒྱུ་ཁག་པོ་རེད། འོན་ཏང་ད་ལྟའི་གནས་སྐབས་མ་འོངས་པའི་སྐབས་ཤིག་ན་འདས་པ་ཡིན་པས། ད་ལྟའི་གནས་སྐབས་འབྱུང་འགྱུར་ལ་བལྟས་ནས་སྒྲུབ་དོན་གང་ཞིག་མ་འོངས་པའི་སྐབས་དེར་ལེགས་ཉེས་དབྱེ་བཀར་གྱི་ཕྱིར་བལྟས་བྱེད་ས་ཞིག་ཏུ་གྱུར་ཡོད་ཟེར་ནའང་མི་ཆོག་པ་ཆེར་མེད་ལགས།
གྲོགས་པོ་ལགས། ཁྱེད་རང་གིས་སྤྱིར་ད་ལྟ་འབྱུང་འགྱུར་ལ་ལྟོས་ནས་ཐག་གཅོད་པ་ནི་ཐེ་ཚོམ་དང་ཚོད་དཔག་གི་ངོས་ཤིག་ཡིན་སྟབས་ཡིད་གཏད་བློ་འཁེལ་རྒྱུ་ཁག་པོ་རེད། ཟེར་བ་འདི་དངོས་གནས་བདེན་པ་རེད། འོན་ཀྱང་ངས་མིའི་མི་ཚེ་འབྱུང་འགྱུར་ལ་ལྟོས་ནས་བསྐྱལ་དགོས་སྟབས། འབྱུང་འགྱུར་སྤྱི་ཚོགས་འཕོ་འགྱུར་ལ་ལྟོས་ནས་འཆར་གཞི་སྒྲིག་དགོས་ངེས་རེད་ཅེས་བཤད་པ་ཙམ་ཡིན།
འཚངས་དབྱངས་རྒྱ་མཚོས་ལོ་རྒྱུས་ཀྱིས་སྙན་ངག་བྲིས་པའི་ཞོགས་པ་དེར། ཁ་བ་ལྷབ་ལྷུབ་བབ་བཞིན་པའི་ནམ་མཁའ་ནས་ཡིད་དབང་འཕྲོག་པའི་ལྷ་མོ་ཞིག་མངོན་པར་བྱོན། འདི་ནི་འདས་དོན་གྱི་ཡོད་ཚད་གཟི་བརྗིད་དུ་འཇོག་པའི་ལས་བསྐལ་བཟང་པོ་ཞིག་གི་སྔོན་བརྡ་ཡིན།