(ཆེས་སྔགས་པར་འོས་པའི་བསམ་སྤྱོད་ལེགས་པོ་ནི་འཇིགས་པ་མེད་པ་དེའོ།)
ཉི་ཚེ། (尼采)
བུད་དྷ།(སི་ཁྲོན།)
༡ ཕྱིར་དྲན་ལ་ན་ཟུག་གིས་ཁེངས་པའི་ཟླ་གསུམ་པ།
ཉིས་སྟོང་བརྒྱད་ལོའི་ཟླ་གསུམ་པ་ནི་འཛམ་གླིང་ལ་མཚོན་ན་མིག་ཟུང་ཧྲིག་གེར་བལྟ་དགོས་པའི་དུས་ཚིགས་ཁྱད་པར་བ་ཞིག་རེད། གསུམ་པའི་བཅུ་བཞིའི་ཉིན་སྟོད་ཉི་མ་ལྷ་ས་ནས་མི་སེར་གཙོ་བྱས་པའི་མང་ཚོགས་ཡར་ལངས་ནས་ཁྲོམ་བསྐོར་བྱས། ཆུ་ལ་རྡོ་འཕངས་པ་ཇི་བཞིན་བསྟུན་མར་བོད་ཀྱི་ས་ཆ་མང་པོ་རུ་གཅིག་རྗེས་གཉིས་མཐུད་ངང་ངོ་བོ་དང་རྣམ་པ་འདྲ་བའི་ཁྲོམ་སྐོར་གང་མང་བྱས།
རང་ཡུལ་ཨ་མདོ་ལ་མཚོན་ན་གསུམ་པའི་བཅུ་དྲུག་སྔོན་གྱི་ཉི་མ་ཁ་ཤས་རིང་མེ་མདའ་དང་ད་དུང་མིང་ཡང་འབོད་མི་ཤེས་པའི་མཚོན་ཆ་མང་པོ་ཐོགས་པའི་དམག་མི་མང་པོས་རྫིག་རྫིག་ངང་དམག་ངོམས་བྱེད་ཅིང་བསྟར་ཕྲེང་བསྒྲིགས་ཏེ་ཚོང་རའི་ཡང་སྣེ་མར་སྣེ་སོགས་ཉུལ་ནས་སྐད་བསེང་མཐོན་པོས་འབོད་ཚིག་འདོན་གྱིན་ཉིན་མཚན་དབྱེར་མེད་ཀྱིས་དོགས་ཟོན་དང་མེལ་ཚེ་བྱེད་ཁུལ་བྱས།
གསུམ་པའི་བཅུ་དྲུག་ཉིན་མི་སེར་དང་གྲྭ་བ་གཉིས་ཀྱིས་གྲུབ་པའི་མི་ཚོགས་ཤིག་ཀིརྟི་དགོན་གྱི་ལམ་མདོ་(ཚོང་རའི་ལྷོ་ལམ་དང་ཆ་ཐང་ལམ་གྱི་བསྣོལ་མཚམས)ནས་མགོ་བརྩམས་ཏེ་ཁྲོམ་བསྐོར་བྱས། ཡིན་ཡང་སྲིད་གཞུང་གིས་དེ་ནི་བརྡུང་གཏོར་འཕྲོག་སྲེག་བྱེད་པ་ཁོ་ན་ཙམ་དུ་ངོས་འཛིན་བྱེད་རྒྱུ་ཡོད་པ་མ་ཟད་མིང་ངན་དེ་བོད་ཁ་བ་ཅན་ལ་དཀྲི་འདོད་པ་ནི་ཆེས་ཆེ་བའི་ནོར་བ་ཞིག་རེད། དཔེར་ན་ལྷ་སའི་སུམ་གཅིག་བཞི་བརྡུང་གཏོར་འཕྲོག་སྲེག་གི་དོན་རྐྱེན་དང་རྔ་བའི་སུམ་གཅིག་དྲུག་བརྡུང་གཏོར་འཕྲོག་སྲེག་གི་དོན་རྐྱེན་སོགས་ངོ་བོ་གཞན་ཞིག་ཏུ་བསྒྱུར་རྩིས་བྱེད་པའི་མིང་ངན་བཏགས་པའི་དམིགས་ཡུལ་ནི་བཤད་མི་དགོས་པར་ལྷིང་ལ་བུད་འདུག གལ་སྲིད་སྲིད་གཞུང་ཞིག་ལ་ངོ་རྒོལ་བྱེད་ཚེ་དེས་སྐྲུན་པའི་ཅ་ལག་སོགས་བཅག་པ་དང་སྲེག་པ་ནི་མི་འོས་པའམ་མི་ཆོག་པ་ཞིག་ཡིན་ན། རྒྱ་ནག་གི་ལོ་རྒྱུས་ཐོག་ལས་འགུལ་མང་པོའི་སྐབས་སུ་སློབ་མ་གཙོ་བྱས་པའི་མི་ཚོགས་ཀྱིས་ཕྱིའི་རྒྱལ་ཁབ་སོགས་ཀྱི་ཐོན་རྫས་སྤུངས་པ་རི་བོ་འདྲ་རེ་མེ་ལྕེ་ཞིག་གི་ངར་ལ་སྐུལ་བ་མི་ཡིན་ནམ། ཀྲུང་གོ་གསར་བ་ཚུགས་ཕྱིན་ལོ་རྒྱུས་ཀྱི་ནད་རྙིང་སེམས་ནས་མ་བརྗེད་པའི་མི་མང་པོས་རང་རྒྱལ་དང་འཇར་པན་གཉིས་ཀྱི་འབྲེལ་བ་ལ་ཉེན་ཁ་བྱུང་བའི་སྐབས་དང་སྐབས་སུ་འཇར་པན་པའི་ཚོང་ཁང་དང་གཞུང་ཚབ་ཁང་སོགས་ལ་རྒོལ་བ་བྱེད་པ་ལ་ཐེངས་འདི་འདྲ་བའི་སྐྱོན་བརྗོད་དང་ངན་མཚང་མི་འབྲུ་དགོས་དོན་ཅི། གལ་སྲིད་ཐེངས་འདིའི་ཁྲོམ་བསྐོར་གྱི་དམིགས་ཡུལ་གཙོ་བོ་ནི་བརྡུང་གཏོར་འཕྲོག་སྲེག་བྱེད་པ་ཡིན་ན་ཤུགས་ནས་བོད་མིའི་འཚོ་བའི་ཆུ་ཚད་ཧ་ཅང་ཞན་པོ་ཡིན་པ་ཡང་བདེན་དཔང་བྱས་སོང་། དེ་ལྟར་ཡིན་ཚེ་བོད་མིའི་འཚོ་བ་ནི་གནམ་ས་མགོ་རྟིང་བརྗེས་པ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད་ཟེར་བ་དེའང་རྫུན་གཏམ་ཞིག་ཏུ་གྱུར་སོང་པ་མ་ཡིན་ནམ།
སུམ་གཅིག་དྲུག་ལས་འགུལ་གྱི་རྗེས་སུ་དམག་མི་ཧ་ཅང་མང་པོ་ཐོན་ཏེ་ལམ་གྱི་དཀྱོགས་མགོ་རེ་རེར་སོ་ཁང་རེ་རེ་བརྒྱབ་སྟེ་འགྲོ་འོང་གི་མི་རྣམས་ལ་ཞིབ་བཤེར་བྱས། དམག་མི་རྣམས་ཀྱིས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་གྲྭ་ཤག་རེ་རེ་སློག་ཅིང་ལྷ་ཁང་ནང་ནས་མེ་མདའ་མི་ཉུང་བ་ལག་ལ་སོན་ཡོད་ཅེས་བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་ཐོག་ལ་བཀོད་ནས། འདི་ནི་སངས་རྒྱས་ཀྱི་དགོངས་པ་དང་འགལ་སོང་སོགས་ཆེན་པོ་ཆེན་པོ་ཞིག་བཤད་ཀྱི་འདུག དོན་དུ་འདི་ནི་སྐྱོ་དགོས་པ་ཞིག་རེད་ལ་ཁོང་ཁྲོ་ལངས་འོས་པ་ཞིག་ཀྱང་རེད། སྐྱོ་དགོས་པ་ནི་བོད་དང་རྒྱ་མི་རིགས་གཉིས་ལོ་རྒྱུས་ཐོག་ནས་བཟུང་ཁྱིམ་མཚེས་རེད། ཁྱིམ་མཚེས་ཀྱི་འབྲེལ་བ་གནའ་ནས་ད་བར་དུ་རྒྱུན་བསྐྱངས་ནས་ཡོང་བ་རེད། ཀྲུང་གོ་གསར་བ་ཚུགས་རྗེས་བོད་ཀྱང་མི་རིགས་ལྔ་བཅུ་ང་དྲུག་ལས་ནང་གསེས་གྱི་གཅིག་ཡིན་པ་བྱས་ཏེ་དུས་རབས་ཕྱེད་ནི་འགོར་ཟིན། དེས་ན་ལོ་རྒྱུས་ཀྱི་དེ་འདྲ་རིང་བའི་ཆ་ནས། ཕན་ཚུན་ཁྱིམ་མཚེས་བྱས་ཏེ་ལོ་ངོ་སྟོང་ཕྲག་མང་པོ་འགོར་སོང་བའི་དེ་རིང་ད་དུང་བོད་ཡུལ་ནི་ཆོས་ལྡན་ཀྱི་ཡུལ་དང་བོད་མི་ནི་ཆོས་དད་ཀྱི་མི་རིགས་ཤིག་ཡིན་པ་ཧ་མ་གོ་བ་ཡིན་ནམ། དགོན་པ་ནི་མི་བུ་རླབས་པོ་ཆེ་སྟོན་པ་ཤྭཀྱ་ཐུབ་པ་དང་གཤེན་རབ་མི་བོ་ཆེ་སོགས་མིའི་རིགས་ལ་ཞི་བདེའི་འོད་སྣང་བསྩལ་བའི་སྔོན་བྱོན་དམ་པ་དག་གི་དགོངས་པ་ལ་འཆད་ཉན་དང་མནོ་བསམ་གཏོང་ཡུལ་ཏེ་འགྲོ་བ་མིའི་རིགས་ལ་སེམས་ཀྱི་བདེ་སྐྱིད་དང་མཐར་ཐུག་གི་བདེ་བ་འཚོལ་བྱེད་ཀྱི་ལྡེ་མིག་ལྟ་བུ་ཡིན་པས། དེའི་ནང་ནས་མ་རུང་རྩིང་སྤྱོད་སྤེལ་བ་ནི་སེམས་རྒྱུད་ལ་ཞི་བདེའི་དབུགས་རྒྱུན་ཙམ་ཡང་མེད་པའི་བསམ་བློ་དང་ཕན་ཚུན་བརྩི་འཇོག་གི་ལྟ་ཚུལ་མེད་པའི་རང་གཤིས་ངན་པ་ཕྱིར་མངོན་པ་ལས་ཅི་ཡང་མིན་ནོ། ཁོང་ཁྲོ་ལངས་པ་ནི་དགོན་པའི་ནང་ལ་དམག་བརྒྱུགས་པ་དང་ལྷ་ཁང་ནང་ན་རྩན་ཡོད་པའི་མཆོན་ཆ་སོགས་རང་འགར་བླངས་ཤིང་བསམ་བསམ་དུ་འགྲེལ་ལོག་རྒྱག་པ་ནི་མི་རིགས་འདིའི་དད་འདུན་སྣང་མེད་ཀྱི་རྡོག་འོག་ཏུ་མནན་པ་མ་ཡིན་ནམ།
འཇིག་རྟེན་པའི་ལྷ་ནི་བཙན་པོ་དང་གཉན་པོ་ཡིན་པ་མངོན་ཕྱིར་དང་ཡང་ན་གཅན་གཟན་རི་དྭགས་མི་ལ་སོགས་པའི་ཚེ་སྲོག་ལེན་མྱོང་བའི་ལག་དམར་གྱིས་རང་གི་ཉེས་པ་བཤགས་པ་དང་ངོས་ལེན་ཐོབ་ནས། ཕྱིན་ཆད་དེ་འདྲ་མི་བྱེད་པའི་སེམས་ཀྱི་དམ་བཅའ་བཤག་སྟེ་མདའ་བོའུ་ལག་ཆ་སོགས་ལྷ་ཁང་ནང་ལ་རྩན་པ་ནི་ཆུང་ཆུང་བྱིས་པ་ཡིན་ཡང་གོ་བའི་གནས་ལུགས་ཤིག་རེད།
འཇིག་རྟེན་པའི་སྲུང་མའི་ལྷ་ཁང་དུ་མཚོན་ཆ་རྩན་པ་ནི་བོད་རྐྱང་རྐྱང་མ་ཡིན་པར་རྒྱ་མི་རིགས་ལའང་དེའི་སྲོལ་རྒྱུན་ཡོད། ཁོ་ཚོས་འབོད་པའི་སྲུང་མ་ཀོན་ཡས(关羽)ཀྱི་ལག་ལ་སྤུ་གྲི་ཡུ་རིང་(偃月弯刀)བཟུང་ཡོད་པ་མ་ཡིན་ནམ། གལ་སྲིད་འཇིག་རྟེན་པའི་སྲུང་མའི་ལྷ་ཁང་དུ་མཚོན་ཆ་ཡོད་པ་ཙམ་གྱི་དེ་ནི་མ་རུང་གཏུམ་སྤྱོད་ཀྱི་མཚོན་བྱེད་དུ་འགྲོ་ན་ཀོན་ཡས་ཀྱང་རྒྱལ་ཁང་འདིའི་ཁྲིམས་ལ་ཐོགས་སོང་། རྒྱ་ནག་གི་དགོན་པ་དག་ན་གྲྭ་བ་ཚོས་དྲག་རྩལ་བསླབ་སྟེ་མཚོན་ཆ་འདྲ་མིན་དགོན་ནང་དུ་ཉར་ཚགས་བྱེད་པ་དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་དགོངས་པ་དང་འགལ་བ་མ་ཡིན་ནམ། མདོར་ན་སྐད་ཆ་འདི་ནི་གནས་ལུགས་བརྩི་བ་དང་རྒྱུ་འབྲས་བློ་མིག་ཡོད་པ་ཞིག་ལ་རྒྱུ་མཚན་ཙམ་དུ་ཟད་མོད་ཀྱང་དེ་ལས་ལྡོག་པའི་མི་ཡིན་ཚེ་འདི་ནི་ཕན་ཚུན་འདྲ་འདྲ་ཡིན་པའི་ངང་ནས་ཁྱོད་ཀྱི་ཐོག་ལ་རང་སྐྱོན་བཙུགས་པ་ཡིན།
བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་ཐོག་ཏུ་ཀྲུང་གོ་རྒྱལ་ཁབ་སྟོབས་ལྡན་དུ་འཕེལ་བ་དང་བོད་མི་རིགས་ཀྱི་འཚོ་བ་ཡར་རྒྱས་འགྲོ་བར་བཀག་རྐྱེན་དང་འགོག་རྒོལ་བྱེད་ཕྱིར་ཁྲོམ་བསྐོར་བྱས་པ་ཡིན་ཟེར། གལ་སྲིད་བཤད་ཚུལ་འདི་བདེན་པ་ཡིན་པའི་དབང་ཏུ་བཏང་ན། དྲི་བ་ཞིག་ངང་ངམ་ཤུགས་ཀྱི་མི་བཏོན་ཀ་མེད་ཡིན་སོང་། གལ་སྲིད་བོད་མིའི་འཚོ་བ་ངོ་མ་ཡར་རྒྱས་ཡོང་བ་ཡིན་ན་བོད་མི་རང་ཉིད་བློ་མི་བདེ་བར་དེ་ལ་བཀག་རྐྱེན་བཟོ་དགོས་དོན་ཅི་ཡིན། གལ་སྲིད་བོད་མིའི་འཚོ་བ་ཡར་རྒྱས་ཡིན་ན་ཁྲོམ་བསྐོར་བྱེད་མཁན་བོད་མི་རྐྱང་རྐྱང་ཡིན་པས། ཁོ་ཚོས་“བདེ་སྐྱིད་ཀྱི་འཚོ་བ་”མི་རོལ་བར་འཇིགས་ཉེན་གདོང་གིས་བསུ་དོན་ཅི། གལ་སྲིད་དུས་རབས་ཕྱེད་ཙམ་སྔོན་གྱི་འཚོ་བའི་ཆ་རྐྱེན་དང་དེང་གི་ཆུ་ཚད་གཉིས་བསྡུར་བ་ལས་ཡར་རྒྱས་སྤུ་རྩེ་ཙམ་ཡོད་པས་ཡར་རྒྱས་ཡིན་ཟེར་ན། བོད་ས་དང་རྒྱ་ནང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་མྱུར་ཚད་ནི་དེ་འདྲའི་དོ་མི་མཉམ་པའི་རྒྱུ་མཚན་ཅི།
འཇར་རྒོལ་དམག་འཁྲུག་གི་སྐབས་སུ་འཛམ་གླིང་ཡོངས་ཀྱིས་ན་ཙི་དང་ཧྥ་ཤི་སིར་སྟོབས་ཤུགས་གཅིག་སྒྲིལ་ཀྱིས་རྒོལ་བ་བྱེད་པའི་མཐུན་རྐྱེན་ཆེན་པོའི་འོག་དང་སྒོས་སུ་རྒྱ་མི་རིགས་རང་གི་འབད་པ་ལ་རྟེན་ནས་འཇར་དམག་ལས་རྣམ་པར་རྒྱལ། འོ་ན་འཇར་པན་གྱི་སྟོབས་ཤུགས་ཀྲུང་ གོའི་ས་ཆ་མང་ཆེ་བར་ཁྱབ་སྟེ་ཡ་གླིང་ཤར་མའི་མཉམ་སྐྱིད་ས་ཁུལ་ཆེན་མོ་ཞེས་མིང་བཏགས་ཏེ་ཉི་ཧོང་བ་དང་རྒྱ་ནག་པ་མཉམ་སྐྱིད་མཉམ་སྡུག་ཡིན་ཞེས་དྲིལ་བསྒྲགས་བྱེད་སྐབས་ཁྱོད་ཚོས་ཀྱང་ངན་ངོན་གྱི་འཚོ་བ་རོལ་ལ་བཏུབ་པ་དང་སེམས་ཀྱི་སྡུག་བསྔལ་མ་བཟོད་པས་ཡར་ལངས་ནས་རྒོལ་བ་སྤྲད་པ་མ་ཡིན་ནམ། མན་ཆིང་རྒྱལ་རབས་ཀྱི་སྐབས་སུ་མན་ཇུ་དམག་གིས་ཀྲུང་ཡོན་(中原)ས་ཁུལ་མངའ་དབང་བསྒྱུར་བའི་ལོ་རྒྱུས་རིང་མོའི་ནང་རྒྱ་མི་རིགས་ཀྱི་འཚོ་བ་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡིན་པ་རྒྱའི་ལོ་རྒྱུས་སྨྲ་བ་མང་པོའི་གསུང་བཤད་ཀྱིས་དེན་དཔང་བྱས་ཡོད། འོ་ན་འཚོ་བ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡིན་རུང་ད་དུང་མན་ཆིང་སྲིད་གཞུང་ལ་མཐའ་གཅིག་ཏུ་རྒོལ་བ་བྱེད་དགོས་དོན་ཅི། དོན་དུ་འདི་དག་གི་སྒུལ་ཤུགས་ནི་རིགས་ཞེན་དང་ལ་རྒྱ། རྒྱལ་གཅེས་དང་བདེ་སྐྱིད་ཀྱི་ཆེད་དུ་ཡིན་ནོ།
སུམ་གཅིག་དྲུག་གི་སྐབས་སུ་ཨ་མདོ་རྔ་བ་ནས་མཐོང་ན་ཤ་སྐྱི་འདར་ཞིང་ཐོས་ན་བློ་ཡིད་མི་བདེ་བའི་དོན་དག་མང་བོ་བྱུང་སོང་། (རྐྱེན་མང་པོ་ཞིག་གིས་གསལ་བོ་ཤེས་ཐབས་བྲལ་)ཡིན་ཡང་བརྙན་འཕྲིན་དང་ཚགས་པར་སོགས་ཀྱི་ཐོག་ལ་དོན་རྐྱེན་དེའི་ཕྱོགས་ཙམ་ཡང་གླེང་མ་སོང་། དེ་ལས་ལྡོག་པར་བོད་མིའི་གཏུམ་དྲག་དང་ཡ་ང་བའི་སྤྱོད་པའི་མདུན་ནས་མི་དམངས་བཅིང་གྲོལ་དམག་དང་ཉེན་རྟོག་པ་སོགས་ཀྱིས་རང་སྲོག་ལ་མ་འཛེམ་པར་རྒྱལ་ཁབ་དང་མི་རྣམས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་ཆེད་དུ་རང་སྲོག་བློས་བཏང་བ་དང་རྨས་སྐྱོན་ཐེབས་སོང་ཞེས་བརྙན་དུ་ཕབ་སྟེ་ཡང་དང་བསྐྱར་དུ་གཏོང་གིན་འདུག
ཚེ་སྲོག་ནི་འཐོབ་དཀའ་བ་དང་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རིན་པོ་ཆེ་ཡིན་པས་ཚེ་སྲོག་གཅིག་ང་ཚོ་དང་གཏན་དུ་གྱེས་པ་ལ་མི་སུ་ཡིན་རུང་ཕངས་སེམས་ཚད་མེད་སྐྱེ་ངེས། འོན་ཀྱང་ས་རྒྱ་ཆེ་ཞིང་མི་གྲངས་མང་བའི་རྒྱལ་ཁབ་ཆེན་པོ་ཞིག་གི་སྲིད་གཞུང་ཡིན་པའི་ཆ་ནས་བདེན་པ་བདེན་ཐུབ་ཀྱི་བྱ་བ་ཞིག་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཅི་ལ་ཐུག་ཡོད།
སྐབས་འདིར་བདག་གིས་《ཀློག་པ་པོ།》(读者)ཞེས་པའི་རྒྱ་ནག་གི་ཆེས་རྒྱུགས་ཆེ་བའི་དུས་དེབ་ཐོག་ནས་བཀླགས་མྱོང་བའི་བརྩམས་ཆོས་ཤིག་ཡིད་ལ་འཁོར་འོངས། ཀྲུང་གོའི་ལྐོག་བཞུད་པ་(偷渡者)མི་གྲངས་བཅུ་ལྷག་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་(欧盟)ལ་ལྐོག་ཏུ་འགྲོ་སྐབས་རླངས་འཁོར་ནང་ནས་དབུགས་འགག་བྱུང་སྟེ་ཤི་སོང་། ཡིན་ཡང་རྒྱལ་ཁབ་དེས་སྣང་མེད་དུ་མ་བཏང་བར་ལས་ཀ་ཡོད་ཚད་བསྐྱུར་ནས་བྱ་བ་འདི་ཇི་ལྟར་ལམ་འཇོག་བྱེད་པའི་སྐོར་ལ་གྲོས་བསྡུར་བྱས། རྒྱུ་མཚན་ནི་གཅིག་ལས་མེད་དེ་མི་འདི་དག་ཁོ་ཚོའི་རྒྱལ་ཁབ་ཀྱི་འབངས་མི་མིན་ན་ཡང་འགྲོ་བ་མི་ཡིན་ལ། ཕྱི་གླིང་བ་དེ་དག་གི་རྒྱུད་དུའང་ཚང་མ་འདྲ་མཉམ་གྱི་བསམ་བློ་དང་ལྟ་ཚུལ། ཕན་ཚུན་བརྩི་འཇོག་གི་བསམ་སྤྱོད་ཡོད་པས་དེ་འདྲའི་དོ་སྣང་བྱས་པ་རེད། འོ་ན་བོད་མི་རྣམས་ཀྲུང་གོའི་འབངས་མི་མིན་ཟེར་ན་མི་རིགས་ང་དྲུག་གི་གྲས་སུ་བགྲང་གིན་འདུག ཡིན་ཟེར་ན་འབངས་མིའི་མ་མཐའི་ཐོབ་ཐང་ཙམ་ཡང་མེད་སོང་། བོད་མི་དེ་དག་འགྲོ་བ་མི་ཞེས་དུང་ཕྱུར་དྲུག་ཅུར་རྒལ་བའི་གྲས་སུ་མི་ཐེ་བ་ཨེ་རེད། བོད་ཀྱི་རི་བྲག་ཆུ་གསུམ། རྩྭ་ཐང་ཡངས་པོ། ནགས་རི་གནས་རི་གཏེར་རི་སོགས་རྒྱལ་ཁབ་ཀྱི་ས་བཀྲའི་ངོས་ཕབ་སྟེ་མངའ་ཁོངས་སུ་བརྩི་རྒྱུ་ཡིན་ན། རི་བྲག་ཆུ་གསུམ། རྩྭ་ཐང་ཡངས་པོ། ནགས་རི་གནས་རི་གཏེར་རི་སོགས་ཀྱི་གནའ་བོའི་བདག་པོ་སྟེ་བོད་མི་རྣམས་ལའང་འདྲ་བའི་ཐོབ་ཐང་ཡོད་ལོས་དགོས། གདུང་སེམས་སྐྱེ་བ་ཞིག་ལ་དངོས་ཡོད་གནས་ཚུལ་ནི་དེ་འདྲ་མ་རེད་ལ་ཁོ་ཚོའི་རྣམ་འགྱུར་ནི་དེ་བས་ཀྱང་ངོ་། ཁོ་ཚོས་ཁྲོམ་བསྐོར་བྱེད་པའི་བོད་མི་རྣམས་ལ་འཇིགས་སྐུལ་རིང་ལུགས་པ་དང་ཀླ་ཀློ་གཏུམ་དྲག་ལ་སོགས་པའི་མིང་བཏགས་ཏེ་དེ་ལ་དེ་འཐོབ་ཀྱི་“ཉེས་ཆད་”བཅད་ཁུལ་བྱས། འདི་འདྲའི་བློར་མི་འབབ་པའི་“ཉེས་ཆད་”ནི་ཤེས་ལྡན་སུ་ཡིས་མཐོང་ཡང་བློ་ཕམ་པའི་ཤུགས་རིང་འཐེན་ཞིག་མིག་ཆུ་འཐོར་ངེས།
ང་ཚོ་ཆུང་དུས་ཀྱི་སློབ་གསོ་ཡིན་ན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཀུན་ལས་ཁྱད་དུ་འཕགས་ཤིང་བླ་ན་མེད་པ་ཞིག་ཡིན་སྐད། ལམ་ལུགས་འདིར་ཞུགས་པའི་མི་རྣམས་ནི་ཕན་ཚུན་བརྩི་འཇོག་བྱེད་པ། བདེ་སྐྱིད་ཀྱི་འཚོ་བ་རོལ་ཞིང་འོད་སྟོང་འབར་བའི་མདུན་ལམ་ཡོད་སྐད། ཉེ་དུས། འཆམ་མཐུན་སྤྱི་ཚོགས་ཞེས་པའི་ཚ་རླབས་དེ་ཀྲུང་གོའི་རྒྱལ་ཁབ་ཡོངས་སུ་འཕྱུར་བ་མ་ཟད། ཐ་ན་འགྲིམ་འགྲུལ་མི་བདེ་བའི་རོང་འབྲོག་ས་ཁུལ་ཀྱང་ཚ་རླངས་དེས་བཏུམས་སོང་། ལྡོག་འདྲི་ཞིག་བྱས་ན། གལ་སྲིད་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དོན་གྱིས་མ་སྟོངས་བ་ཞིག་ལག་བསྟར་བྱེད་འདོད་ན་ཐོག་མའི་ཆ་རྐྱེན་ནི་མི་རྣམས་འདྲ་མཉམ་ཡིན་པའི་ལྟ་ཚུལ་དང་བསམ་བློ་ཡིས་རྨང་གཞི་བྱེད་དགོས། དེ་ལྟར་མ་ཡིན་པར་དེང་གི་བྱེད་སྲོལ་ལྟར་མུ་མཐུད་དུ་ཟློས་གར་འཁྲབ་རྒྱུ་ཡིན་ན་དེ་ནི་སྒེར་གཅོད་རིང་ལུགས་ཀྱི་ལམ་ལུགས་རེད། འཆམ་མཐུན་ཞེས་པ་ཡང་གནས་ལུགས་དེ་ལས་མ་འདས། དེའི་ཕྱིར་གནས་ལུགས་ཀྱི་སྐད་ཆ་ཞིག་བཤད་ན། རང་སེམས་རྣལ་ལ་ཕབ་ནས་ཕན་ཚུན་འདྲ་མཉམ་གྱི་ལྟ་ཚུལ་བཟུང་སྟེ་མཐོ་ས་ཞིག་ནས་བལྟས་ཚེ་ད་གཟོད་ཡོད་ཚད་གསལ་ལྷང་ངེར་མཐོང་ཐུབ། མི་སྒེར་སུ་ཡིན་ཡང་དུས་དང་རྣམ་བ་ཀུན་ཏུ་རང་སྐྱོན་དཔྱོད་པའི་རིག་པ་སྟེ་རང་རིག་ཡོད་པ་ཤིག་ཏུ་གལ། རྒྱལ་ཁབ་ཀྱི་སྲིད་གཞུང་ལ་མཚོན་ན་ཡང་རང་རིག་ནི་དེ་བས་ཀྱང་མེད་དུ་མི་རུང་ཡིན་པ་བཤད་ཅི་ལ་དགོས།
མི་སུ་ཡིན་ཡང་དངོས་པོ་ལོངས་སྤྱོད་ནི་མེད་དུ་མི་རུང་བ་ཡིན། དེ་དང་འདྲ་བར་བསམ་པའི་ལོངས་སྤྱོད་ཀྱང་མེད་དུ་མི་རུང་བ་ལོས་ཡིན། རྒྱལ་ཁབ་གཅིག་ལ་མཚོན་ན་ཡང་སྲིད་ཇུས་དང་སྒྲིག་སྲོལ་ཀྱིས་རྒྱབ་སྐྱོར་དང་སྐུལ་འདེད་བྱེད་ཡུལ་ཡང་དངོས་པོའི་ལོངས་སྤྱོད་ཁོ་ན་མིན་པར་བསམ་པའི་ལོངས་སྤྱོད་ཀྱི་ཐད་ལའང་དོ་སྣང་ཆེན་པོ་བྱས་ཚེ་མི་ཚང་མ་ནི་གནས་ལུགས་ལ་རྨོངས་པའི་མི་མ་རོ་ལྟ་བུ་ཞིག་འགྱུར་མི་སྲིད། དེའི་ཕྱིར་ང་ཚོ་འཚོ་སྡོད་བྱེད་སའི་ཁོར་ཡུག་ནི་དེང་རབས་དཔལ་ཡོན་གྱིས་ཕྱུག་པ་ཞིན་ཡིན་དགོས་པ་མ་ཟད་བསམ་བློ་དང་ཀུན་སྤྱོད་ལེགས་པོ་མི་རེ་རེའི་སེམས་རྒྱུད་དུ་རང་བཞིན་གྱིས་གནས་ཡོད་པ་ཞིག་ཡིན་ན་ཇི་འདྲའི་མཛེས་སྡུག་ཡིད་དུ་འོངས་པ་ཞིག་རེད། བདེ་སྐྱིད་མི་འདོད་མཁན་གཅིག་ཀྱང་ཡོད་རྒྱུ་མ་རེད། མདུན་ཕྱོགས་མེ་འོབས་ཡིན་པ་ཤེས་བཞིན་དུ་མཆོང་མཁན་ཡང་ཡོད་རྒྱུ་མ་རེད། འོ་ན་གཞན་དཔེ་རང་ལ་སྦྱར་ཚེ་རང་ཉིད་འཆིང་བྱེད་ཀྱི་གནད་དོན་གང་མང་ཞིག་ངང་གིས་ཞི་འཇགས་སུ་འགྲོ་བ་ནི་ཆེས་སྤྱིར་བཏང་གི་གནས་ལུགས་ཡིན་མོད་ཀྱང་མི་མང་ཆེ་བས་གནས་ལུགས་དེ་ཕལ་ཆེར་བརྗེད་པའམ་ཡང་ན་དོ་སྣང་བྱེད་ཀྱི་མེད་པ་འདྲ། འཛམ་གླིང་མི་རིགས་གང་གི་ལོ་རྒྱུས་ཡིན་ཀྱང་ཆོག ཕམ་ཁ་གྲངས་མེད་དང་ལོ་རྒྱུས་ཀྱི་ཉམས་མྱོང་མང་པོ་བསགས་པ་ལས་ད་གཟོད་མི་ནི་དཔྱོད་ཤེས་ཅན་དང་རང་དབང་གི་བསམ་བློ་ཅན་དུ་གྱུར་བ་རེད། གལ་སྲིད་སུ་ཞིག་གིས་ད་དུང་ཡང་ཉེས་ཆད་གཅོད་པའི་འདུ་ཤེས(惩罚观念)ལག་ལ་དམ་པོར་བཟུང་སྟེ་གཏོང་རྩིས་མེད་ན། མི་དེ་ནི་དམུ་རྒོད་ཀྱི་དུས་རབས་ལ་ཁ་ཕྱིར་འཁོར་པ་དང་འགྲོ་བ་མིས་དཀའ་སྡུག་ཁྲི་ཕྲག་གིས་ལོན་པའི་བསམ་པའི་དཔལ་ཡོན་དང་རྒྱབ་འགལ་བྱས་པ་རེད།
འདིར་ཁ་བ་རི་བའི་སྤུན་ཟླ་ཡོངས་ལ་ཆེད་དུ་ཞུ་རྒྱུར། འུ་ཚོའི་ཐོག་ལ་བསམ་ཡུལ་ལས་འདས་པའི་སྡུག་བསྔལ་དང་མནར་གཅོད་ཐེབས་སོང་། ཡིན་ཡང་སྡུག་བསྔལ་དང་མནར་གཅོད་ལས་ང་ཚོ་ལ་སྡང་སེམས་དང་ཞེ་འཁོན་ཙམ་ལས་ཐོབ་བྱ་ཅི་ཡང་མེད་སོང་ན། དབུགས་ཀྱི་རྒྱུ་བ་ཆད་པའི་རིན་ཆེན་ཚེ་སྲོག་མང་བོས་འུ་ཚོ་ལ་ལེ་བདའ་བྱེད་ཀྱང་སྲིད། དོན་དུ་འུ་ཚོའི་རྒྱབ་ན་འགྲོ་བ་མིའི་བདེན་དོན་དང་གཞི་རྩའི་རྩ་དོན་ཏེ་རང་དབང་གི་མེ་སོན་ཞུམ་མེད་ཀྱིས་འབར་གྱིན་ཡོད་དོ།
རྡུལ་འཚུབ་ནི་ཅིས་ཀྱང་དྭངས་འགྲོ།
——5.12མི་མདོའི་ས་ཡོམ་ཆེན་མོའི་ཁྲོད་ངུ་ཤུམ་བྱེད་པའི་རྣམ་ཤེས་ཁྲི་མ་འབུམ་ལ་བྲིས།
ཉིས་སྟོང་བརྒྱད་ལོའི་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་རྔ་བ་ཁུལ་རི་མདོ་(ལུང་དགུ་ཞེས་པའི་ཟེར་སྲོལ་ཞིག་ཀྱང་ཡོད་སྐད་)ས་ཆ་ལྟར་གནས་སུ་གྱུར་ཏེ་ཚད་རིམ་བརྒྱད་ཅན་གྱི་ས་ཡོམ་ཆེན་པོ་བརྒྱུགས་(དེ་སྔོན་7。8ཟེར་བ་རེད)བསྟུད་མར་ཆུ་མདོ།(都江堰)ཆུ་འདུས།(成都)དྭགས་པོ།(北川)མའོ་རྫོང་།(茂县)ཟུང་ཆ། བཀྲ་ཤིས་གླིང་།(理县)གཡག་ལྔ།(雅安)ཆིན་ཁྲོན།(青川)སོགས་ལ་རིམ་པ་མི་འདྲ་བའི་ས་ཡོམ་ཆེ་ཆུང་མང་པོ་བྱུང་ཞིང་མི་སེར་ལ་སྲོག་རྒྱུ་གཉིས་ཀའི་ཐད་ནས་གྱོང་གུད་ཆེན་པོ་ཐེབས།
བརྙན་འཕྲིན་དང་ཚགས་པར་རྒྱང་བསྒྲགས་སོགས་ལས་ས་ཡོམ་སྐོར་གྱི་གནས་ཚུལ་གླེང་དུས་དབང་བོ་རྣམ་ལྔ་རང་དབང་མེད་པར་དེ་ལ་གཡེལ་འགྲོ། རང་བྱུང་ཐན་པ་ནི་མྱིའི་ནུས་ཤུགས་ཀྱིས་བཟློག་མི་ཐུབ་མོད་དོགས་ཟོན་བྱེད་ཆོག་པ་ཞིག་རེད། ད་དུང་ས་ཡོམ་དེ་ལས་ང་ཚོས་གནད་དོན་མང་པོ་མཐོང་སོང་།
༡ བརྡ་ཐིངས་ཀྱང་དང་དུ་མི་ལེན་པའི་ལམ་སྲོལ།
5.12ས་ཡོམ་མ་ཐོན་གོང་མི་རྣམས་མི་སྔར་བཞིན་རང་རང་སོ་སོའི་ལས་ལ་བྲེལ་གྱིན་ཡོད། རང་ཐོག་ལ་འདི་འདྲའི་བྱ་བ་ངན་པ་ཞིག་ཡོང་བ་སུས་ཀྱང་ཤེས་ཀྱི་མེད། དེ་ལྟར་ས་ཡོམ་ནི་གློ་བུར་ངང་ཁད་ཀྱི་ཐོན་ཏེ་སྐར་མ་ཆ་ཤས་ཀྱི་ཚེར་རིན་ཆེན་ཚེ་སྲོག་མང་བོ་ཁྱེར་ནས་བུད་སོང་།
ཞིག་རལ་ཏུ་གྱུར་བའི་ཁང་ཚོམས། གས་ཆག་དུ་སོང་བའི་གཞུང་ལམ། ཐལ་རྡུལ་གྱིས་གང་བའི་གྲོང་ཁྱེར་ནི་ངུ་ངག་དང་དམོད་མོས་ཁེངས་སོང་། འདི་འདྲའི་རང་བྱུང་ཐན་པ་ཆེན་པོའི་ཁྲོད་ནས་མིག་ཆུ་དང་ངུ་ངག་ནི་མི་སེམས་གསོ་བའི་སྨན་མཆོག་ཉག་གཅིག་པོ་རུ་གྱུར་བ་ནི་དེ་འདྲའི་བློ་ཡིད་ཕམ་བྱེད་ཅིག་རེད། འོན་ཏེ་ཕྱིར་འདང་རེ་རྒྱག་དུས། སྲིད་གཞུང་གི་བྱ་བ་བསྒྲུབ་སྟངས་ཐད་ནས་ཅུང་མ་འགྲིག་པ་རེད་སྙམ་པའི་བསམ་པ་འགོག་མེད་ཅིག་སྐྱེད་བྱུང་།
བོད་ལྗོངས་སྨན་རྩིས་ཁང་གིས་བསྐྲུན་པའི་ཉིས་སྟོང་བརྒྱད་ལོའི་ལི་ཐོའོ་ཐོག་ལ་གཤམ་གསལ་གྱི་ཉེན་བརྡ་འདི་འདྲ་ཞིག་བཏང་ཡོད། “དྲང་སྲོང་གོས་སྔོན་ཅན་”(0)གྱིས་ནག་ཟླ་(3)ནས་ལོ་རྫོགས་བར་རྒྱུ་སྐར་མཆུ་དང་གྲེ་སྟོང་སྤྱོད་པ་དང་། ལོ་ཧྲིལ་པོར་ཁྱིམ་གཅིག་ཏུ་གནས་པས་ཤར་ལྷོའི་རྒྱུད་དུ་རྡུལ་འཚུབ་ཅིང་ས་གཡོ་དང་རང་བྱུང་གནོས་འཚེ་ཡོང་ངོ་ཆེ་བས་དོགས།”
གལ་སྲིད་གོང་རིམ་གྱིས་ཉེན་བརྡ་འདི་ལ་སྣང་འཇོག་བྱས་ཡོད་ན། གལ་སྲིད་མི་སེར་ལ་དེ་འཕྲལ་གྱིས་བརྡ་བརྒྱབ་ཡོད་ན། གལ་སྲིད་མཁས་མིང་དཔོན་མིང་འཛིན་པ་ཚོས་འདང་རེ་བརྒྱབ་ཡོད་ན། གལ་སྲིད་་་་་་་་
སྤྱིར་ཡིན་ན་རིན་ཆེན་ཚེ་སྲོག་ཁྲི་ཁྲི་འབུམ་འབུམ་བསྐྱབ་ཐུབ་པའི་རིགས་གཞུང་གི་གྲུབ་འབྲས་ཤིག་གད་སྙིགས་ལྟར་དཔེ་ཚོང་ཁང་གི་གྲུ་ཟུར་ཞིག་ན་ལྷག་དགོས་པའི་ཚད་དུ་ལྷུང་། གནས་ཚུལ་དེ་ལས་ཚོགས་དང་འཚོགས་བཞིན་པའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་དང་བོད་རིག་པའི་ཞིབ་འཇུག་ལྟེ་གནས། བོད་རིག་པའི་ཆེད་མཁས་སོགས་མིང་ཆེན་ཐོགས་པ་ཡོད་ཚད་ནི་དབུགས་ཀྱིས་གང་བའི་རྐྱལ་བ་ལྟར་དོན་གྱིས་ཕན་པ་ཅི་ཡང་མེད་པ་ཧ་གོ་སོང་། ངོ་མ་ཇི་འདྲའི་ཕངས་པ་ལ། ཐ་ན་ཚེ་སྲོག་གཅིག་བསྐྱབ་ཐུབ་སོང་ན་ཡང་དེ་ནི་དགའ་བ་འབུམ་གྱིས་གང་བའི་བྱ་བ་ཞིག་ཅི་ལ་མིན་ཨང་།
༢ ཤོག་གུས་བཟོས་པའི་ཁང་བ་དང་སྙིང་རྗེ་བའི་སློབ་མ་ཚོ།
ས་ཡོམ་ཐོན་དུས་ཆེས་བློས་མི་ཐོངས་པ་ནི་ཉིལ་སླ་བའི་སློབ་གྲྭའི་སློབ་ཁང་དང་སློབ་མའི་སྡོད་ཤག་རེད། ཆེས་ཕངས་སེམས་སྐྱེ་བ་ནི་མེ་ཏོག་ལྟར་གཉོམ་ལག་རྒྱས་བཞིན་པའི་སློབ་མ་མང་པོ་ང་ཚོ་དང་གཏན་དུ་གྱེས་པ་དེ་རེད།
ས་ཆ་གང་ལ་ས་ཡོམ་ཐོན་དུས་ཆེས་ཐོག་མར་ཉིལ་འགྲོ་བ་ནི་སློབ་ཁང་དང་སློབ་མའི་སྡོད་ཤག་རེད་ཟེར་ན་འུད་ཤོབ་ཀྱི་ཆ་ཅི་ཡང་མེད། ཁོ་ཚོ་འདི་འདྲའི་ཁང་བ་ཐབས་ཆག་གི་ནང་ལ་དེད་པའི་དཔོན་ངན་དེར་སེམས་བསམ་པའི་གཏིང་ནས་དམོད་མོ་མི་བྱེད་ཀ་མེད་བྱུང་། ང་ཚོས་འདི་ལྟ་བུའི་དཔེ་འཇོག་ཅིག་བྱེད་ཆོག ཁྱིམ་ཚང་གཅིག་ལ་བུ་དང་བུ་མོ་གཉིས་ཡོད། གལ་སྲིད་ཕ་མ་གཉིས་ཀྱིས་བུ་ཕྲུག་ལེགས་པོ་མ་བསྐྱང་བས་བུ་བུ་མོ་གཉིས་ཤི་སོང་བའམ་ཡང་ན་ཡིད་ཐང་ཆད་དུ་བཅུག་ན། ཁྱིམ་ཚང་འདི་དུས་དེ་ནས་བཟུང་རྒྱུད་ཆད་པ་དང་ཡང་ན་ཁྱིམ་ཚང་འདི་ལ་བདེ་སྐྱིད་ཟེར་བ་ཡོད་མི་སྲིད།
སློབ་གསོའི་འགངས་ཆེན་རང་བཞིན་དང་སློབ་མ་གལ་ཆེན་ཡིན་པའི་གནས་ལུགས་ཡིག་ཚོགས་ཀྱི་ངལ་བ་བརྟེན་མི་དགོས་པར་མཐོ་སྲིད་གཞུང་ནས་དམའ་མི་སེར་བར་ཀུན་གྱིས་ཤེས་མདོག་བྱེད། འོ་ན་ཤེས་བཞིནདུ་དང་དུ་མི་ལེན་པ་ནི་མ་ཤེས་པའི་སྐྱོན་ཞིག་མ་ཡིན་ནམ། ན་ནིང་གཞེས་ནིང་ལོར་རང་ཡུལ་དུ་”ལོ་དགུའི་འོས་འགན་སློབ་གསོ་”ཞེས་ཚ་ཚ་འུར་འུར་གྱིས་སྤེལ་མྱོང་བའི་ལས་འགུལ་དེ་ལ་ཕྱིར་འདང་རེ་བརྒྱབ་ཚེ་དེ་ཡང་དོན་སྙིང་གིས་སྟོངས་པའི་ཤོག་ངོས་ཀྱི་ལས་ཀ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཤར།
སློབ་སྦྱང་བྱེད་སའི་སློབ་ཁང་དང་ངལ་གསོ་བྱེད་སའི་སྡོད་ཤག་གཉིས་ཅིའི་ཕྱིར་ཤོག་གུས་བཟོས་པ་ལྟར་འཕྲོ་རིམ་འཕྲོ་ཉིལ་སོང་། འཛུགས་བསྐྲུན་བྱེད་སྤྱད་ཀྱི་སྒོར་མོ་ཁྲིད་ཕྲག་མང་པོས་ཁང་ངན་འདི་འདྲ་ཞིག་མ་གཏོགས་བསྐྲུན་མ་ཐུབ་པ་ཨེ་རེད། མིན་ན་སྒོར་མོ་དེ་དག་གང་ལ་བུད་སོང་། ས་ཡོམ་གང་ལ་ཐོན་ན་དེ་གའི་སློབ་གྲྭ་ལ་གནོད་སྐྱོན་མ་ཐེབས་པ་ཕལ་ཆེར་མེད། འོན་ན་ས་ཆ་དེ་གའི་སྲིད་གཞུང་གི་གཞུང་སྒྲུབ་ཁང་དང་ལས་ཁུངས་སོ་སོའི་གཞུང་སྒྲུབ་ཁང་ཉིལ་སོང་བ་ཧ་ཅང་ཉུང་བའི་རྒྱུ་མཚན་གང་ལ་ཐུག་ཡོད། རྒྱལ་ཁབ་ཀྱི་ལས་ཁུངས་ནི་སྲིད་གཞུང་གི་སྲིད་དབང་བཀོལ་སྤྱོད་བེད་སྤྱད་ཀྱི་ལག་པ་ལྟ་བུ་རེད་ལ་ཤིན་ཏུ་གལ་ཆེན་ཡིན་པ་བཤད་ཅི་དགོས། འོན་ཀྱང་སློབ་གྲྭ་ནི་མ་འོངས་པའི་རེ་བ་དང་ཡོད་ཚད་ཀྱི་ཡོད་ཚད་ཡིན་པས་དེ་ལ་ཤུགས་མི་རྒྱག་པ་དང་དོ་ཁུར་མི་བྱེད་ན་གཞན་པ་ཡོད་ཚད་མཁའ་ཡི་འཇའ་གཟུགས་ཙམ་ལས་ལྟ་ཅི།
ཡིད་སྐྱོ་བ་དང་ཁོང་ཁྲོ་ལངས་པ། ཡང་ན་ནག་པོའི་དགོད་གཏམ་དུ་བརྩི་ཆོག་པ་ནི་གཤམ་གསལ་གྱི་དངོས་ཡོད་གནས་ཚུལ་འདི་རེད། སི་ཁྲིན་གྱི་ལྟེ་གནས་སུ་གྱུར་བའི་གྲོང་ཁྱེར་ཆུ་འདུས་ཀྱི་མི་དམངས་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་ནི་ཕལ་ཆེར་དུང་ཕྱུར་བཅུ་གཉིས་ཀྱིས་གྲུབ་པ་རེད། འདི་ནི་འཛམ་གླིང་ཐོག་འགྲོ་གྲོན་ཆེས་ཆེ་བའི་གཞུང་སྒྲུབ་ཐོག་ཁང་ཡིན་སྐད། ཇི་འདྲའི་བཤད་མི་ཤེས་པའི་ཧེ་བག་གམ་གནས་ས་ལྟ་བུ་ཞིག ཞིང་ཆེན་གཅིག་གི་ནང་དང་གྲོང་ཁྱེར་གཅིག་གི་ནང་དུ་སྲིད་གཞུང་གི་ཁང་བ་ནི་འཛམ་གླིང་ན་སྐད་གྲུ་ཚུགས་ས་ཆེ་བ་དང་སློབ་གྲྭའི་ཁང་བ་ནི་ཤོག་གུས་བཟོས་པ་ལྟར་ཉིལ་སླ་བ། གཅིག་ནི་གྲོང་ཁྱེར་འདིའི་སྲིད་འཛིན་ལས་ཁུངས་མཐོན་པོ་དང་གཅིག་ནི་རིག་གནས་རྒྱུད་འཛིན་གྱི་སློབ་གྲྭ་རེད། ཇི་ལྟར་བཤད་་་་་་་་་ཇི་ལྟར་འགྲེལ་་་་་་་
ཕྱོགས་གང་ཅིའི་ཐད་ནས་བལྟས་ཀྱང་སྲིད་གཞུང་ནི་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ཚོགས་པ་ཞིག་ཡིན་པ་ལས་སྤུས་ལེགས་བཀོད་མཛེས་ཀྱི་ཁང་བའི་ནང་ནས་ཁ་ཙམ་འགུལ་ཏེ་ཚིག་སྟོང་བཤད་སའི་གནས་མ་ཡིན། སློབ་གྲྭའི་འཛུགས་བསྐྲུན་གྱི་ཐད་ལ་དོ་སྣང་བྱེད་དང་མི་བྱེད་ལས་རྒྱལ་ཁབ་དེའི་གོ་རྟོགས་དང་སྤུས་ཀ་མངོན་པར་མཚོན་ན་ཐུབ།
བུ་ཕྲུག་ཚོ་རྐྱེན་ངན་ལས་མ་ཐར་བའི་ཕ་མ་དག་གིས་འདི་ལྟར་བསམས་ངེས། གལ་ཏེ་སློབ་གྲྭའི་ཁང་བ་སྔ་མོ་ནས་སྤུས་ཀ་ཅན་ཞིག་ཡོང་ཡོད་རྒྱུ་ན་ངའི་གཅེས་པའི་བུ་དང་བུ་མོ་ནི་ངའི་གན་དུ་ཡོད་སྲིད་ན་ཐང་།
གང་ལྟར་གཞུད་སོང་བའི་སློབ་མ་སྙིང་རྗེ་ཅན་ཚོས་སྤྱི་ཚོགས་ལ་ངོ་ཚ་སྟེར་བ་མ་ཟད་རིན་ཆེན་སྲོག་གིས་གནས་ལུགས་མང་པོ་ཞིག་ཀྱང་བསྟན་སོང་།
གང་ལྟར་མ་འོངས་པའི་འཚོ་བ་དང་འགྲོ་ལམ་གྱི་ཁྲོད་དུ་འཛམ་གླིང་མི་དམངས་ཡོངས་ལ་མི་འདོད་པ་དང་མི་བདེ་བའི་རྐྱེན་ངན་ཅི་ཡང་མི་འབྱུང་བའི་སྨོན་ལམ་འདེབ་པ་ལས་ང་ཚོ་སུ་ལ་ཡང་ཐབས་མེད་པ་འདྲ། (སྤྱིར་ཡིན་ན་རྒྱལ་ཁབ་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་འཐུས་ཚང་ཅན་དུ་གྱུར་ཡོད་ན་རྐྱེན་ངན་བྱུང་ཚེ་མིག་ཆུ་དང་ངུ་ངག་མི་རྣམས་ཀྱི་སེམས་ཀྱི་རྨ་ཁ་གསོ་བྱེད་ཉག་གཅིག་པོར་འགྱུར་མི་སྲིད་ལ། ཐབས་ཟད་འུ་ཐུག་གིས་སྨོན་ལམ་འདེབ་པའི་ཚད་དུའང་ལྷུང་ག་ལ་དགོས།) འདི་ལྟ་བུའི་ཐབས་ཟད་འུ་ཐུག་གི་བསམ་པ་མི་གང་མང་གི་ཡིད་ལ་འཁོར་གྱིན་ཡོད་དམ། ངོ་མ་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།།
ཉིས་སྟོང་བརྒྱད་ལོའི་ཟླ་དྲུག་པའི་ཚེས་ཉེར་ལྔ་ཉིན།།
བློ་རྩེ་གཅིག་གིས་ཀློག་པ་ཡིན། སེམས་གཏིང་ནས་སྐྱོ་བའི་འཚོར་བ་ཞིག་སྦྱིན་བྱུང་། སྙིང་དབུས་ནས་མིག་ཆུ་ཡང་ཤོར་སོང་། ཁོང་གཉིས་ལྟ་བུའི་བློ་དཀྱེལ་ཆེ་ཞིང་། ལྷག་བསམ་དང་ཤེས་མྱོང་གཉིས་ཀྱིས་ཕྱུག་པའི་རང་རིགས་ཀྱི་མི་རབས་གསར་པ་རྣམས་འཚར་ལོང་བ་མཐོང་སྐབས། དགའ་སྐྱོ་ཟུང་འབྲེལ་གྱི་འཚོར་བ་རྐྱེན་པོས་གདུངས།
དགའ་དགོས་པ་ནི། བོད་ཀྱི་མི་རབས་གསར་པ་རྣམས་ནི་ཕ་ལས་བུ་རྫིག་ཟེར་བ་ལྟར། འདས་མ་ཐག་པའི་མི་རབས་རྣམས་ཀྱི་ཞབས་རྗེས་ལ་སྙེག་བཞིན། ཪང་རང་གི་རྣམ་དཔྱོད་དང་སྙིང་སྟོབས་དོ་ཟླ་བྲལ་བའི་དཔུང་ལ་བརྟེན་ནས། ངེད་ཚོའི་ཆེད་དུ་རྒྱ་སྟོབས་ཆེན་འདིའི་ཁ་གཏད་ལ་ལངས་པ་འདི་རེད།
སྐྱོ་དགོས་པ་དེ། ང་ཚོ་རང་དབང་ལུང་པའི་ནང་ལ་ཡོད་པའི་བོད་པ་དང་རང་དབང་ལ་ཕྱོགས་པའི་རྒྱལ་ཁབ་དེ་ཚོས་སྟོབས་དང་ནུས་པ་ལྡན་པའི་བྱ་ཐབས་ཤིག་གིས་ཁོང་ཚོ་སྐྱོབ་མ་ཐུབ་པ་དེ་རེད།
ཡུག་གཅིག་ཏུ་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཐག་པས་མཐུད་འགྲོ་བའི་འཛམ་གླིང་འདིར། རྒྱ་གུང་ཁྲན་གྱི་སྟོབས་ཤུགས་དང་བཙན་ཤུགས་ལ་མི་སྐྲག་མཁན་གྱི་རྒྱལ་ཁབ་དང་མི་སྡེ་ནི་མེད་པ་ལྟ་བུ་རེད། སྟོབས་ཆེན་ཨ་རི་ཡང་། རྒྱ་ལ་སྐྲག་ནས་འཇིགས་སྣང་འོག་ལ་སྡོད་དགོས་པའི་སྐབས་དེར། ང་ཚོ་བོད་ཀྱི་མི་རབས་གསར་པ་ཚོས། རྒྱའི་མེ་མདའ་དང་དམག་ཤུགས་ལ་ཁ་གཏད་ནས། ཪང་གི་རེ་འདོད་དེ་བརྗེན་པར་བསྟན་པ་འདིས། འཛམ་གླིང་ལྟ་ཅི། རྒྱའི་འགོ་དཔོན་ཚོ་ཡང་ག་བྱེད་འདི་བྱེད་མེད་པར་བཏང་།
བསམ་བཞིན་བསམ་བཞིན་ངོ་མ་ཉི་ཚེ་དང་བུ་དྷ་སོགས་ཀྱིས་མཚོན་པའི་ན་གཞོན་དཔའ་བོ་དཔའ་མོ་རྣམས་ལ་དད་པ་དང་ཡི་རངས་སྐྱེ། ཐུགས་རྗེ་ཆེ། སྐྱེ་བ་ནས་སྐྱེ་བ་བར་དུ་ཁྱོད་ཚོའི་གྲོགས་སུ་འཇུག་པར་ཤོག
གོང་གི་ཉི་ཚེ་ནི་ཕྱི་གླིང་བའི་རྩོམ་པ་པོ་ཞིག་ལས་རང་རིགས་ཤིག་ཡིན་རབས་མེད་བསམ། གོང་གི་(ཆེས་སྔགས་པར་འོས་པའི་བསམ་སྤྱོད་ལེགས་པོ་ནི་འཇིགས་པ་མེད་པ་དེའོ།)ཞེས་པ་དེ་ཉི་ཚེའི་ལེགས་བཤད་ཅིག་འདིར་དྲངས་པའི་ཞོར་ལ་ཉི་ཚེའི་མིང་བྲིས་པ་ཙམ་ལས་རྩོམ་འདི་ཧྲིལ་བོ་བུདྡྷས་བྲིས་པ་མ་རེད་དམ།
རྩོམ་འདི་ནི་བུདདྷ་ཡིས་བྲིས་པ་ཡིན་ལ། ཉི་ཚེ་弗里德里希·尼采 Friedrich Nietzsche(1844-1900)ནི་ཕྱི་གླིང་གི་མཚན་ཉིད་རིག་པ་བ་དང་རྩོམ་པ་པོ། སྙན་ངག་མཁན་ཞིག་ཡིན་པས་བུདདྷ་ཡིས་ཁོང་གི་སྐད་གྲགས་ཆེ་བའི་ཚིག་གཅིག་རང་རྩོམ་དུ་དྲངས་ཡོད་པ་ཙམ་རེད། ཀློག་པ་པོས་ཞིབ་མོར་ཀློག་རོགས་གནང་།
གུས་བཀུར་ཞུ། མི་རིགས་ཀྱི་དཀའ་སྡུག་དག་དཔའ་སྟོབས་ཆེན་པོས་དྲང་པོར་བརྗོད་ནས་དུས་དེབ་ཐོག་བཀོད་པ་དེས་ཤེས་ཡོན་ཅན་ཞིག་གི་འགན་འཁྲི་འཁུར་ལ་སྤྱི་ཚོགས་ཀྱི་དྲང་བདེན་སྐྱོང་བའི་ལས་ལ་ཞུགས་པ་དེ་ཙམ་གྱིས་སྙིང་དབུས་ནས་གུས་བཀུར་ལྷད་མེད་ཞུ། ལྷག་པར་དུ་བོད་དུ་རྒྱ་གཞུང་གི་དམ་དྲག་དང་འཇིགས་སྐུལ། བསུན་བཙེར་ལ་ཞེ་མི་སྐྲག་པར་མང་ཚོགས་དང་མི་རིགས་ཀྱི་དོན་དུ་དྲང་གཏམ་སྨྲས་ནས་རྩོམ་པ་པོ་ཞིག་གི་སྒལ་ཚིགས་སྲོང་བར་བརྩི་བཀུར་དང་གུས་མུས་ཚད་མེད་ཡོད། བུད་དྷ་ཚུད་པའི་བོད་ནང་གི་དྲང་གཏམ་སྨྲ་མཁན་རྩོམ་པོ་པོའི་ཚོགས་པ་དེ་དང་བསྡུར་ན། ང་ཚོ་བཙན་བྱོལ་དུ་ཡོད་པའི་ཤེས་ཡོན་ཅན་དང་རྩོམ་འབྲི་བ་དག་དངོས་གནས་གདང་རྒྱག་དང་བསམ་གཞིགས་ནན་པོ་ཞིག་བྱེད་རན་ཐག་ཆོད་འདུག བཙན་བྱོལ་གྱི་རྩོམ་བྲི་མཁན་མང་པོ་ཞིག་གིས་མི་རིགས་ཀྱི་སྐྱིད་སྡུག་ལ་དམིགས་པའི་རྩོམ་སྤེལ་ཚད་ཧ་ཅང་ཉུང་ཉུང་རེད་ལ། དའི་ཐད་ལ་བསམ་བློ་བསྐོར་ཚད་ཀྱང་ཉུང་ནས་ཉུང་དུ་འགྲོ་བཞིན་འདུག དེ་ལས་ལྡོག་ཚེ་འཚོ་བ་སྐྱིད་པོ་སྐྱིད་འདོད་དང་མྱོང་བ་མཚར་པོའི་མཚར་ཉམས་ཁོ་ན་གླེང་བར་མགོ་འཁོར་འགྲོ་བ་དེ་ངོ་མ་སྐྱོ་དགོས་པ་ཞིག་རེད་འདུག མ་གཞི་མང་པོ་ཞིག་རང་གི་འཚོ་བའི་ཁ་འཁོར་ཁོ་ན་ནས་རྩོམ་རྙོག་སྒྲུག་བཞིན་ཡོད་སྲིད་མོད། བཙན་བྱོལ་འཚོ་བ་སྐྱིད་པའི་རྩོམ་རྙོག་དེ་ཚོ་ནི་སྨྱུ་གུ་ཟད་རོགསདང་ཀླད་པ་འཁྲུལ་བྱེད་ལས་མི་རིགས་འདི་དང་ཡིག་རིགས་འདི་ལ་ཕན་པའི་ཆ་ཏིལ་འབྲུལ་ཙམ་ཡང་མེད་དོ། དེ་ལས་བུད་དྷ་སོགས་པའི་མི་རིགས་ཀྱི་སྒལ་ཚིགས་སྲོང་བའི་རྩོམ་པ་པོ་དེ་དག་ནི་མི་རིགས་འདིའི་ལོ་རྒྱུས་ཐོག་ཕྱག་རྗེས་བཞག་མཁན་ཤ་སྟག་རེད། ཁོང་རྣམ་པའི་རྩོམ་གཅིག་ཡིན་ཡང་ཁྲག་དང་མིག་ཆུ། ཚེ་སྲོག་གིས་བླངས་པའི་མི་རིགས་ཀྱི་ལོ་རྒྱུས་རེད། ཁོང་རྣམ་པ་གང་མགྱོགས་གློད་བཀྲོལ་ཐོབ་པའི་སྨོན་འདུན་དང་ཁོང་རྣམ་པའི་གནས་ཚུལ་གང་མང་མཁོ་འདོན་བྱས་ནས་བཙན་བྱོལ་པའི་ཡི་གེ་བ་དག་ལ་མི་རིགས་ཀྱི་འགན་འཁྲི་ཟེར་བ་གང་ཡིན་སློབ་སྟོན་མཛད་རོགས།