རྨ་དུང་ཟླ།
འདམ་རྫབ་ཁྲོད་ཀྱི་མེ་ཏོག
སྦྲང་ཆར་གྱིས་བྱིལ་བྱིལ་ལས་རྐང་ལག་རྒྱས་
རླུང་གིས་ཁུར་བའི་གྲགས་པ་དེས་
ཀུན་གྱི་ལྕེ་རྩེ་ལ་མཉེན་ཤ་བུད་ནའང་
མཛེས་སྡུག་གི་ལྗིད་ཤུགས་འཐེག་མཁན་
ད་ནི་སུ་ཞིག་ཡོད་
མེ་ཏོག་གི་འདབ་མའི་ངོས་སུ་འཁོར་བའི་ཕྱེ་མ་ལེབ་
མེ་ཏོག་ལས་རྒྱང་ཐག་ག་ཙམ་ཡོད་
རླུང་དབུས་སུ་བརྐྱངས་པའི་ཁ་བཏགས་ཀྱི་སྣེ་མོ་
ཤི་བྲལ་གྱི་ལྷན་སྐྱེས་ཁོ་ནར་གྲུབ་ནའང་
མེ་ཏོག་གི་གྲིབ་གཟུགས་ལས་རྒྱང་དུ་དཀྱེས་མ་ཐུབ་པས་
མཛེས་སྡུག་གི་རྒྱན་ཆ་དུར་ཐང་དུ་ཞི་བར་འཇགས་
ཕྱེ་ལེབ་འཛིན་མཁན་གྱི་བྱིས་པ་ཆུང་ཆུང་
དར་མ་ཚོ་མི་ཚེ་ཡི་སྙིང་པོ་ལ་བྲེལ་བ་བཞིན་
ཡར་དུར་མར་དུར་གྱི་མཆོང་ལྡིང་བར་ན་
ཕྱེ་ལེབ་ཀྱི་སྒྲོ་མདོངས་ལག་ནང་གི་འཇའ་འོད་
མི་ཚེ་ཡི་འགྲུལ་བཞུད་བྱིས་པ་ཡི་རྩེད་འཇོ་
༢༠༡༥།༠༢།༢༨།