རྩེ་བྷོ།
ང་ཚོ་བོད་པ་ཚང་ནི་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་ལ་དགའ་བའི་མི་རིགས་ཤིག་རེད། རྒྱ་ནག་གུང་ཁྲན་དམར་པོས་བོད་མཐོ་སྒང་འདིའི་བཅུད་ཀྱི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་རྫོགས་པ་ཧམ་བཟུང་བྱས་ནས་མི་ལོ་ལྔ་བཅུ་ལྷག་འགྲོ་ཟིན་རུང་། ད་དུང་ང་ཚོའི་འཐེན་འཁྱེར་དང་ཕྱོགས་རིགས་ཀྱི་དྲི་ངན་དེ་དོར་མེད། ཁྱོད་ཚོའི་ལུང་པ་དང་ངའི་ལུང་པ་ཁྱོད་ཚོའི་བླ་མ་དང་ངའི་བླ་མ་ཟེར་ནས་ལོ་ངོ་བརྒྱ་ཕྲག་གི་རིང་ལ་ཤ་ཁྲག་རུས་གསུམ་གཅིག་ནས་མཆེད་པའི་སྤུན་ཟླ་ནང་ཁུལ་གསོད་རེས་དང་ཕྱོགས་རིས་ཤ་སྟག་བྱས་ནས་ལོ་ངོ་ག་ཚོད་འགྲོ་སོང་། རང་གི་མེས་པོའི་ཤུལ་དུ་བཞག་པའི་མཐོ་སྒང་གངས་རིའི་ལྗོངས་དང་། རྒྱ་ཆེ་བའི་ཆོས་དང་རིག་གཞུང་ཕུན་སུམ་ཚོགས་པོ་ཡོད་པ་དེ་དག་ཉམས་ཆགས་སུ་འགྲོ་དང་འགྲོ་བཞིན་ཡོད་པ་དང་། མཐོ་སྒང་གངས་རིའི་བདག་པོ་གདོང་དམར་བོད་མི་རིགས་འདི་རྩ་གཏོར་འགྲོ་བའི་ཉེན་ཁ་སོགས་ཁྱེད་རང་གི་སེམས་ནས་དྲན་མ་མྱོང་པ་རེད་དམ། ཡང་ན་རང་གི་རིགས་ལ་ཞེན་པ་དཀར་པོའི་མདངས་མེད་པ་རེད།
བློ་གཟུར་བོར་གནས་པའི་སྤུན་ཟླ་ཁྱེད་རྣམས་ཀྱིས་གཟིགས་ན་ཤེས་ངེས་རེད། རང་རིགས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་མི་དགའ། ཕྱོགས་རིས་ལ་ཧ་ཅང་དགའ་བ། སྤྱིར་ན་མིའི་རིགས་རྣམས་ཕན་ཚུན་མཐུན་པ་དང་བློ་སེམས་གཅིག་ཏུ་སྒྲིལ་ན་མི་འགྲུབ་པའི་བྱ་བ་ཅི་ཡོད། མི་རིགས་ཁག་རྣམས་ཕན་ཚུན་མཐུན་ཞིང་དཔུང་པའམ་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནའང་ཐུན་མོང་གི་རྒྱལ་ཁབ་བཙུགས་ཐུབ་ལ། དཔེར་ན་ཨ་མི་རི་ཁ་ལྟ་བུ་རེད། མི་རིགས་གཅིག་གི་ནང་དུའང་མཐུན་སྒྲིལ་ཡོད་ན་སོ་སོར་ཡང་རྒྱལ་ཁབ་བཙུགས་ཐུབ། དཔེར་ན་འབྲུག་པ་རྒྱལ་ཁབ་ལྟ་བུ་རེད། ས་སྟེང་འདིར་མིའི་རིགས་རྣམས་མཐུན་ཞིང་དཔུང་པ་མཉམ་དུ་སྒྲིལ་ཐུབ་པ་ལ་བརྟེན་ནས། ཐུན་མོང་གི་མཉམ་འབྲེལ་སྤྱི་ཚོགས་ཤིག་བསྐྲུན་ཐུབ། དེ་མིའི་རིགས་ཐུན་མོང་གི་ཁེ་ཕན་ལ་རྒྱབ་བརྟེན་ཞིག་རེད། དེས་ནི་མཐུན་སྒྲིལ་གྱི་འབྲས་བུ་ནི་ནུས་པ་དེ་ཡིན། ནུས་པ་ལ་རྟེན་ནས་སྟོབས་ཤུགས་ཡོད་པ་དེ་མཐའ་མའི་འབྲས་བུ་ཉག་གཅིག་རེད།
དེས་ན་ཤ་རུས་གདུང་བརྒྱུད་གཅིག་པའི་སྤུན་ཟླ་རྣམས་ཁྱེད་རྣམས་ཀྱི་བློ་གཟུར་བོར་ཐོག་བསམ་བློ་ཞིག་ཐོངས་དང་། རང་རིགས་བོད་ཁ་བ་གངས་ཅན་པའི་འདས་མ་ད་གསུམ་ལ་བསམ་བློ་ཞིག་ཐོངས་དང་། ངོ་མ་ང་ཚོའི་གཅིག་སྒྲིལ་མེད་པའི་རྐྱེན་གྱི་བོད་གངས་ཅན་པ་འདི་དུམ་བུ་ག་ཚོད་ཞིག་ཆགས་འདུག་གཅིག་གཟིགས་དང་། གུས་པས་མདོ་ཙམ་ཞིག་འདིར་བཀོད་ན་འདི་ལྟར། དང་པོ་འདས་པའི་ལོ་རྒྱུས་ནས་བཤད་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞིའི། སྨད་མདོ་ཁམས་སྒང་དྲུག། ལྷོ་མོན་འབྲས་འབྲུག་གསུམ། བྱང་རིགས་སྡེ་ཚན་བར། ད་ལྟའི་སྦལ་ཏི་སེ་ཐན་གྱི་རྒྱལ་ཁོངས་སུ་ཡོད་པའི་སྦལ་ཏི་ཡུལ། རྒྱ་གར་རྒྱལ་ཁོངས་སུ་ཡོད་པའི་སྟོད་ལ་དྭགས་དང་། ཟངས་དཀར། པི་ཏི། གར་ཤ། ཁུ་ནུ་སོགས་དང་། བལ་པོའི་རྒྱལ་ཁོངས་སུ་ཡོད་པའི་འོམ་ལ་དང་། གློ་པ། དོལ་པོ། སྒོ་སྲུང་། རྟ་མང་། ཡོལ་མོ། ལ་ཕྱི། ཤར་པ། ཁ་ཚར་རར་སོགས་ཡོངས་སུ་རྗོགས་པ་བོད་མི་རིགས་འདིའི་བརྒྱུད་པ་ཡིན་ལ་མཐོ་སྒང་གངས་རིའི་ཡུལ་ནས་མཆེད་པ་ཤ་སྟག་རེད། འདི་ཚོ་ཚང་མ་བོད་རིགས་འཁྲུལ་མེད་ཡིན་རུང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཞེས་མིང་གསར་པ་ཞིག་བཏགས་ནས་བོད་རིགས་མིན་པར་ལོགས་སུ་ཕྱིས་ནས་ཟུར་དུ་ཕུད་ཡོད།
ཨ་ཁ་དེ་ཚོ་ཚང་མ་མཐུན་སྒྲིལ་མེད་པའི་རྐྱེན་གྱིས་བྱུང་པ་རེད་དམ། ཡང་ན་གནས་ཚུལ་གཞན་ཞིག་ལ་རྟེན་ནས་བྱུང་པ་རེད་གསུང་དང་སྤུན་ཟླ་ཚོ། བསམ་པ་ངོ་མ་སྐྱོ་གི །
ད་དུང་དེས་ག་ལ་ཚད་བོད་རིགས་སྤུན་ཟླའི་ནང་ཁུལ་གསོད་རེས་བྱས་ནས་དཔའ་བོ་མང་པོ་ཐོན་དང་ཐོན་བཞིན་ཡོད་པ་དངོས་སུ་མཐོང་ཡག་ཡོད་པ་དེ་རེད། ད་དུང་ཕྱོགས་རིས་ཀྱི་རྩ་བ་གཅིག་ནི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ལྟ་བ་དེ་རེད། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་འབྲུང་བོན་དང་བཅས་པའི་ཆོས་ལུགས་དང་གྲུབ་མཐའ་ཕན་ཚུན་བར་མཐོ་རིམ་པས་སྔ་ནས་ད་བར་དགག་སྒྲུབ་མཚམས་མ་བཞག་པ་འདི་དང་། དེར་བརྟེན་བར་མ་ཚོས་ལྟ་བ་བཟང་ངན་གྱི་ཆགས་སྡང་དང་ཕྱོགས་རིས་སྤེལ། ལྟ་གྲུབ་བཟང་ངན་འགྲན་བསྡུར་ལ་དགའ་ནས་རྒྱུན་དུ་རྩོད། ངའི་ལྟ་གྲུབ་འདི་བདེན་ཞིང་མཐར་ཐུག་ཡིན་རབ་དང་། ཁོའི་དེ་བརྫུན་མ་རེད་ལ་གནས་སྐབས་ཡིན་ཞེས་འུར་སྒྲ་གང་སར་སྒྲོག ། ཟབ་མྱུར་གྱི་ཁ་ཕོ་འགྲན། དམངས་རྣམས་རྨོངས་པ་ཡིན་སྟབས་དེ་དག་གི་རྗེས་སུ་རྒྱུགས་ནས་འཐབ་རྩོད་བྱེད། དེ་ཚོ་ཚང་མ་བསམ་བློ་ཞིབ་དུ་བཏང་ནས་བརྟག་དཔྱད་ལེགས་པོ་ཞིག་གནང་ན་སྟོན་པ་གཅིག་གི་རྗེས་འཇུག་དང་བླ་མ་གཅིག་གི་སློབ་མ་ཡིན། མདོར་བསྡུས་ནས་བཤད་ན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་ལམ་ལ་ཞུགས་མཁན་དང་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ལས་སྐྱབས་གཞན་མི་ཚོར་བས་ནང་པ་སངས་རྒྱས་པ་ཤ་སྟག་ཡིན། དེ་ལ་དགའ་མཁན་དང་དེའི་ཉམས་སུ་ལེན་མཁན་ཤ་སྟག་རེད། དེ་ལས་ལོགས་སུ་སུ་ལ་ཡང་ཆོས་ཟབ་མོ་ཞིག་སྟོན་རྒྱུ་མེད་དོ།
རེད་ལ་ཤ་ཁྲག་རུས་གསུམ་གཅིག་ནས་མཆེད་པའི་སྤུན་ཟླ་ལགས་ང་ཚོས་དངོས་སུ་བསམ་ན་རང་རེ་བོད་ལ་ཡོད་དགོས་པ་དང་། མཁོ་བ་ནི་ཡུལ་ལུང་གི་ཕྱོགས་ཞེན་མེད་པ་དང་གཅིག་གྱུར་གྱི་ལ་རྒྱ་ཡིན་ལ། བོད་མི་རིགས་འདི་ལ་མཚོན་ན་དེང་གི་དུས་སུ་ཡོད་དགོས་པ་ནི་བོད་རིགས་ཀུན་མཐུན་སྒྲིལ་བྱ་རྒྱུ་དེ་ཡིན། ང་ཚོ་ལ་ཡོད་པ་ལུང་པ་གཞན་ལ་མེད་པའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་ཡིད་སྨོན་དང་བློ་ཕུགས་བཅོལ་སའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་བསློབ་ལམ་སྟོན་དང་། མ་འོང་བོད་འདི་ཡར་ཐོན་ཅན་དང་རང་དབང་ཅན་ཞིག་དགོས་ན་ང་ཚོ་ཚང་མས་རྡོག་རྩ་གཅིག་སྒྲིལ་དང་བློ་བསམ་གཅིག་མཐུན་ཟེར་བ་ལྟར་གནང་གལ་ཤིན་དུ་ཆེ་བས་སྤུན་ཟླ་ཚོས་ཐུགས་དགོངས་ཟབ་མོའི་དཀྱིལ་དུ་འཇགས་པར་བཀའ་དྲིན་ལན་བརྒྱར་ཞུ་རྒྱུར་ཡིན།། །།
སྤྱིར་ཕྱོགས་རིས་དང་འཐེན་ཁྱེར་མེད་པའི་སྤྱི་ཚོགས་དཀོན་པོ་རེད། བོད་ཀྱི་སྤྱི་ཚོགས་ནང་དུའང་དེ་ཡོད་པ་དངོས་ཡོད་རེད། དེ་མེད་པ་བཟོ་དགོས་བསམ་ན་དེ་ནི་རྨིན་ལམ་རང་རེད། འོན་ཀྱང་ཡ་མཚན་པོ་ཞིག་ལ་ཕྱོགས་རིས་དང་འཐེན་ཁྱེར་ཆུང་དགོས་པའི་སྤྱི་ཚོགས་རེ་གཉིས་ཕྱོགས་རིས་དང་འཐེན་ཁྱེར་ཆེ་ཤས་ཆགས་ཡོད་པ་རེད། དཔེར་ན། གྲོས་ཚོགས་ནང་དང་། དགོན་པ་ཁག་ལྟ་བུ་རེད།
་་་་་་་་་་ གུས་པས་མདོ་ཙམ་ཞིག་འདིར་བཀོད་ན་འདི་ལྟར། དང་པོ་འདས་པའི་ལོ་རྒྱུས་ནས་བཤད་ན་སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞིའི། སྨད་མདོ་ཁམས་སྒང་དྲུག། ལྷོ་མོན་འབྲས་འབྲུག་གསུམ། བྱང་རིགས་སྡེ་ཚན་བར། ད་ལྟའི་སྦལ་ཏི་སེ་ཐན་གྱི་རྒྱལ་ཁོངས་སུ་ཡོད་པའི་སྦལ་ཏི་ཡུལ། རྒྱ་གར་རྒྱལ་ཁོངས་སུ་ཡོད་པའི་སྟོད་ལ་དྭགས་དང་། ཟངས་དཀར། པི་ཏི། གར་ཤ། ཁུ་ནུ་སོགས་དང་། བལ་པོའི་རྒྱལ་ཁོངས་སུ་ཡོད་པའི་འོམ་ལ་དང་། གློ་པ། དོལ་པོ། སྒོ་སྲུང་། རྟ་མང་། ཡོལ་མོ། ལ་ཕྱི། ཤར་པ། ཁ་ཚར་རར་སོགས་ཡོངས་སུ་རྗོགས་པ་བོད་མི་རིགས་འདིའི་བརྒྱུད་པ་ཡིན་ལ་མཐོ་སྒང་གངས་རིའི་ཡུལ་ནས་མཆེད་པ་ཤ་སྟག་རེད། ་་་་་་་་་་་་་་
་་་་་་་་་་ མདོར་བསྡུས་ནས་བཤད་ན་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པའི་ལམ་ལ་ཞུགས་མཁན་དང་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་པོ་ལས་སྐྱབས་གཞན་མི་ཚོར་བས་ནང་པ་སངས་རྒྱས་པ་ཤ་སྟག་ཡིན། དེ་ལ་དགའ་མཁན་དང་དེའི་ཉམས་སུ་ལེན་མཁན་ཤ་སྟག་རེད། དེ་ལས་ལོགས་སུ་སུ་ལ་ཡང་ཆོས་ཟབ་མོ་ཞིག་སྟོན་རྒྱུ་མེད་དོ། ་་་་་་་་་་་
བོད་རིགས་ཁྱོན་ཡོངས་ནང་ཆོས་དད། །
བོད་རིགས་ཀུན་གྱིས་བླ་མར་དད། །
བོད་རིགས་ཀུན་གྱིས་བོད་སྐད་རྒྱོབས། །
བོད་རིགས་ཁྱོན་ཀུན་༸ཏྰ་ལས་སྐྱོབས། །
བོད་རིགས་ཡོངས་རྫོགས་བོད་སྐད་རྒྱོབས། །
བོད་རིགས་ཡོངས་རྫོགས་བོད་ཞེན་གྱིས། །
བོད་རིགས་ཡོངས་རྫོགས་མཐུན་སྒྲིལ་གྱིས། །
བོད་རིགས་ཡོངས་རྫོགས་ཡར་ལོངས་ཤོག །
བོད་རིགས་ཡོངས་རྫོགས་བོད་རིགས་རེད། །
བོད་རིགས་ཡོངས་རྫོགས་བོད་ཆོས་སློབས། །
བོད་རིགས་ཡོངས་རྫོགས་བོད་སྐད་སྦྱོངས། །
བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས། །
བོད་རིགས་ཡོད་པ་བོད་ཡུལ་རེད། །
བོད་རིགས་ཤེས་དགོས་བོད་སྐད་རེད། །
བོད་རིགས་དད་ས་བོད་ཆོས་རེད། །
བོད་རིགས་དར་ས་བོད་ཡུལ་རེད། །
བོད་རིགས་ཡོངས་རྫོགས་བོད་རིགས་རེད། །
བོད་རིགས་ཡོངས་རྫོགས་བོན་ཆོས་སློབས། །
བོད་རིགས་ཡོངས་རྫོགས་བོད་སྐད་སྦྱོངས། །
བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས། །
བོད་རིགས་ཡོངས་རྫོགས་བོད་ལ་རྒྱོབ།།
བོད་རིགས་ཡོངས་རྫོགས་རྒྱ་འོག་འཛུལ།།
བོད་རིགས་ཡོངས་རྫོགས་ནང་འཁྲུགས་བྱོས།།
བོད་རིགས་ཡོངས་རྫོགས་རྩ་དོན་བརླགས།།
ཆིག་སྒྲིལ་དགོས་བཤད་མཁན་དེ་དག་ཡང་ཆིག་སྒྲིལ་གཏོར་མཁན་མང་ནི་རེད། དོན་ངོ་མའི་ཆིག་སྒྲིལ་ཞིག་འདོད་ན། འགལ་ཟླའི་ཕྱོགས་གཉིས་ཆ་ནས་གུ་ཡང་གི་བསམ་བློ་དང་གཟོད་གསོན། ཕྱོགས་འཛིན་དང་རང་འདོད་ལ་བཅོས་སྒྱུར་རེ་མ་བྱུང་ཚེ་ཆིག་སྒྲིལ་ཞེས་པའི་ཚིག་སྐམ་འགས་ཅི་ཡང་མི་ནུསོ།
གྲོས་ཚོགས་ནང་ཕྱོགས་རིས་ཡོང་མི་ཡོང་ནི་འོས་བླུག་མཁན་མི་མང་གི་ལག་ལ་ཡོད་པ་རེད། མི་མང་གིས་ཕྱོགས་རིས་ཅན་རྐྱང་གདམ་ན་ཕྱོགས་རིས་མི་ཡོང་བའི་དོན་མེད་པ་རེད། གྲོས་ཚོགས་ནང་ཕྱོགས་རིས་མེད་དགོས་ན་མི་མང་གིས་སྤྱི་སེམས་ཅན་ལ་འོས་བླུག་དགོས་པ་རེད།