རྫ་ཚེ་རིང་བཀྲ་ཤིས།
ཁར་རྩང་རྫོང་སར་བཤད་གྲྭའི་གུང་གསེང་ཉིན། །
སྔར་འདྲིས་ཉེ་བའི་གྲོགས་པོ་འགའ་བོས་ནས།།
གློ་བུར་ལྷག་ཀྱང་གཉུག་མར་གནས་པ་ལྟར།།
ང་དང་ཁོང་ཚོ་མཉམ་དུ་ཆུ་ཁར་ཕྱིན།།
ལོ་ངོ་བཞི་ལྔའི་སྔོན་གྱི་གྲོགས་པོ་རྣམས།།
ད་ལྟ་མང་ཞིག་ཕེབས་ནས་མི་བཞུགས་ཀྱང་།།
སྔ་དུས་ང་ཚོ་འགྲོ་སའི་ཆུ་ངོགས་དེ།།
དེ་རིང་ཡང་ནི་ཕལ་ཆེར་ཁར་རྩང་བཞིན།།
ཨ་མྱེའི་ཕྱིང་ཞྭ་ལྟ་བུའི་བྲག་སྡིངས་དེ། །
འབབ་འཛེགས་དཀའ་ཡང་དཀྱིལ་ཡང་རྒྱབ་ངོས་མཐོ། །
གྲོགས་དག་མཉམ་དུ་གདོད་མའི་སྦྲ་སྤྲེལ་བཞིན། །
གཅེར་བུར་ཙོག་སྟེ་ཉིན་གུང་ཁ་ལག་ཟོས། །
ཆུ་ངོས་མི་མཉམ་རང་བྱུང་ཆུ་རྫིང་དེ། །
ཆ་རྒྱུས་མེད་ན་ཏོག་ཙམ་ཉེན་ཁ་འདུག །
འོན་ཀྱང་ང་ལས་གཞན་པའི་ཆོས་གྲོགས་དག །
ཆུ་བོ་འདི་ལ་ཉམས་སྣང་ཡེ་ནས་མེད།
ཡུལ་མིའི་གཞོན་ནུ་སྤྲེལ་ཕྲུག་བྲ་ཚགས་འདྲ། །
ལྡང་བ་ཡང་ཞིང་ཆུ་ལ་ཉ་བཞིན་འཕྱོ། །
གོབ་ཏོ་ང་ལ་ཡང་རྩལ་མི་འདུག་སྟེ། །
རྒན་པོ་བྱིས་པའི་གསེབ་ན་རང་སྣང་སྐྱིད། །
ནགས་ཀྱི་འདབ་མ་མཐུག་པོས་ཁོར་ཡུག་བརྗིད། །
ལྷུང་ལྷུང་འབབ་ཆུའི་ཟེགས་མས་ལུས་སེམས་བསིལ། །
རང་བྱུང་རྡོ་ཡི་བཟོ་ལྟས་མིག་ཡིད་འཕྲུལ། །
ཞིབ་ཏུ་བསམ་ན་ལྟད་མོ་ཧ་ཅང་ཆེ། །
རྫིང་བུའི་གོང་ན་རྦབ་ཆུའི་གདེངས་ཀ་འཕྱོ། །
དེ་ཡི་ལྦུ་དཀར་རླབས་ཕྲེང་མུ་ཏིག་བཞིན། །
ལུས་སེམས་གསོ་བའི་ཆལ་ཆིལ་སྒྲ་འབྱིན་མ། །
དབྱངས་ཀྱི་རྒྱལ་མོར་བསྒོམས་ནས་ཡུད་ཙམ་གླན། །
ལྷན་སྐྱེས་ཟེག་མ་ལྦུ་ཕྲེང་རི་མོ་ཅན། །
རང་བྱུང་གོས་ཀྱི་སྦུབས་དེར་འཛུལ་བ་དང་། །
བདག་གི་ལུས་ཀྱི་ཆ་ཤས་རེ་རེ་ཡང་། །
ཆུ་ཡི་རྡུལ་དང་ལྷན་ཅིག་འདྲེས་པ་ཚོར། །
ཚད་པས་གདུང་ནས་ཁྲུས་ལ་ཞུགས་པ་མིན། །
འཇིགས་པས་ཉེན་ཏེ་ཆུ་ལ་ལྕེབས་པ་མིན། །
མ་དང་ཆུང་མ་བུ་ཆུང་རྗེ་བོ་བཞིན། །
མཐའ་མེད་བརྩེ་བས་ཁྱེད་ལ་འཁྱུད་པ་ལགས། །
མེ་དང་ཆུ་དང་རླུང་དང་ས་ཡི་ཁམས། །
ཁམས་འདི་དག་ལ་ཁོ་བོ་སྔར་ནས་དད། །
གདོད་མ་རྣམས་ཀྱིས་ལྷ་རུ་བཀུར་བ་ཡི། །
རང་བྱུང་ཉིད་ཀྱི་ལྷ་མོར་ཕྱག་འཚལ་ལོ། །
བསམ་མེད་བྱིས་པ་ལྟ་བུའི་ཉམས་སྣང་འདི། །
ཚོགས་དྲུག་རང་གྲོལ་དངོས་རང་མ་ལགས་ཏེ། །
མ་བཅོས་རང་བྱུང་ཨ་མས་བསྐྱེད་པ་ཡི། །
བྱིས་པའི་སེམས་ཙམ་ད་དུང་ཉར་བ་ལགས། །
དགའ་བའི་འཛུམ་དང་གཙང་མའི་སེམས་གཤིས་འདི། །
འདུ་འཛིའི་ཁྲོམ་ལས་བཞག་སྟེ་མ་སོང་བར། །
ཚེ་ཡི་མཐའ་དང་མཉམ་དུ་འགྲོགས་གྱུར་ན། །
འདི་ཉིད་ཙམ་གྱིས་སེམས་ཁ་གང་བ་ལགས། །
མ་བཅོས་སེམས་དང་ལྷན་ཅིག་སྐྱེས་གྱུར་པ། །
གླེན་པའི་གད་མོ་དེ་ཡིས་ཁྱོད་ལ་སྲུངས། །
བསེར་བུའི་ངད་དང་ཆུ་ཡི་ཟེག་མས་ཀྱང་། །
ཁྱེད་ལ་འདོད་པ་གང་ཡིན་སྦྱིན་པར་ཤོག །
དྭངས་བསིལ་ཆུ་བོ་ལས་ལྷག་ཡིད་འོང་བ། །
འཇིག་རྟེན་ཁམས་ན་གང་ཡང་མ་མཆིས་ཀྱི། །
ཉི་མ་མེ་དང་སངས་རྒྱས་གངྒ་བཞིན། །
ཆུ་མོ་ཡོད་ཚད་བདག་གི་ལྷ་ཡིན་ནོ། །
ཕལ་ཆེར་ཟླ་གམ་ཡང་ན་ཆུ་རིས་བཞིན། །
བང་རིམ་བརྩེགས་པའི་ཞིང་གི་མུ་ཁ་ནས། །
གྲོང་པ་དག་གི་སྒོ་དང་སྒོ་བརྒྱུད་པ། །
འདི་ཡང་འཛད་མེད་སེམས་ཀྱི་ལོངས་སྤྱོད་ཅིག །
གཉའ་ཤིང་རྭ་བར་སྦྲེལ་བའི་རྨོས་མཛོ་དང་། །
རྔུལ་ཆུ་བྲང་ཁར་མདུད་པའི་ཞིང་བདག་སོགས། །
ཧ་ཅང་འདས་པ་འདྲ་བའི་སྣང་རྙན་འདིས། །
ཁོ་བོ་གང་ནས་ཡོང་བ་བརྗེད་པར་བྱས། །
ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་དོན་བྱེད་པའི། །
བུམ་པ་དངོས་དེ་གྲོང་པའི་བུ་མོས་ཤེས། །
རྒྱ་གར་བུད་མེད་གཅིག་གི་མགོ་ལུས་ན། །
རིག་གཞུང་གསར་རྙིང་གཉིས་ཀྱི་ལྟད་མོ་ཡོད། །
སྒེ་ཁུང་དག་ནས་བྱིས་པས་ལྐོག་ལྟ་བྱེད། །
ལམ་འགྲོ་མཐོང་ཚེ་ཡིབ་ཙམ་ཐོན་ཙམ་བྱེད། །
པར་ཆས་ཚད་ན་དགའ་བཞིན་སྔུན་ལ་འཚངས། །
ཁྱོད་ནི་ད་དུང་ལྷད་མེད་དྭངས་གཙང་ལགས། །
གསིལ་གཡབ་འོག་ན་རྒན་རྒོན་ཁ་བརྡ་གློད། །
ཆུ་རྐའི་འགྲམ་ན་སྐྱེས་མས་གོས་སློག་འཁྲུད། །
ར་དང་བ་ལང་གྲོག་མ་དུག་སྦྲང་ཡང་། །
ཆ་ཤས་རེ་ནས་ཡུལ་གྱི་གཤིས་ལ་ཐིམ། །
བདག་ནི་ཁྱེད་ཅག་ཀུན་ལ་གུས་པ་སྟེ། །
ཁྱེད་ཅག་ཡོད་ཚད་བདག་གི་ལྷ་ཡིན་ནོ། །
ལྷ་ཡི་རོལ་དབྱངས་ཉན་པར་སྤྲོ་ལགས་ཀྱི། །
ཁྱེད་ཀྱིས་བདག་ལ་ཕྱག་ལག་གཏོང་བར་མཛོད། །
ཅེས་པ་འདི་ཡང་། ཡུལ་ཆེན་པོ་རྒྱ་གར་གྱི་སའི་ཆ། གངས་རི་དཔལ་དང་ལྡན་པའི་རིའི་རྒྱུད། དཔལ་གྱི་ཡོན་ཏན་དཔག་ཏུ་མེད་པས་བརྒྱན་པའི་བས་མཐའི་སྨན་ལྗོངས་ཤིན་ཏུ་ཡིད་འཕྲོག་པ་ཞིག་ཏུ། རང་བྱུང་གི་མཛེས་སྡུག་ལ་མྱོང་རོལ་བགྱིད་པའི་བསོད་ནམས་དང་བློ་གྲོས་མངོན་པར་དགེ་བའི་གངས་ཅན་གྱི་སྙན་ངག་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བཅོས་མིན་རང་བྱུང་གི་མཛེས་སྡུག་དང་འཚོ་བ་ལ་གཅེས་པའི་བློས་སྤྱི་ལོ་༢༠༡༤ ཟླ་༦ ཚེས་༢༨ ལ་བྲིས་སོ། །
རང་གི་རང་ལ་གངས་ཅན་གྱི་སྙན་ངག་པ་ཟེར་་་ཧཧཧ xxx
ཡག་པོ་བྲིས་འདུག་སྙན་པོ་བྱུང་།
ཨ་བུ་ལགས། ང་ཁྱེད་ལ་སྙིང་ནས་དུང་།
སྙན་དངགས་འབྲི་ན་འདི་མོ་འབྲིས་དགོས་ནས་རེད།
དབུ་མའི་བདག་པོས་ཆུ་རྩེད་རོལ་དབྱངས་ཚེས།།
རང་བཙན་བདག་པོའི་རང་ལུས་མེ་རུ་སྒྲོན།།
གངས་ཅན་དོ་མའི་མཉམ་པའི་དོ་ར་རུ།།
སྤྱི་སྒེར་བསོད་ནམས་ཅན་རྣམས་ཡ་རེ་མཚན།།
ཆུ་ཡི་ལྷ་མོའི་རེག་བྱས་ཚ་གདུང་བཅོམས། །
རྒྱ་གར་བུ་མོས་གཤིས་ཀས་ཐུགས་ངལ་གསོས། །
དྲས་དྲུབས་གླེགས་བུའི་རྣམ་སྦྱར་མཁའ་ལ་བཅོལ། །
ནམ་མཁའི་གོས་ཅན་གཞོན་ནུས་འཛུམ་མདངས་ངོམ། །
ཡོད་ཚད་ལྷ་རུ་ཤར་བའི་གཟིགས་སྣང་དང་།།
ཚོགས་དྲུག་རང་གྲོལ་ལྟ་བུའི་ཉམས་སྣང་དང་། །
གང་ཤར་རྗེན་པར་གྱེར་བའི་གླུ་དབྱངས་བཅས། །
རྣལ་འབྱོར་ཞིག་པོའི་རྐང་རྗེས་སྙོག་ལ་ཁད། །
རྩེད་མཚར་དུ་ཕུལ་ལོ། །
ཉིན་ཐོ་ཞིག་ལས།
སྙན་ངག་ཟེར་ན་ཅི་ལ་འགྲིག།
རྐང་བ་བཅད་པ་ཙམ་ལས།
ཚིག་ལྷུག་རང་གི་ལམ་ན་ཉལ་འདུག
ཆུ་བོའི་ཕ་རོལ་རྐྱལ་མི་བྱ།
མི་བྱ་བའི་ལས་དེ་དག་མི་སྙན་པའི་ཚིག་ན་བརྒྱན་འདུག་པས། གངས་ཅན་པའི་སྙན་ངག་པ་ཚོ། གོ་ས་ནས་ཐང་ལ་གཡུག་འདུག། སྐབས་དེར། མི་མང་གི་ཁ་རྡུང་ལ་སྐྲག་ནས། ཁ་བཙུམ་ནས། མིག་བཙུམ་ནས། ཁ་བརྡ་ཚང་གི་དབང་ལུང་ལ་མགོ་བོ་སྒུར་ནས་བསྡད་མི་འདུག་རང་འདུག་ཡིན་པས། སངས་མ་རྒྱས་བར་དུ། ང་ཁྱེད་ཚོའི་རྐུབ་ན་མ་གཏོགས་སྔུན་ན་མེད། གོ་བྱུང་ངམ། ཧ་ཧ་ཧ།
ཐང་རྒྱལ་རབས་སྐབས་ཀྱི་ལིི་པེའི་སོགས་དྲན་ལམ་དུ་འཁོར་བའི་སྙན་ངག་ཅིག་རེད།