རྡོ་རྗེ་རྒྱལ་མཚན།
༄། གཡུ་འབྲུག་དཀར་པོ་ལགས། ཁ་བརྡ་དྲྭ་དེབ་ཀྱི་ཐོག་ནས་ཁྱེད་ལ་ཡིག་འབྲེལ་བྱེད་སའི་ཁ་བྱང་འདི་འཐོབ་སྟེ། ཁྱེད་ནི་འབྲུག་ཡུལ་ལ་འདྲིས་ཆེ་བར་སྣང་བས། འབྲུག་རྒྱལ་ཁབ་ཏུ་སྤྱོད་བཞིན་པའི་བོད་ཡིག་གི་ཕྲད་ཁ་ཤས་ཀྱི་སྐོར་ལ་དྲི་བ་ཞིག་འདྲི་འདོད་བྱུང་། མཁས་མཁས་ཟེར་མཁན་ཞིག་གིས། བོད་ཡིག་གི་ཕྲད་དཔེར་ན། “ལ་དང་། ཡིན། སོགས། བྱེད་” ཟེར་བ་སོགས་ཀྱི་ཕྲད་འདི་ཚོ་ “འབྲུག་སྐད་ནང་དུ་ནི། ལུ་དང་། ཨིན། ཚུ། འབད་ཟེར་བ་སོགས་ཀྱིས་ཐོག་ནས་བྲིས་འདུག” ཅེས་བཤད་འདུག་པ་དེ་དོན་ལ་གནས་སམ། ཁོང་གི་རྩོམ་ཡིག་ཧྲིལ་བོ་གཤམ་དུ་བཀོད་ཡོད། ལན་ཞིག་གནང་རྒྱུའི་སྐྱབས་འཇུག་ཞུ། བསོད་ནམས་ཚེ་རིང་གིས། གུས་ཕུལ།
ཕྲད་འདི་དག་ལ་ཐུགས་སྣང་མཛད་དང་འབྲུག་གི་དཔེ་དེབ་ཀློག་པ་ལ་དཀའ་ངལ་མེད་།
འབྲུག་ནང་བོད་ཡིག་གི་ཕྲད་འགའ་ལ་དཔྱད་པ། འབྲུག་པའི་བོད་ཡིག་གི་འགྲོས་དེ་སྤྱི་ཁོག་ནས་བཤད་ན། བོད་ནང་གི་བོད་སྐད་དང་གཅིག་མཚུངས་ཡིན་ནའང་སྐབས་སོ་སོར་མི་འདྲ་སའི་བརྡ་ཆད་འགའ་རེ་ཡོད་པ་ནི་ཁམས་སྐད་དང་དབུས་སྐད་ཨ་མདོ་སྐད་སོགས་ཀྱི་ནང་ཕན་ཚུན་ཁྱད་པར་ཅུང་ཟད་རེ་ཡོད་པ་དང་གཅིག་མཚུངས་རེད་འདུག དཔེར་ན་། ལ་དང་། ཡིན། སོགས། བྱེད་ཟེར་བ་སོགས་ཀྱི་ཕྲད་འདི་ཚོ་འབྲུག་སྐད་ནང་དུ་ནི། ལུ་དང་། ཨིན། ཚུ། འབད་ཟེར་བ་སོགས་ཀྱིས་ཐོག་ནས་བྲིས་འདུག་པས་། ཁ་ཤས་ཁམས་ཁུལ་གྱི་ཡུལ་སྐད་ལ་ཧ་ཅང་ཉེ་པོ་འདུག་སྟེ། དཔེ་ན་ལ་ཡི་ཚབ་དུ་ལུ་སྦྱར་བ་འདི་ལྟ་བུ་ནི། ཁམས་དཀར་མཛེས་བ་ཞིག་ཡིན་ན་ཁ་ལ་འཇགས་འཇགས་བ་ཡོད་པ་ཞིག་རེད་། དེ་འང་ཞིབ་ཏུ་བཀོད་ན་འདི་ལྟ་སྟེ། ༡ ལུ=ལ ཚིག་ཕྲད་ལ་ཡིག་ལ་ལུ་ཐོབ་ཚུལ་ནི། མ་འོངས་ཡུན་བརྟན་བཞག་ཐབས་ལ་ཞེས་པར། མ་འོངས་ཡུན་བརྟན་བཞག་ཐབས་ལུ༽་ཞེས་འབྲི་བ་དང་། ཡིག་ཐོག་ལ་བཀོད་ཡོད་ཞེས་པ་ལ། ཡིག་ཐོག་ལུ་༽བཀོད་ཡོད་ཞེས་འབྲི་བ་ལྟ་བུའོ། ༢ ཨིན=ཡིན ཡིན་ཞེས་པའི་ཚབ་ཏུ་ཨིན་འཇུག་པ་ནི། འབྲུག་མི་ཕྱིའི་རྒྱལ་ཁབ་ནང་སྡོད་མི་སོགས་ལ་ཡང་དབང་ཁྱབ་ཡོད་པ་ཡིན་ཞེས་པ་འདི། འབྲུག་མི་ཕྱིའི་རྒྱལ་ཁབ་ནང་སྡོད་མི་ཚུ་ལུ་ཡང་དབང་ཁྱབ་ཡོདཔ་ཨིན༽ཞེས་བྲིས་ཡོད། (ཚུ=སོགས། ལུ=ལ) ༣ ཚུ=སོགས ཚུ་ཞེས་པའི་ཕྲད་འདི་སོགས་སྒྲ་ཡིན་པ་ནི་འདི་ལྟ་སྟེ། འབྲུག་མི་ཕྱིིའི་རྒྱལ་ཁབ་ནང་སྡོད་མི་སོགས་ལ་ཡང་ཞེས་པའི་ཚིག་སྦྱོར་དེ་། འབྲུག་མི་ཕྱིའི་རྒྱལ་ཁབ་ནང་སྡོད་མི་ཚུ་༽ལུ་ཡང་ཞེས་བྲིས་འདུག ༤ འབད=བྱེད བྱེད་ཀྱི་ཚབ་ཏུ་འབད་འབྲི་བ་ནི། གཞུང་འབྲེལ་གྱི་ལས་ཕྲན་དང་། ལས་སྡེ་སོགས་ཀྱིས་བཀྲམ་སྤེལ་བྱེད་བྱེད་བ་ཡིན་ཞེས་པ་དེ་། གཞུང་འབྲེལ་གྱི་ལས་ཕྲན་དང་ལས་སྡེ་ཚུ་གིས་བཀྲམ་སྤེལ་འབད་འབདཝ་ཨིན།ཞེས་བྲིས་འདུག་པ་དང་། དཔར་བསྐྲུན་བྱེད་པ་མིན་པའི་ཡིག་ཆའི་རིགས་ནང་ལ་ཞེས་པའི་ཚིག་སྦྱོར་འདི། དཔར་བསྐྲུན་འབདཝ་མིན་པའི་ཡིག་ཆའི་རིགས་ནང་ལུ ཞེས་བྲིས་འདུག འདིའི་ནང་གི་དཔར་བསྐྲུན་འབད་ཝ་ཞེས་པའི་ཝ་ཡིག་དེ་ལ་ཅུང་དཔྱད་ན། ང་ཚོས་བ་ལ་ཝ་སྒྲ་ཀློག་ནས་། འགྲོ་བ། ཟ་བ། འཐུང་བ། གཏོང་བ། ཟེར་བ་སོགས་ཀྱི་བ་དེ་ཉིད་ལ་ཁོང་ཚོས་ཝ་སྒྲ་ངོ་མ་ཡོད་པའི་ཝ་ཞིག་བྲིས་ནས་ཀློག་བཞིན་འདུག ༥ མ=པ་དང་བ གཏང་བ་ཡིན་པ་ལས་ཞེས་པ་། གཏངམ་ཨིནམ་ལས་ཞེས་འབྲི་ཡོད་དེ་། རྫས་སྦྱོར་ཚུ་(སོགས)གིས་ཤོ་གུ་ཚུ་(སོགས)ཕྲལ་དང་མགྱོགས་སུ་སྦེ་མེདཔ་གཏངམ་ཨིནམ་ལས་ཡིག་ཆ་དེ་ཚུ་(སོགས)ཉམས་སྲུང་དང་རྒྱུན་སྐྱོང་གི་དོན་ལུ་རྫས་སྦྱོར་གྱི་གནོད་ཉེན་བཀག་ཐབས་དང་གསུང་རབས་རྙིངམ་ཉམས་འགྱོ་ནིའི་ཉེན་ཁག་ཡོད་མི་ཚུ་(སོགས)ཡང་མ་འོངས་ཡུན་བརྟན་བཞག་ཐབས་ལུ་མི་ཉམས་རྒྱུན་སྐྱོང་འཐབ་ཨིན། འདིའི་ནང་གི་ཤོ་གུ་ཞེས་པ་ནི་ཤོག་བུ་ལ་ཟེར་བ་ཡིན་ལ། རང་རེས་ཤོག་བུ་ཞེས་ཡིག་ཐོག་ཏུ་འབྲི་ཡང་ངའི་ཕ་ཡུལ་དཀར་མཛེས་དང་། གཞན་དབུས་པ་མང་པོ་ཞིག་གི་ཁ་སྐད་ལ་ཤོ་གུ་ཞེས་ཐོན་འོང་བ་ལས་ཤོག་བུ་ཞེས་པ་མི་ཐོན་པས་། ཤོག་བུ་དང་ཤོ་གུ་གཉིས་ལས་གང་ཞིག་བོད་ཀྱི་སྐད་ཡིག་ནང་གི་ཡི་གེ་ངོ་མ་དེ་ཡིན་ནམ་བསམ་ནས་ང་རང་ཐེ་ཚོམ་འདྲ་སྐྱེ་ཡོང་བ་འདུག དེ་དག་ལ་སོགས་པའི་རྣམ་བཞག་ཕྲན་བུ་བ་འགའ་རེ་མ་གཏོགས་བོད་རང་གི་སྐད་ཡིག་བཀྲུས་ན་མ་དག་པ་ཞིག་ཡིན་པས་། རྗེས་ཕྱོགས་ནས་བརྡ་ཆད་གོང་སྨོས་པ་དེ་དག་ལ་སོགས་པ་འགའ་ཞིག་ལ་ཐུགས་སྣང་མཛད་དང་འབྲུག་གི་དཔེ་དེབ་ཀློག་པ་ལ་དཀའ་ངལ་ཆེ་པོ་གང་ཡང་ཡོད་པ་མི་འདུག་ཞེས་ཞུའོ། ༢༠༡༢་ ༨་༢༡་ མཁས་མཁས་མིང་ཅན་ནས།
བསོད་ནམས་ཚེ་རིང་ལགས། སྐུ་ཉིད་ཀྱིས་འབྲུག་པའི་ཁ་སྐད་ལ་དོ་སྣང་གནང་བར་ངོས་རང་འབྲུག་པ་ཞིག་ཡིན་སྟབས་ཤིན་ཏུ་ནས་དགའ་པོ་བྱུང་། ལྷག་པར་དུ་མཁས་མཁས་མིང་ཅན་གྱིས་བྲིས་པའི་རྩོམ་ཡིག་ལ་བལྟས་པས་བོད་རིགས་རྣམས་ཀྱིས་ཀྱང་ངེད་ཅག་འབྲུག་པའི་སྐད་ཡིག་ལ་དོ་སྣང་གནང་གི་ཡོད་པར་ཤེས་ཚོར་བྱུང་བས་ཧ་ཅང་གི་དགའ་པོ་བྱུང། དེས་ན་སྐུ་ཉིད་ཀྱིས་ང་ལ་འབྲེལ་བ་གནང་བ་དང་ལྷག་དོན་དུ་ཡང་དེ་འདྲའི་རིན་ཐང་ཅན་གྱི་རྩོམ་ཡིག་བསྐུར་གནང་བར་བཀའ་དྲིན་ཆེ་ཞུ།
ད་ནི་དོན་དངོས་ཏེ་སྐུ་ཉིད་ཀྱིས་དྲིས་པའི་དྲི་བ་ལ་ལན་དུ་ཞུ་བ་ནི། རྩོམ་ཡིག་དེའི་ནང་དུ་བཤད་པ་ལྟར། འབྲུག་གི་སྐད་ཡིག་ནི་བོད་ཀྱི་སྐད་ཡིག་དང་གཅིག་མཚུངས་ཡིན་ཀྱང་། འབྲུག་པ་རང་གི་ཐུན་མོང་མ་ཡིན་པའི་བརྡ་ཆད་འགའ་ཞིག་ཡོད་པ་ནི་བདེན་པ་ཡིན། དེ་ཡང་གོང་གི་རྩོམ་ཡིག་ནང་དུ་གསལ་བ་ལྟར། ལ་དོན་གྱི་ཕྲད་ལའི་ཚབ་ཏུ་ལུ་དང་། ཡིན་ཞེས་པའི་ཚབ་ཏུ་ཨིན། བྱེད་ཅེས་པའི་ཚབ་ཏུ་འབད་ཅེས་བྲིས་པ་གོང་གི་དཔེར་བརྗོད་ལྟར་ཡིན། གོང་གི་དཔེར་བརྗོད་དུ་སོགས་ཀྱི་ཚབ་ཏུ་ཚུ་ཞེས་བྲིས་པར་བཀོད་པ་ནི་ཅུང་ཟད་མ་དག་པ་སྟེ། ཚུ་ཞེས་པ་སྐབས་རེར་སོགས་ཀྱི་དོད་དུ་བེད་སྤྱད་པ་ཡོད་སྲིད་ཀྱང་། ཕལ་ཆེ་བ་ནི་རྣམས་ཞེས་པའི་དོད་དུ་སྤྱད་བཞིན་ཡོད། གསུང་རབ་རྙིངམ་ཉམས་འགྱོ་ནིའི་ཉེན་ཁ་ཡོད་མི་ཚུ་ཞེས་པ་ནི་གསུང་རབ་རྙིང་པ་ཉམས་འགྲོ་རྒྱུའི་ཉེན་ཁ་ཅན་རྣམས་ཞེས་པའི་དོན་ཡིན། པ་བའི་ཚབ་ལ་མ་སྤྱད་པ་ཞེས་པའི་ཐད་ལ། ཡོངས་གྲགས་སུ་དེ་ལྟར་སྤྱད་པ་བདེན་རུང་། ཁ་ཤས་ཀྱིས་པ་གང་ཡིན་པར་སྤྱད་པ་ཡང་ཡོད། དཔེར་ན་གསུང་རབ་རྙིངམ་ཞེས་པའི་དོད་དུ་གསུང་རབ་རྙིངཔ་ཞེས་བྲིས། ཡོངས་གྲགས་སུ་འབྲུག་པའི་ཁ་སྐད་ཡིག་ཐོག་ཏུ་འབྲི་རྒྱུར་སྤྱི་ལོ་༡༩༦༠ རེ་གྲངས་ལ་སྲོལ་གཏོད་པར་བཞེད་ཀྱང་། གཞུང་འབྲེལ་གྱི་ཐོག་དང་། འབྲུག་སྐད་ཡིག་ཐོག་འབྲི་རྒྱུའི་བརྡ་སྤྲོད་པའི་གཞུང་དུས་དེ་ནས་འགོ་བརྩམས་པ་མ་གཏོགས། འབྲུག་སྐད་ཡིག་ཐོག་ཏུ་འབྲི་བའི་སྲོལ་ནི་དེ་སྔོན་ནས་ཡོད་འདུག་སྟེ་འབྲུག་གི་ཡིག་ཆ་རྙིང་པའི་ཁྲོད་ན་འབྲུག་སྐད་ཀྱིས་བྲིས་པ་མང་དུ་སྣང་ངོ་། །དེ་དག་གི་ནང་ནས་གཅིག་ནི་དུས་རབས་༡༧ པའི་དུས་སུ་བོད་གཙང་སྙེ་མོ་ནས་འཁྲུངས་པའི་པད་གླིང་གསུམ་པ་ཀུན་མཁྱེན་ཚུལ་རྡོར་གྱིས་བྲིས་པ་སྟེ། དེའི་མཚན་དུ་ལྷོ་པའི་ཁ་ལབ་བློ་གསལ་སྒོ་འབྱེད་ཅེས་ཟེར། དེར་དེང་སང་འབད་ཅེས་བྲིས་པར་ཁོང་གིས་བྱ་ཞེས་བྲིས། དེང་སང་ཨིན་པས་ཞེས་བྲིས་པར་ཁོང་གིས་ཡིན་བད་ཅེས་བྲིས་འདུག། སྤྱིར་འབྲུག་པའི་ངག་གཤིས་ལ་བརྡ་ཆད་ཐུན་མོང་མ་ཡིན་པ་ཡོད་ཀྱང་། ཡིག་ཐོག་ལ་འབྲི་ཚེ་ཡི་གེའི་དག་ཆ་བོད་སྐད་ཇི་བཞིན་པ་བཀོལ་ཡང་མི་རུང་བ་མེད་མོད། འོན་ཀྱང་འབྲུག་པའི་ཡི་གེ་བ་རྣམས་ཀྱིས་ཡི་གེ་ཀློག་ཚུལ་དེ་འབྲུག་པའི་ངག་གཤིས་ལྟར་མིན་པར་བོད་ཀྱི་ངག་གཤིས་ལྟར་ཀློག་པར་བྱེད་པས། འབྲུག་པའི་ངག་གཤིས་ལ་ཡོད་པའི་བརྗོད་སྒྲ་དང་མཐུན་པའི་བརྡ་ཆད་གསར་དུ་མི་བཟོ་ཀ་མེད་བྱུང་བར་སྣང་། དཔེར་ན་འབྲུག་པའི་ངག་གཤིས་ལ་ལས་ཀ་འདི་བྱ་འདི་བྱེད་སོགས་ཀྱི་སྐབས་འབད་ཅེས་པའི་བརྗོད་སྒྲ་ཐོན་པས། ཡི་གེ་བ་རྣམས་ཀྱིས་བྱ་ལ་འབྲུག་པའི་ངག་གཤིས་དང་བསྟུན་ནས་བཡ་འམ་འབད་ཅེས་པའི་སྒྲ་བཏོན་ནས་ཀློག་ན། ཡི་གེའི་དག་ཆ་བྱ་འདིས་འཐུས་པར་འདུག་ཀྱང་། ཡི་གེ་བ་རྣམས་ཀྱིས་བྱ་ལ་བཡ་འམ་འབད་ཅེས་འབྲུག་པའི་ངག་གཤིས་དང་བསྟུན་མི་ཀློག་པར་བོད་ཀྱི་ངག་གཤིས་ལྟར་ཇ་ཞེས་ཀློག་པས། འབྲུག་པའི་སྐད་ཐོག་ཏུ་ལས་ཀ་འདི་བྱ་འདི་བྱེད་སོགས་འབྲི་དགོས་ཚེ་བྱ་ཞེས་འབྲི་ན་ཇ་ཞེས་ཀློག་པར་བྱེད་པས་ལས་ཀ་བྱེད་པའི་དོན་སྟོན་ནུས་པའི་སྒྲ་མ་ཐོན་པར་བརྟེན་བརྡ་འཕྲོད་མི་ནུས་པས། བརྡ་འཕྲོད་ནུས་པའི་དགོས་པ་ལ་ལྟོས་ན་དེ་ལྟར་གསར་དུ་བརྩམས་པ་ཡིན་པར་སྣང་ངོ་། །དེ་ཙམ་གྱིས་སྐུ་ཉིད་ཀྱིས་དོགས་པ་སེལ་བའི་རེ་བ་དང་བཅས་གུས་རྡོ་རྗེ་རྒྱལ་མཚན་པས་ཕུལ།
་་་་། འདིའི་ནང་གི་དཔར་བསྐྲུན་འབད་ཝ་ཞེས་པའི་ཝ་ཡིག་དེ་ལ་ཅུང་དཔྱད་ན། ང་ཚོས་བ་ལ་ཝ་སྒྲ་ཀློག་ནས་། འགྲོ་བ། ཟ་བ། འཐུང་བ། གཏོང་བ། ཟེར་བ་སོགས་ཀྱི་བ་དེ་ཉིད་ལ་ཁོང་ཚོས་ཝ་སྒྲ་ངོ་མ་ཡོད་པའི་ཝ་ཞིག་བྲིས་ནས་ཀློག་བཞིན་འདུག
ཞེས་དང་།
་་་་། དེ་ཡང་གོང་གི་རྩོམ་ཡིག་ནང་དུ་གསལ་བ་ལྟར། ལ་དོན་གྱི་ཕྲད་ལའི་ཚབ་ཏུ་ལུ་དང་། ཡིན་ཞེས་པའི་ཚབ་ཏུ་ཨིན། བྱེད་ཅེས་པའི་ཚབ་ཏུ་འབད་ཅེས་བྲིས་པ་གོང་གི་དཔེར་བརྗོད་ལྟར་ཡིན། གོང་གི་དཔེར་བརྗོད་དུ་སོགས་ཀྱི་ཚབ་ཏུ་ཚུ་ཞེས་བྲིས་པར་བཀོད་པ་ནི་ཅུང་ཟད་མ་དག་པ་སྟེ། ཚུ་ཞེས་པ་སྐབས་རེར་སོགས་ཀྱི་དོད་དུ་བེད་སྤྱད་པ་ཡོད་སྲིད་ཀྱང་། ཕལ་ཆེ་བ་ནི་རྣམས་ཞེས་པའི་དོད་དུ་སྤྱད་བཞིན་ཡོད། ་་་་་་
ཧི་མ་ལའི་སྐད་ཡིག་སྟེ་བོད་ཡིག་འབྲུག་ཡིག་སོགས་མིང་ཐ་དད་དུ་གྲགས་ཅིང་སྐད་ཀྱི་རང་གདངས་ལས་མ་ཉམས་པར་ཡོད་པ་ཀ་ཁ་སོགས་ཀྱི་ཡི་གེ་འདི་ཡིན། འདི་ལྟ་བུའི་ཁ་སྐད་དང་ཡི་གེའི་བར་ཁྱད་ཡོད་པ་ཡུལ་ལུང་སོ་སོའི་སྐད་བརྡའི་ཐ་སྙད་དེ་དག་ཡི་གེའི་སྐད་ལ་སྦྱོར་མི་རུང་བ་གོང་གི་༼སོགས༽༼རྣམས་༽ལ་ཚུ་དང་། ༼ ལ ༽ལ་ལུ། ༼ ཡིན ༽་ལ་ཨིན། ༼འབད༽ལ་བྱེད་ལྟ་བུ་ཁ་སྐད་ལ་སྦྱོར་རུང་ཡང་ཡིག་སྐད་ལ་སྦྱོར་མི་རུང་།
ངས་འབྲུག་རྒྱང་སྒྲོག་གི་གསར་འགྱུར་སོགས་ལ་ལྟ་སྐབས་འབྲུག་སྐད་དུ་ཚུ་ཞེས་པ་དེ་ཚོ་འདི་ཚོ་ཞེས་པའི་ཚོ་དང་གཅིག་པ་མིན་ནམ་སྙམ་པ་བྱུང་ཡང་ཏན་ཏན་མ་ངེས།
རྒན་མིག་བརྒྱད་པ་ལགས་ཀྱིས་གསུངས་པ་ལྟར་ཁ་སྐད་ཀྱི་བརྡ་ཆད་ཐུན་མོང་མ་ཡིན་པ་རྣམས་ཡིག་སྐད་དུ་སྦྱོར་མི་རུང་བར་བདེན་ཡང་འདིར་འབྲུག་པའི་ཡིག་སྐད་དུ་དེ་ལྟར་མ་སྦྱོར་ཀ་མེད་བྱུང་ཡོད། དེ་ཡང་འབྲུག་རྒྱལ་ཁབ་འདི་ཉིད་ཆུང་ཆུང་ཞིག་ཡིན་རུང་དེར་སྒང་གཤོངས་ཀྱིས་བཅད་པའི་ལུང་ཚན་བྱེ་བྲག་པ་མང་དུ་ཡོད་ཅིང་། ལུང་ཚན་རེ་རེ་ལ་ཁ་སྐད་རེ་རེ་ཡོད་པས། འབྲུག་པའི་སྤྱི་སྐད་ཅིག་མེད་ན་འབྲུག་གི་སྲིད་དོན་རླབས་ཆེན་བསྒྲུབ་པ་ལྟ་ཞོགས། ཐ་ན་འབྲུག་པ་ནང་ཕན་ཚུན་འབྲེལ་འདྲིས་བྱེད་པ་ཙམ་ལ་ཡང་དཀའ་ངལ་ཕྲད་ངེས་པ་རེད། དེར་བརྟེན་དཀའ་ངལ་དེ་དག་བསལ་ཆེད་དུ་འབྲུག་པའི་སྤྱི་སྐད་གཏན་འབེབས་མཛད་ཅིང་། སྤྱི་སྐད་དེ་ཀུན་ལ་སྤེལ་ཕྱིར་ཡིག་སྐད་དུ་གཏན་འབེབས་མཛད་ཡོད། དེས་འབྲུག་པ་རྣམས་ལ་ཆོས་སྐད་ཀྱི་ཤེས་ཡོན་ཐོབ་རྒྱུར་འགོག་རྐྱེན་བྱས་ཡོད་ཀྱང་། སྲིད་དོན་བསྒྲུབ་པ་ལ་ཕན་ཁྱད་ཆེན་པོ་བྱུང་ཡོད།
གལ་ཏེ་སྤྱི་སྐད་དེ་གཏན་འབེབས་མ་མཛད་པར་འབྲུག་པ་རྣམས་ཀྱིས་ཆོས་སྐད་དེ་རང་སྦྱངས་བསྡད་པ་ཡིན་ན། འབྲུག་པ་ལུང་ཚན་སོ་སོའི་མི་རྣམས་ཕན་ཚུན་འབྲེལ་བ་བྱེད་ཚེ་ཡིག་ཐོག་ནས་འབྲེལ་བ་བྱེད་རྒྱུར་དཀའ་ངལ་མི་འཕྲད་རུང་། ངག་ཐོག་ནས་འབྲེལ་བ་བྱེད་རྒྱུར་དཀའ་ངལ་ཕྲད་ངེས་པ་རེད། དཔེར་ན་སྤྱི་སྐད་གཏན་འབེབས་མ་མཛད་པའི་སྔ་རོལ་དུ་སློབ་གྲྭ་རྣམས་སུ་དགེ་རྒན་གྱིས་སློབ་སྟོན་གནང་དུས་དགེ་རྒན་སོ་སོའི་རང་གི་ལུང་སྐད་བེད་སྤྱད་ནས་སློབ་སྟོན་གནང་ཡོད་པས་སློབ་ཕྲུག་རྣམས་གོ་མ་ཐུབ་པའི་དཀའ་ངལ་ཕྲད་ཡོད་པའི་ལོ་རྒྱུས་ཡོད་པ་ལྟར་ཡིན།
སྤྱི་སྐད་དེ་ཡིག་སྐད་དུ་གཏན་འབེབས་མ་མཛད་ན་སྤྱི་སྐད་དེ་འབྲུག་པ་ཡོངས་ཀྱིས་ཤེས་ཐུབ་ཐབས་མ་མཆིས་ཤིང་། འབྲུག་པ་ཡོངས་ཀྱིས་མ་ཤེས་ན་སྤྱི་སྐད་ཡོད་ཀྱང་དགོས་པ་ཆུང་བས་སྤྱི་སྐད་དེ་ཉིད་ཡིག་སྐད་དུ་གཏན་འབེབས་མཛད་ཡོད་རེད། དུས་དེ་ནས་བཟུང་སྟེ་སློབ་གྲྭའི་སློབ་ཚན་རྣམས་ཀྱང་སྤྱི་སྐད་དེ་ཉིད་ཀྱི་སྟེང་ནས་བརྩམས་ཡོད་ཅིང་། གཞུང་འབྲེལ་གྱི་ཡིག་ཆ་རྣམས་ཀྱང་སྤྱི་སྐད་དེའི་སྟེང་དུ་བཀོལ་ནས་ད་བར་མི་རབས་གཅིག་ལྷག་ཙམ་འདས་ཡོད།
སྤྱི་སྐད་ཡིག་སྐད་དུ་གཏན་འབེབས་མཛད་དགོས་པའི་རྒྱུ་མཚན་གཅིག་ནི་ཡིག་སྐད་དུ་ཆོས་སྐད་བཀོལ་ཞིང་། ཁ་སྐད་དུ་རྫོང་ཁ་བཀོལ་ན་ཁ་སྐད་དང་ཡིག་སྐད་ཀྱི་བར་དུ་བར་ཐག་ཆེ་རིང་བར་འགྱུར་ལ། དེས་ཡི་གེ་མ་སྦྱོང་མཁན་རྣམས་ལ་ཡིག་ཐོག་ནས་བརྡ་སྤྲོད་པའི་ནུས་པ་གཏན་ནས་བྲལ་བར་འགྱུར་བས། དེ་ལས་ལྡོག་པའི་ཕྱིར་དུ་ཡང་ཡིན། དེ་ཡང་ཡིན་ཏེ། ཆོས་སྲིད་གཉིས་ཀྱི་གནད་དོན་གང་རུང་ཞིག་རྫོང་ཁའི་སྟེང་དུ་བྲིས་བཞག་པ་ཡིན་ན་ཡི་གེ་ཤེས་མཁན་ཞིག་གིས་ཀློག་ཡོང་ཚེ་དེར་ཡོད་པའི་འབྲུག་མི་ཡི་གེ་སྦྱངས་མཁན་དང་མ་སྦྱངས་མཁན་ཀུན་གྱིས་ཁྱད་མེད་དུ་གོ་ནུས་པ་ལྟ་བུ་རེད།
དེས་ན་འབྲུག་པའི་སྤྱི་སྐད་དམ་རྫོང་ཁའི་ངག་གཤིས་སུ་ཇི་ལྟར་ཡོད་པ་དེ་ལྟར་འབྲུག་པའི་ཡིག་སྐད་དུ་སྦྱོར་བ་ལ་མི་རུང་དང་མི་རིགས་པ་གང་ཡང་མེད་ཅིང་ལྷག་པར་དུ་ཡང་ཆེས་རིགས་ཤིང་འཐད་པ་ཉིད་དེ། འབྲུག་པའི་སྤྱི་སྐད་ཡིག་སྐད་དུ་བཟོ་དགོས་པའི་དམིགས་ཡུལ་ཁོ་རང་ཁ་སྐད་དང་ཡིག་སྐད་གཅིག་མཚུངས་ཡོངས་ཐབས་ཀྱི་ཆེད་དུ་ཡིན་པས་སོ། །
འབྲུག་པའི་ཁ་སྐད་ཡིག་སྐད་དུ་བཟོས་པས་བཀའ་བསྟན་གྱི་ཡིག་སྐད་ལ་གནོད་པ་འབྱུང་བ་དོགས་ན། དེ་ལྟར་དོགས་པ་དོན་མེད་དེ། འབྲུག་པས་འབྲུག་པའི་སྤྱི་སྐད་དེ་ནི་འབྲུག་པ་འབའ་ཞིག་གིས་ཆེད་དུ་སྤྱོད་པ་ལས་གཞན་གྱི་ཆེད་དུ་མི་སྤྱོད་ཅིང་། དེ་ཡང་སྲིད་དོན་གྱི་ཆེད་དུ་མ་གཏོགས་ཆོས་ཀྱི་ཕྱིར་དུ་མི་སྤྱོད་པས་སོ། །
མཁས་དབང་གཡུ་འབྲུག་ལགས་ཀྱིས་ངོ་སྤྲོད་གནང་བར་བློ་སྐྱེད་འཕེལ་སོང་། ཐུགས་རྗེ་ཆེ། རྩ་བ་བོད་ཡིག་གི་གདངས་ལས་མ་ཉམས་པར་ཡོད་པའི་ཡུལ་ལུང་སོ་སོའི་ཁ་སྐད་ལ་ཞིབ་འཇུག་གནང་བ་ནི་ཤིན་ཏུ་གལ་ཆེ་བར་བདག་གིས་སེམས། བོད་སྤྱིའི་སྐད་ཡིག་ནི་སུམ་རྟགས་དག་གསུམ་དང་བསྟུན་ནས་འགྲོ་དགོས་པ་དེ་ཡང་གལ་ཆེན་པོར་མཐོང་གི་འདུག །འདིའི་ཐད་དགེ་བཤེས་ཤེར་རྒྱམ་ལགས་ཀྱིས། རང་སྐད་བསྒྱུར་རྒྱུ་དང་གཅིག་སྐད་ཀུན་གོ་ཧ་ཅང་དཀའ་ངལ་ཆེ་བས་གང་ལ་གང་འོས་སུ་ཡུལ་ལུང་སོ་སོའི་བརྡའང་མ་བཀོལ་ན་མཐར་གང་ལ་ཕན་མི་ཐོགས་པའི་ཡ་མ་ཆ་ཞིག་ཏུ་བསྒྱུར་ཉེན་མཆིས། ཞེས་གསུངས་པ་ལྟར་ཁྱེད་རྣམ་པས་འདི་ལྟར་ཞིབ་དཔྱོད་གནང་བ་ནི་གནད་ཅིག་ཏུ་མཐོང་བས། སླད་མའི་ཆར་ཡང་འདི་ལྟ་བུའི་བརྡ་སྤྲོད་ཀྱི་ཆ་ལ་རྟུན་པ་བསྐྱེད་པ་གལ་ཆེའོ།།
འབྲུག་པའི་སྤྱི་སྐད་འབྲུག་ཤར་ཕྱོགས་སྐད་དུ་དགོས་མཁོ་མ་མཐོང་བ་ཡིན་ནམ།
གང་ཤེས་འབྲུག་པ་ལ་བོད་པའི་རིག་གཞུང་མ་གཏོགས་ཕུག་གཏུག་ས་མི་འདུག དེ་བཟོ་བཅོས་མང་པོ་མ་བརྒྱབ་ན་ཡག་པོ་འདུག བོད་པའི་རིག་གཞུང་འཕྲོ་བརླགས་གཏོང་མཁན་རང་རེད།
རིག་གནས་ཤིག་གིས་ཁྱབ་ཚད་ཅི་ཙམ་ཆུང་དུ་སོང་བ་དེ་ཚོད་ཀྱི་རིག་གནས་དེ་ཉམས་རྒུད་ཀྱི་ཕྱོགས་སུ་སྐྱོད་ཀྱི་ཡོད། རིག་གནས་དེ་ཁྱབ་ཆུང་རུ་ཕྱིན་ཞེས་པའང་རིག་གནས་དེ་བཀོལ་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་པའི་དོན་དེ་རང་རེད། ཧི་མ་ལའི་འཁོར་ཡུག་འདིར་གནའ་བོ་ནས་གཅིག་གྱུར་གྱི་རིག་གནས་ཡོད་པ་རྒྱུན་འཛིན་དང་དར་སྤེལ་ཐུབ་ན། རི་བོ་འདིའི་ཉིན་སྲིབ་ལ་གནས་འཆའ་བའི་མི་རིགས་འདི་ཡུན་གནས་དང་། མདུན་སྐྱོད་ལ་ཕན་རླབས་ཆེན་པོ་ཡོད་པར་སེམས། མི་རིགས་གཞན་གྱིས་ལུང་སྐད་བཞག་ནས་སྤྱི་སྐད་སྤྱོད་ཀྱིན་པ་དེས་རིག་གཞུང་གི་ནུས་པ་ཇེ་ཆེར་བཏང་བ་དང་། མི་རིགས་དེའི་ངོ་བོ་སྲུང་འཛིན་ལའང་རྨང་གདན་སྲ་མཁྲེགས་ཤིག་གཏོང་བའི་ཕུག་རྒྱང་རིང་བའི་དམིགས་འདུན་དེ་མངོན་གྱུར་བྱས་པ་མ་ཡིན་
ནམ།
རྡོ་ཤུལ་རྡོ་ལྗོངས་རྩ་འགབ་ཚང་རྣམས་ལ་ཞུ་རྒྱུ། འབྲུག་པའི་སྤྱི་སྐད་གཏན་ལ་འབེབས་དུས་འབྲུག་ནུབ་ཕྱོགས་པའི་ཁ་སྐད་འདེབས་དགོས་པའི་རྒྱུ་མཚན་བཞི་ཙམ་ཞིག་མཐོང་། དེ་ནི༡༽ནུབ་ཕྱོགས་པའི་སྐད་དམ་རྫོང་ཁ་ཞེས་པ་དེ་སྔར་ནས་དཔོན་ཁག་རྣམས་འཛོམས་དུས་སུ་སྤྱི་སྐད་ལྟ་བུར་ལག་ལེན་འཐབ་ཡོད་པ། ༢༽ཁ་སྐད་དེ་ཕལ་ཆེར་ཆོས་སྐད་དང་འདྲ་ཞིང་འབྲུག་པའི་ཁ་སྐད་རྣམས་ཀྱི་ནང་ནས་བརྡ་སྤྲོད་པའི་བསྟན་བཅོས་དང་མཐུན་ཆེ་བ། ༣༽ཁ་སྐད་དེ་ཉིད་སྔོན་བྱོན་རྒྱལ་བ་གོང་མ་རྣམས་ཀྱིས་ཀྱང་ཡིག་སྐད་དུ་བེད་སྤྱད་གནང་ནས་ཁ་སྐད་དེའི་སྟེང་དུ་རྩོམ་ཡིག་བྲིས་ཡོད་པ། ༤༽འབྲུག་མངའ་བདག་རྒྱལ་པོ་ཡབ་སྲས་རྣམས་ཀྱིས་ཀྱང་ཁ་སྐད་དེ་སྤྱོད་བཞིན་ཡོད་པ་སྟེ་རྒྱུ་མཚན་རྣམ་པ་བཞིས་སྤྱི་སྐད་དུ་གཏན་འབེབས་གནང་བ་ཡིན་པར་སྣང་།
འབྲུག་པས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ལ་གཞི་བཅོལ་ནས་རང་གི་ལུང་པའི་ཁ་སྐད་དང་མཐུན་པའི་སྤྱི་སྐད་གཏན་འབེབས་བྱས་པ་ལས་བོད་པའི་རིག་གཞུང་ལ་བཟོ་བཅོས་བྱས་པ་མེད་དེ། དཔེར་ན་བོད་ཀྱི་བརྡ་སྤྲོད་པའི་ཡི་གེ་དང་བསྟན་བཅོས་ཀུན་གྱི་རྩ་བ་སུམ་རྟགས་གཉིས་བོད་ཀྱི་མཁས་པ་ཡོངས་ཀྱིས་ཐུ་མིས་བརྩམས་པར་བཞེད་པ་ལྟར་བདག་ཅག་འབྲུག་པས་ཀྱང་དེ་ལྟར་འདོད་ཅིང་། དེའི་བསྟན་བྱར་གྱུར་པའི་དོན་རྣམས་ངེད་ཅག་གི་ཁ་སྐད་དང་མ་མཐུན་རུང་ཁ་སྐད་དང་བསྟུན་ཐབས་ཀྱིས་འགྱུར་བཅོས་བྱེད་པ་སོགས་མ་བྱས་པར་སྔར་གང་ཡིན་པར་བཞག་ཡོད་པ་ལས། འགྱུར་བཅོས་བཏང་མེད་པ་ཀུན་གྱིས་ཐུགས་ལ་མངའ་བར་ཞུ།
བོད་ཀྱི་རིག་གཞུང་ལ་འགྱུར་བཅོས་གཏོང་མཁན་ནི་འབྲུག་པ་མིན་པར་བོད་པའི་སྤྱི་ཚོགས་ནས་བྱུང་དང་བྱུས་མུས་འདུག་པས་རྡོ་ཤུལ་ལགས་ཀྱིས་སླབ་སྟོན་གནང་རྒྱུ་ཡོད་ན་དེ་ལ་གནང་རོགས་ཞུ། དེ་ཡང་དཔེར་ན་ད་ལྟའི་བར་དུ་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་རྩོམ་མཁན་ཐུ་མི་ཡིན་པ་ཡོངས་གྲགས་ཡིན་ཀྱང་དེང་སང་ཐུ་མི་ཞེས་པ་གཞི་མ་གྲུབ་པའི་ལྟ་ཚུལ་འཛིན་མཁན་དང་། དེ་ལ་བརྟེན་ནས་བོད་ཡིག་ཀྱི་བྱུང་ཁུངས་རྒྱ་གར་གྱི་ཡི་གེ་ཡིན་པར་འདོད་པ་ཡང་རྫུན་གྱི་ཕུང་པོ་ཡིན་པ་དང་། དེ་ལྟར་བཤད་མཁན་རྣམས་ལ་ཡང་མི་ཆོས་བླ་མའི་རྫུན་གྱི་གོང་མ་ལྷ་ཆོས་བླ་མའི་རྫུན་བཤད་པའི་ཉེས་པ་བཀལ་བ་སོགས་བྱུང་དང་བྱུང་མུས་འདུག་པ་ཁྱེད་ཀྱིས་གཟིགས་ཡོད་ལས་ཆེ།
སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ལྷག་དོན་དུ་ཡང་སྐད་ཡིག་ནི་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་བརྟེན་འགྲོ་བ་མི་རིགས་ཀྱི་རྣམ་དཔྱོད་ཡར་རྒྱས་གོང་འཕེལ་དང་བསྟུན་སྐད་ཡིག་ལ་ཡང་གོང་འཕེལ་འགྲོ་བ་ནི་ཆོས་ཉིད་ཡིན། དེར་བརྟེན་སྔར་གྱི་བརྡ་སྤྲོད་ཀྱི་བསྟན་བཅོས་ཀྱིས་དེང་སང་གི་ཁ་སྐད་ལ་ཁྱབ་མི་ནུས་པས་དེང་དུས་ཀྱི་ཁ་སྐད་དང་བསྟུན་པའི་བརྡ་སྤྲོད་པའི་བསྟན་བཅོས་བརྩམས་པ་ནི་མི་རིགས་ཀྱི་སྲོག་རྩ་སྐད་ཡིག་ཉམས་སྲུང་གི་ཆ་རྐྱེན་བསྐྲུན་པ་ཡིན་ནོ། །འོན་ཀྱང་སྔ་དུས་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་དེང་དུས་ཀྱི་ཁ་སྐད་དང་བསྟུན་ཐབས་ཀྱིས་འགྱུར་བཅོས་བྱེད་པ་དང་། ལྷག་དོན་དུ་ཡང་རང་ཉིད་ཀྱི་ཞེ་འདོད་དང་བསྟུན་ཕྱིར་འགྱུར་བཅོས་བྱེད་པ་དང་། ཕྱིན་ཅི་ལོག་གི་འགྲེལ་བཤད་བྱེད་པ་སོགས་ཀྱིས་སྐད་རིགས་ཉམས་སྲུང་ལ་ཕན་རླབས་གང་ཡང་མེད་པ་ཟད། སྔར་གྱི་ལོ་རྒྱུས་ལ་གཏོར་བཤིག་བཏང་བས་དེ་ལྟ་བུའི་བྱ་བྱེད་པའི་གང་ཟག་ནི་ཤིན་ཏུ་ནས་ཐ་ཆད་པ་ཞིག་ཏུ་ངོས་འཛིན་བྱེད་པ་ལ་ངོ་གནོང་དགོས་པ་མི་འདུག་སྙམ་མོ། །