ཁྲོ་གཏུམ།
རི་བོ་དྲན་ཚུལ།
བསམ་སྤྱོད།
ཁྱོད་ཀྱིས་རི་བོའི་མདུན་དུ་རོ་བོ་ཞིག་བརྒལ་ན་ཡང
རི་ཚོགས་ཀྱི་ཕྲེང་ནི་གོམ་པའི་སྟངས་སྟབས་བཞིན་བང་རིམ་གྱིས་བརྩེགས་ལ
རྐང་སྣེར་འཐམ་པའི་ཕྱིར་དྲན་གྱི་རི་མོ་ཐར་ཐོར
རི་བོའི་ཚུར་རོལ་གྱི་ཆུ་མོ་དང་ལྷན་དུ་བཞུར་གྱིན་འདུག
རི་བོ་ནི་ཚེ་སྲོག་ཅིག་གི་ཡུན་དང་མཉམ་ན
ཚེ་སྲོག་ནི་རི་ལུང་གྲངས་མེད་ཀྱི་པང་དུ་གནས་ཤིང
རི་བོའི་ཚེ་སྲོག་མི་མཐོང་ཞིང
ཚེ་སྲོག་གིས་སྨུག་རྒྱུའི་ཁྲོད་ཀྱི་རི་བོ་འཚོལ་བཞིན་འདུག
ཁྱོད་ཀྱིས་རི་བོའི་རྩེ་ནས་རི་བོ་ལ་ལྟ་དུས
ལུང་མདོའི་མི་ཚོགས་ཀྱིས་ཁྱོད་རང་ལ་བལྟ་ཞིང
མིག་མཐའ་མི་ཟིན་པའི་རྒྱང་རིང་གི་རི་བོ་དེ་ཡང
ཁྱོད་དང་མཉམ་དུ་ཁྱོད་ལ་བལྟ
རི་བོ་མང་པོ་མང་པོ་ཞིག་ལ
ཁྱོད་ཀྱིས་བལྟས་ཤིང་རི་བོའི་མཐོང་ན་ཡང
རི་བོའི་ཕ་རོལ་གྱི་ཕ་རོལ་ནས
ཁྱོད་རང་ཆུ་ཕྲན་བརྒྱུད་ནས་ལོག་བཞིན་འདུག
ནུབ་བྱང་མི་རིགས་སློབ་ཆེན་ནས།
ཕྲན་དཔྱད་ཐུང་ཐུང་ཞིག
སྙན་ངག་འདི་བརྡ་ཆད་གཙོ་བོ་འདི་དག་གིས་གྲུབ་འདུག་སྟེ། ཚན་པ་དང་པོའི་ནང་། རི་བོའི་ཚུར་རོལ་གྱི་ཆུ་མོ་དང་ལྷན་དུ་བཞུར་གྱིན་འདུག ཚན་པ་གཉིས་པ། ཚེ་སྲོག་གིས་སྨུག་རྒྱུའི་ཁྲོད་ཀྱི་རི་བོ་འཚོལ་བཞིན་འདུག ཚན་པ་གསུམ་པ། ཁྱོད་དང་མཉམ་དུ་ཁྱོད་ལ་བལྟ། ཚན་པ་བཞི་བ། མཐའ་འཇུག་ཆུ་ཕྲན་བརྒྱུད་ནས་ཡོང་བཞིན་འདུག འདི་དག་ནི་སྙན་ངག་འདིའི་ནང་གི་ཐ་སྙད་ཀྱི་ངོས་ནས་ནུས་ཤུགས་ཆེ་ཤོས་དག་རེད་ལ། ད་རུང་མེད་དུ་མི་རུང་བའི་སྙན་ངག་འདིའི་རྒྱན་ཆ་ཡང་ཆགས་འདུག
རྩོམ་པ་པོའི་བློས་བསླངས་ཁྲོད་ནས་ཡང་འདི་དག་བརྗོད་གཞི་ལ་བཙོ་སྦྱངས་བྱས་པའི་སྡོམ་ཚིག་ལྟ་བུ་ཡིན་ཚེ། ཀློག་པ་པོའི་ངོས་ནས་ཀྱང་བསམ་གཞིག་གི་བར་སྟོང་འཁྱིལ་ས་འདི་དག་རེད་འདུག དཔེར་ན། མཚོན་བྱེད་རིང་ལུགས་ལྟར་ན། རྒྱ་མཚོ’འི་ཁུག་རྟ་ལྟ་བུ་རེད། དེ་ལ་རྒྱབ་ལྗོངས་ཀྱི་མཚོན་དོན་ཞིག་ཡོད་པ་བཞིན། འདི་ལ་ཡང་ངོས་འཛིན་གྱི་གཞི་ཞིག་རྩོམ་པ་པོས་ཐག་གཅོད་བྱས་པ་ཡིན་ན། དེ་ལས་འཕྲོས་པའི་བསམ་གཞིག་གང་མང་ཞིག་ཀློག་པ་པོར་སྟེར་སྲིད་ངེས།
རྩོམ་པ་པོས་”ཁྱོད་ཚོ་ཡང་རི་བོ་ནང་བཞིན་རི་བོ་ལྟར་འགུལ་ནས་ཧི་མ་ལ་ཡའི་ལག་རྡེང་ང་དང་སྦྲེལ་ནས་ང་དང་ང་ལ་ལྟ་ཞིང་ང་ཡིས་ཀྱང་རི་བོ་ནང་བཞིན་ཁྱོད་དང་ཁྱོད་ལ་བལྟ་ཞིང་། སྐད་ཅིག་མའི་འགྱུར་བ་བསགས་ནས་ཕར་ངོས་དང་ཚུར་ངོས་འཚོལ་བཞིན་ཡོད”འདི་འདྲ་ཞིག་སྐད་འཕྲིན་དུ་བརྗོད་མྱོང་། འདི་ལྟར་སོང་ན། མཐའ་འཇུག་ཆུ་ཕྲན་བརྒྱུད་ནས་ཡོང་བཞིན་འདུག་ཟེར་བ་འདི་ཡིས་ཁྱོད་ཀྱི་གོང་གི་རེ་སྨོན་དེ་དག་ཤི་བོར་གྱུར་ནས་ཨ་ཆད་འུ་ཐུག་གིས་མགོ་འབུལ་དང་ལུས་འབུལ་བྱེད་པའི་རྣམ་པ་མཚོན་སོང་།
སྐབས་དེར་ཁྱོད་ཀྱིས་རི་བོའི་ཕ་རོལ་ཉིས་ཆ་ནས་རེ་བ་དང་དྲན་གདུང་། དགོས་དམིགས་སོགས་ཀྱི་མངར་ཁ་ལྷོད་དུ་བཅུག་འདུག་བསམ། རྩོམ་འདིའི་དུམ་མཚམས་གཅིག་གི་གོང་འོག་ཏུ་བསམ་གཞིག་གི་བར་སྟོང་ཆེན་པོ་མེད་ན་ཡང་ཚིག་གྲུབ་རེའི་ནང་ན་གོ་རྒྱུ་རེ་ཡོད་པའི་མནོ་བསམ་ཞིག་གཏོང་བ་འདི་ལས་སྙན་ངག་གི་རྩལ་ཞིག་བསྟན་ཡོད་པར་བསམ། ལྡེམ་དགོངས་ཀྱི་ཆ་རྐྱེན་ཡང་འདི་འདྲ་ཡིན་པར་བཤད།
འོན་ཀྱང་། ཡིད་མི་འཚིམ་པ་ཞིག་ལ། རི་བོའི་ཕ་རོལ་དང་ཚུར་རོལ་གྱི་རེ་བ་དང་དྲན་གདུང་། དམིགས་ཡུལ་སོགས་ནི་རྩོམ་འདིའི་བརྗོད་ངག་གཙོ་བོ་ཡིན་ཡང་། རྩོམ་པ་པོས་མི་སེམས་རབ་ཏུ་མཚོན་པའི་ཡིད་གཟུགས་དག་སྦས་སྐོང་བྱས་པ་མང་དྲག་པ། རྩོམ་མཁན་གྱིས་རང་ཉིད་ཀྱི་འདོད་བློར་བཀག་འགོག་མང་པོ་བྱས་ཏེ་བསྡུས་བརྗོད་ཤུགས་ཆེར་བཀོད་ཡོད་པས། ཀློག་པ་པོར་ངལ་དུབ་མང་པོ་སྟེར་ཞིང་། བསམ་གཞིགས་ལ་དོ་ཕོག་ཤོར་ནས་རྩོམ་མཁན་གྱིས་རང་ཉིད་ཀྱི་ཚོར་བ་ཟབ་མོ་དག་ལུས་པ་བཞིན་དུ་འགྱུར་སྲིད། དབྱངས་འགྲོས་ནི་ལན་རེར་བདེ་ལ་ལན་རེར་བསྐྱར་ཀློག་མ་བྱས་ན་མི་རྙེད་པའི་ལྟ་ཚུལ་ཐོན་སོང་། དེ་དག་ནི་ང་ལ་མཚོན་ན་སྐྱོན་དུ་མི་མཐོང་བ་མ་ཟད། རྩོམ་མཁན་གྱི་ཚོར་བའི་རླུང་གཡུགས་སྟངས་དང་འབྲེལ་ཡོད་པས་དབྱངས་འགྲོས་ཀྱིས་ཀྱང་རྩོམ་པ་པོའི་ཚབ་མཚོན་དང་སྐབས་ཀྱི་རྩོམ་དེར་བསྟིམས་པའི་བསམ་བློ་མཚོན་ནུས། ངས་བལྟས་ན་འབྲི་ཐབས་འདི་དག་ནི་གསར་བ་ཞིག་མ་རེད་ལ། ང་ཚོའི་སྲོལ་རྒྱུན་སྙན་ངག་ལྟར་གྱིས་བཞེངས་པ་ཞིག་ཀྱང་མ་རེད། གཙོ་བོ་མཚོན་བྱེད་རིང་ལུགས་ཀྱི་བྱེད་ཐབས་ཤུགས་ཆེ་བར་འདུག་སྙམ་སོང་།
༢༠༡༣།༡༠ནང་ལ་བྲིས།