ནག་ཐར་སྐྱིད།
_ སེམས་དང་ཚེ་སྲོག
མ་གཞི་ནས་ཕྲན་ལ་ཤེས་ཚད་ཧ་ཅང་ཞན་སྟབས། མི་ཤེས་ཤེས་མདོག་སྟོན་རྒྱུ་ཅིས་ཀྱང་མི་རུང་བ་ཞིག་རེད། ཡིན་ནའང་འདིར་དྲ་གྲོགས་རྣམས་ཀྱི་མདུན་ནས་རང་ཉིད་ཀྱི་ཤེས་ཚད་གཞི་བཞག་གིས་ཁ་གསལ་བོ་བཟོ་དོན་ནི། མི་རིག་ན་སྒང་ལ་བུད་ཟེར་སྲོལ་ལྟར་བཟང་སྤྱོད་ཀྱི་ཆ་ནས་མིན། ཧ་ཅང་གི་རང་དོན་ཚ་བོ་ཞིག་ཡོད་པར་བརྟེན་རང་མགོ་རང་གིས་གཡོག་ཚེ་རྒྱུ་ལ་བབ་པའི་འབྲས་བུ་ཞིག་མ་གཏོགས། ལོགས་སུ་འབྲས་བུ་དམིགས་གསལ་བ་ཞིག་མི་འབྱུང་ཚུལ་གཏན་འཁེལ་བའི་དབང་གིས་ཡིན།
ཉི་མ་རེ་བཞིན་རང་ཉིད་ཀྱི་འཚོ་བ་དང་འབྲེལ་མེད་ཀྱི་བསམ་གཞིགས་བྱེད་ཕྱོགས་སམ་དགའ་ཁ་ཁྱེར་སྟངས་འདིས། ནམ་རྒྱུན་རང་ཉིད་ལ་སེམས་ཚགས་ཐེབས་པའམ་མནར་གཅོད་གཏོང་ཀྱིན་འདུག
ཕ་མ་ཚོས་བུ་ཕྲུག་གི་འཚོ་གནས་རྨང་གཞི་གཏིང་བའི་བསམ་བློ་རེ་བསྐྱེད་དེ་སློབ་གྲའི་ར་སྐོར་དུ་རེ་བས་བལྟས་མོད། དོན་དངོས་བཤད་ན་ང་རང་འཚར་ལོངས་བྱུང་སའི་ས་ཁུལ་གྱི་སློབ་གྲའི་བསླབ་གཞི་དག་ནི། ཉིན་རེའི་འཚོ་བའི་ཁྲོད་ལ་མཁོ་བའི་ལས་བྱ་དང་འབྲེལ་བ་གང་ཡང་མེད་པའི་ཐོག སློབ་བུ་དག་གི་ན་ཚོད་ལས་བརྒལ་བའི་སློབ་གསོ་རིམ་པ་ཞིག་ནས་སྔོན་ཐོན་གསུམ་བཟང་སློབ་མ། དམར་ཆུང་གདོང་ལེན་རུ་ཁག་གི་ཕུགས་བསམ་བསྐྱེད་སའི་འཐབ་ར་ཁོ་ན་ཞིག་ཡིན། ག་ལེར་སློབ་འབྲིང་བརྒྱུད་མཐོ་སློབ་རིམ་པ་བརྒལ་རྗེས། སླར་ཡང་རང་ཉིད་གང་ནས་ཐོན་ས་དེར་ལ་འཛུལ་ནས་དེ་སྔོན་ཅི་ཞིག་བསླབ་པ་དེ་ངོ་བཤུས་བརྒྱབ། རང་དང་འདྲ་བའི་སློབ་བུ་རེ་བསྐྱེད་སྲིང་བྱེད་རྒྱུ་དེ་ཡིན། རབ་བྱུང་ན་གཞུང་གི་ལས་ཁུངས་རིམ་པ་ནས་ཡིག་བསྒྱུར་གྱི་བྱ་བ་རེ་རེག་གི་ཡོད། འདི་ལྟར་སློབ་བུ་སྟོང་ཕྲག་མང་བོ་ཡུར་ཆུ་བཞིན་རང་ཉིད་ཀྱི་མདུན་ལམ་ལ་གདོང་གཏོད་སའི་སྲིད་གཞུང་གིས་སྐྱ་ཐིག་བཏབ་པའི་དྲང་ཐིག་ལས་གདའ་ན། གཞོར་དང་ལྕགས་ཁེམ་ལས་ཕལ་ཆེར་ལག་ཆ་གཞན་བཀོད་སྤྱོད་མི་ཤེས། འདི་ལྟར་བསམ་ན་ང་རང་སློབ་གྲ་འགྲིམ་པའི་འབྲས་བུ་གཅིག་རང་ནི་ཡིག་ངོ་ཆོད་པ་ཙམ་ཡིན། ཕྲན་ལ་ཆ་མཚོན་སློབ་གྲ་འགྲིམ་པའི་རིང་ཕ་མའི་སྐྱོ་ངལ་སེལ་ཐབས་བྱུང་བའི་ལས་ཞིག་འགྲུབ་པ་ནི། སྤོ་བོ་དང་ལྷན་དུ་སྒྲོལ་མ་ཡིག་ཐོག་ནས་སྐྱོར་ཐུབ་པར་བརྟེན། ཁོང་ཧ་ཅང་དགའ་ནས་སློབ་གྲའི་འཁོར་ཡུག་ལས་ལྡོག་པའི་མདུན་ལམ་རབ་རིབ་བདག་གི་མིག་ལམ་ལ་བསྟན། དེ་ནི་སྤོ་བོའི་རེ་འདོད་ལྟར་ཁ་འདོན་དགེ་སྒྲུབ་ཀྱི་ལས་ལ་བརྩོན་ནས་ཕ་མེས་ཡང་མེས་ཀྱི་འཚོ་བའི་རྒྱུན་བསྐྱངས་རྒྱུ་དེ་རེད། སྐབས་དེ་དུས་ངའི་སྤོ་བོའི་ལུས་སེམས་གཉིས་ཀྱི་དཀའ་སྡུག་དེ་ག་ལེར་ཡལ་འགྲོ་བཞིན་པའི་སྒང་ཡིན་པ་འདྲ། ལོ་རེ་བཞིན་སྲིད་གཞུང་ལ་འབྲུ་ཁྲལ་བརྒྱ་ཆ་ཞིག་སྤྲོད་དགོས་བ་མ་གཏོགས་ས་ཞིང་སྒེར་བདག་ཡིན་པའི་ཁུལ་རེད། དེ་ལས་ཀྱང་ངའི་སྤོ་བོའི་གདོང་ལ་དགའ་སྣང་བསུ་བཞིན་པའི་ཆོས་སྐད་དེ་མཐོ་ནས་མཐོ་རུ་གྲགས་འོངས་ཞིང་། སྐྱེས་བུ་དམ་པ་ག་གེ་མོའི་རྗེས་ཤུལ་གསལ་ནས་གསལ་རུ་མངོན་ཆོག་པ་ཞིག་འདུག ཕྲན་རང་འདི་ལྟར་གསར་བརྗེ་ར་བ་དང་སྲོལ་རྒྱུན་གཅེས་འཛིན་གཉིས་ཀྱི་དབང་ཤུགས་འོག་ནས་འཚར་ལོངས་བྱུང་བར་བརྟེན། མཛུབ་མོ་བཙུགས་ཆོག་པའི་ལས་གང་ཡང་སྟོན་རྒྱུ་མེད་ལ། ཐ་ན་ཉི་མ་རེའི་འཚོ་བའི་ཁྲོད་དུ་མཁོ་བའི་རྒྱུན་ཤེས་དེ་ཡང་མེད། ད་ལྟའི་རང་ཉིད་འཚོ་གནས་བྱེད་སའི་ལུང་པ་འདིའི་མི་རྣམས་གཅིག་རྗེས་གཅིག་གིས་མི་ཆོད་པར་ཉི་མ་རེའི་འཚོ་བའི་རྗེས་སུ་འདུར་ཀྱིན་པའི་བཟོ་འདིས། ཕྲན་རང་ས་འདི་ནས་འཚོ་ཐུབ་པའི་དབང་དུ་བཏང་རུང་ཡུལ་མི་བཞིན་དུ་ཡུལ་འདིའི་སྤྲོ་སྐྱིད་ཉམས་སུ་མྱོང་མི་ཐུབ་པ་ཞིག་རེད། དབྱར་ཀྱི་དུས་ཚིགས་ལ་མ་ཕམ་གཡུ་མཚོའི་འགྲམ་གྱི་བྱ་ངང་བ་དང་ངུར་བ་བཞིན་དུ། རྒྱ་མཚོའི་འགྲམ་གྱི་ཕྱེ་ཐང་ནས་གན་རྐྱེལ་དུ་ཉལ་བའི་འཚོ་བ་འདིས་་བདག་གི་སེམས་ཁམས་ཀྱི་སྟོང་ཆ་དེ་ཧ་ཅང་གི་སྐོང་དཀའ་མོ་ཞིག་རེད།
ག་ལེར་འབྲས་བུ་ཞིག་ཐོན་དགོས་ཤིང་མྱུར་དུ་འགྲུབ་འདོད་པའི་བོད་མི་མང་གི་བདེན་པའི་མཐའ་འདི་། ཕྲན་རང་སྐྱེས་དུས་ནས་ལས་སྨོན་གྱིས་དབང་གིས་སེལ་རྒྱུ་ལྷག་བསྡད་ཡོད་ལ། ཧ་ཅང་ཡིད་སྐྱོ་བའི་ལོ་རྒྱུས་ཤིག་ཡིན་སྟབས། ད་གཞི་ནས་་་་དེ་འབྲེལ་གྱི་བསམ་གཞིགས་རེ་དང་རང་ཉིད་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་བསྟུན་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་ཆེན་པའི་དཔེ་ཀློག་རེ་བྱེད་ཀྱིན་ཡོད། རང་ཉིད་ཀྱི་འདས་སོང་གི་གནས་བབ་འོག་ད་ལྟ་ལག་སྟོང་མཆན་སྟོང་ཡིན་པའི་བདག་ལ། དྲ་གྲོགས་རྣམས་ཀྱིས་སེམས་བསྐྱེད་ནས་སེམས་དང་ཚེ་སྲོག་གི་དེབ་འདི་ཀློག་རྒྱུ་རམ་འདེགས་རེ་བྱེད་རོགས།
དང་པོའི་ཆ་ལ་གླེང་སློང་གི་བཟོ་ཅིས་ཀྱང་མེད་ན་ཆོག བདག་གིས་གོ་དོན་མི་རྟོགས་བའི་མིང་ཚིག་རེ་འགའ་འདིར་བཤམས་པར་འགྲེལ་བཤད་རེ་ཡོད་ན་ཆོག
༡༽དཔེར་ན།༼ངོ་བོ་འཛིན་པའི་གྲུབ་རྫས།༽འདིའི་གོ་དོན་ཅི་ཡིན་ནམ། ཚུལ་ཅི་འདྲ་ཞིག་ལ་ངོ་བོ་འཛིན་པའི་གྲུབ་རྫས་ཟེར་རམ། བྱ་དངོས་གང་འདྲ་ཞིག་ལ་ངོ་བོ་འཛིན་པའི་གྲུབ་རྫས་འབོད་པའི་མིང་ཚིག་འདི་སྦྱར་འོས་སམ་སོགས་ཡིན།
༢༽སེམས་དང་ཚེ་སྲོག་གི་བགྲོ་གླེང་བ་རྣམས་ཀྱིས་རང་ཉིད་ཀྱི་བཞུགས་སྟེགས་ལ། ༼རྐུབ་སྟེགས་ཚ་བོ༽འདོགས་དོན་ཅི་ཡིན་ནམ། གནས་སྟངས་ཅི་ཞིག་འོག་ནས་རྐུབ་སྟེགས་ཚ་བོ་ཐོགས་སོང་བ་ཡིན་ནམ། འདིར་ཞོར་འཕྲོས་ཞིག་ཡིན།
༣༽ ང་ཚོ་བོད་པའི་བརྡ་སྤྲོད་སྟངས་ལས་རིགས་རྒྱུད་ལབ་ཡོང་དུས་གོ་དོན་མི་རྟོགས་བ་ཞིག་ཕལ་ཆེར་ཡོད་མི་སྲིད། འོན་ཀྱང་དེབ་འདིར་བཀོད་སྤྱོད་བྱེད་ཀྱིན་པའི་༼རིགས་རྒྱུན༽འདི་ཅི་ལྟར་གོ་བ་ལེན་དགོས་སམ། ༼འགྲོ་བ་མིའི་སྟེང་དུ་རྒྱུན་ལྡན་གྱི་རིགས་རྒྱུན་ཁྱད་པར་བའི་གནས་གཞི་༽ལབ་ཡོང་དུས། གཟུགས་པའི་སྟེང་གི་ཁྲག་རྩ་ལ་སོགས་གང་ཞིག་རིགས་རྒྱུན་ཁྱད་པར་བའི་གནས་གཞི་ངོས་བཟུང་ན་ཆོག་གམ། ཡང་ན་ཁུ་ཁྲག་སོགས་གཟུགས་པའི་གཤེར་ཁུའི་རིགས་ལ་གོ་བ་ལེན་དགོས་སམ་སོགས་ཡིན།
སྐབས་སུ་འདི་ཙམ་གྱིས་བདག་གི་རེ་སྨོན་མཚོན་པ་ཡིན་ལ། དེ་ལུགས་ཀྱིས་དྲ་གྲོགས་རྣམས་ཀྱིས་བདག་གི་དགོས་འདོད་རེ་སྐོང་ཐུབ་སོང་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས། གལ་སྲིད་མ་བྱུང་ན་དེ་ཡང་འཁང་ར་ཅི་ཡང་མེད།
ནག་ཐར་སྐྱིད་ནས།
རིགསརྒྱུན—རིག་རྒྱུན་ཡིན་ངེས་ཆེ་སྙམ།གང་གིས་ཟེར་ན་རིག་པའམ་ཤེས་པ་སྔ་མའི་རྒྱུན་ལྟ་བུ་དང་རྣམ་ཤེས་ཀྱི་རྒྱུན།ཕལ་ཆེར་དེབ་དེའི་ནང་ཡིག་ནོར་ཐེབས་པ་ཡིན་སྲིད། ངོ་བོ་འཛིན་པའི་གྲུབ་རྫས—-ཆོས་གང་ཞིག་ཡིན་རུང་
དེར་འདི་རེད་ག་རེད་ཟེར་བའི་གྲུབ་པའི་རྒྱུ་དང་རྐྱེན་གང་རུང་ཞིག་ལ་བཤད་ཀྱི་ཡོད་ཀྱི་རེད་སྙམ།
རྐུབ་སྟེགས་ཚ་བོ—-བགྲོ་གླེང་བྱེད་སའི་སྐུ་མདུན་གྱི་འགྲམ་གྱི་རྐུབ་སྟེགས་དེའི་ཐོག་ཚན་རིག་པ་ཚོས་ནང་ཆོས་དང་བགྲོ་གླིང་བྱེད་པའི་རིག་པ་རྣོ་ངར་དག་གི་ཐ་སྙད་དེ་རྐུབ་སྟེགས་ལ་བཏགས་པས་བརྗོད་བྱའི་ཐ་སྙད་སྡོད་སའི་གནས་ཕར་བཏགས་ཞིག་རེད་སྙམ།གང་ལྟར་གཞོན་སྐྱེས་ཚོས་དེབ་དེའི་རིགས་ཀློགས་ཀྱི་ཡོད་ན་ཡག་པོ་འདུག
གོ་ཡ་ཁེགས་པོ་ཡོད་པ་རེད།དེ་དངོས་གནས་རེད།
ཚེ་སྲོག་ཅེས་བའི་དོན་ལ་དཔྱད་སྟངས་མི་འདྲ་བ།
གོ་ལ་རིལ་བོ་འདིར་ཆོས་ལུགས་པ་དང་ཚན་རིག་པ་ཚོས་ཚེ་སྲོག་ཅེས་པའི་དོན་ལ་ངོས་འཛིན་སྟངས་མི་འདྲ་བ་ཁག་གཉིས་བྱུང་ཡོད། མདོར་བསྡུས་ན་སེམས་ཡོད་སྲོག་ལྡན་དང་སེམས་མེད་སྲོག་ལྡན་གཉིས་སུ་འདུས་པ་ཡིན། ནང་པའི་གཞུང་དུ་སྲོག་ཅེས་པ་གང་འདྲ་ཞིག་ལ་ངོས་འཛིན་པའི་སྐབས་སུ་གང་ཟག་དེའི་ཚེ་ནི་སྲོག་ཡིན་ལ་དྲོད་དང་རྣམ་ཤེས་ཀྱི་རྟེན་བྱེད་མཁན་ཞིག་ལ་སྲོག་ཏུ་འདོད། རྩི་ཤིང་སོགས་ལ་རྣམ་ཤེས་ཀྱི་རྟེན་བྱེད་པའི་སྲོག་དེ་འཇོག་དཀའ་མོད། འོན་ཀྱང་སྲོག་མེད་ལས་སྲོག་ལྡན་སྐྱེས་པ་ང་ཚོའི་གཞུང་དུའང་བཞག་གི་ཡོད་ལ་ཚན་རིག་པས་ཀྱང་འཇོག །སྲོག་ལྡན་གཅིག་ལ་སྲོག་གི་དབང་པོ་མི་འདྲ་བ་གཉིས་ང་ཚོས་ཀྱང་བཞག་མེད་ལ་ཚན་རིག་པས་ཀྱང་འཇོག་གི་མེད། ཆོས་མངོན་པ་མཛོད་ལས་མི་ལ་སྐྱེས་གནས་བཞི་ག་ཡོད་པར་གསུངས་པ་ལྟར་དཔེར་ན། བསྐལ་བ་དང་པོའི་མི་རྫུས་སྐྱེས་དང་། བྱ་ཁྲུང་ཁྲུང་ལས་སྐྱེས་པ་གནས་བརྟན་གྲགས་པ་དང་རི་དྭགས་འཛིན་གྱི་བུ་སུམ་ཅུ་རྩ་གཉིས་ནི་སྒོང་སྐྱེས། ཆུ་ཤིང་སྡོང་པོ་ནས་བུ་མོ་ཞིག་སྐྱེས་པ་ཕྱིས་སུ་རབ་ཏུ་བྱུང་ནས་དགེ་སློང་མ་སྐྱོང་མར་གྱུར་བ་ལྟ་བུ་དྲོད་གཤེར་སྐྱེས། མངལ་དུ་མེར་མེར་ནུར་ནུར་གྱི་སྐྱེ་མཆེད་དོད་ནས་ཕྱིར་རོལ་དུ་བཙའ་བ་མི་དང་རྟ་གླང་ལྟ་བུ་མངལ་སྐྱེས་སུ་འཇོག་གོ །སྤྱིར་ན་སྲོག་ཅེས་པའི་དོན་མི་འཆི་བར་འཚོ་བའི་ནུས་པའི་དོན་དུ་འཇོག་ན་གཉིས་ཀ་ལ་འགལ་བ་མེད་ཀྱང་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཏེ། གདགས་པ་ལས་ཚེ་ཟད་དེ་འཆི་བ་དང་བསོད་ནམས་ཟད་ནས་འཆི་བ་གཉིས་ལ་མུ་བཞི་ཡོད་པར་བཤད་པ་ལྟར། ལས་ཀྱིས་འཕངས་འབྲས་ཀྱི་སྲོག་དབང་དང་ཏིང་ངེ་འཛིན་སྒོམ་སྟོབས་ཀྱིས་གྲུབ་པའི་སྲོག་དབང་མི་འདྲ་གཉིས་བཞག་ཡོད་ལ། སྲོག་ལ་རླུང་དུ་འཇོག་པ་ཡོད་མེད་ཀྱང་དཔྱད་དགོས་ཏེ། འདུལ་ཊཱིག་ཉི་མའི་འོད་ཟེར་ལས། སྲོག་ལ་སྲོག་གི་དབང་པོ་དང་སྲོག་གི་རླུང་གཉིས་སུ་དབྱེ་སྟེ། ཞེས་དང་། མཛོད་འགྲེལ་ལས་ཀྱང་། སྲོག་ཅེས་བྱ་བ་ནི་ལུས་དང་སེམས་ལ་བརྟེན་ནས་འཇུག་པའི་རླུང་ཡིན་ཏེ། ཞེས་དབུགས་གཏོང་ལེན་བྱེད་པ་ལ་སྲོག་ཏུ་བཤད་པའི་ཕྱིར་རོ།། སྔགས་ཀྱི་སྐབས་སུ་བསམ་གཏན་ཕྱི་མ་ལས། སྲོག་དང་རྩོལ་བ་རབ་ཏུ་བསྡམ།།ཞེས་སྲོག་རྩོལ་གྱི་དོན་བཤད་པའི་སྐབས་སུ་དབང་པོའི་སྒོ་སོགས་དང་སྐྲ་དང་བ་སྤུའི་བུ་ག་ནས་འབྱུང་འཇུག་བྱེད་པའི་རླུང་ནི་སྲོག་ཡིན་ལ། རྩོལ་བ་ནི་དམིགས་པ་གཞན་དྲན་ནས་དེ་ལ་གཡེང་བའི་དྲན་པ་ཡིན་པས། དེ་གཉིས་ཕྱིར་འཕྲོ་མི་འཇུག་པར་ནང་དུ་འཛིན་པ་ནི་སྲོག་རྩོལ་སྡོམ་པའི་དོན་ཡིན་པའི་ཕྱིར། ཞེས་རླུང་འབྱུང་འཇུག་བྱེད་པ་ལ་སྲོག་ཏུ་བཤད་པ་དང་། སྔགས་བླ་མེད་ཀྱི་སྐབས་སུ་རོ་རྐྱང་གི་རླུང་རྒྱུ་བ་སྲོག་ཏུ་བཤད་ཅིང་རླུང་འཕོ་བའི་སྐབས་སྣ་བུག་གཡས་གཡོན་ནས་འཕོ་བ་དང་། རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུ་བོ་དེ་མངལ་གྱི་གནས་སྐབས་སུ་ཆགས་ཀྱང་མ་བཙས་བར་དུ་སྣ་བུག་ནས་འབྱུང་འཇུག་མི་བྱེད་པར་བཤད། སྒྲོན་གསལ་ལས། སྲ་བའི་ཁམས་དང་ཆུ་ཉིད་དང།།དེ་བཞིན་མེ་དང་རླུང་དག་ནི།། རྣམ་པར་ཤེས་པས་བླངས་ནས་ནི།།སྲིད་གསུམ་གནས་སུ་སྐྱེས་པར་འགྱུར།།ཞེས་པ་ལྟར་ཨ་མའི་མངལ་དུ་ཉིང་མཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ནི་རྣམ་ཤེས་ཀྱི་རྟེན་དུ་བླངས་ནས་མངལ་སྐྱེས་ཀྱི་འགྲོ་བ་མཆོག་དམན་འབྲིང་གསུམ་གྱི་སྲིད་པར་སྐྱེས། དེ་ཡང་ཕ་མའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་ཉིང་འཚམས་སྦྱར་བའི་ཚེ་འབྱུང་བ་བཞི་ག་དུས་གཅིག་ཏུ་གྲུབ་ཀྱང། རྣམ་ཤེས་ཀྱི་བཞོན་པར་གྱུར་བའི་རླུང་ལས། རང་ལས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཆེས་རགས་པའི་རླུང་གི་རླུང་དང། དེ་ལས་ཆེས་རགས་པའི་མེའི་རླུང་དང། དེ་ལས་ཆེས་རགས་པའི་ཆུའི་རླུང་དང། དེ་ལས་ཆེས་རགས་པའི་སའི་རླུང་རྣམས་སྐྱེ་བ་ཡིན། །དབང་པོའི་ཤེས་པ་སོ་སོ་ལ་སྣང་པའི་གཟུགས་སོགས་ཡུལ་ལྔ་པོ་དེ་ནི་དབང་ཤེས་ཀྱི་རང་རང་གི་བཞོན་པའི་རླུང་གིས་བླངས་པ་སྟེ། རླུང་གྲོགས་སུ་ཡོད་པའི་སྒོ་ནས་རྣམ་ཤེས་ཀྱིས་ཡུལ་འཛིན་པར་བྱེད་ལ། དེ་འདྲ་བའི་རླུང་གི་བཞོན་པ་དང་ལྡན་པའི་རྣམ་ཤེས་ནི་དུས་རྟག་ཏུ་འགྲོ་བ་ལ་གནས་བར་འགྱུར་བ་དང། རྣམ་ཤེས་ཀྱིས་ཡུལ་འཛིན་པ་ལ་རླུང་ངེས་པར་གྲོགས་སུ་དགོས་བར་བསྟན། རླུང་གི་བཞོན་པ་དེ་ཡིས་ཇེ་ཆེར་རིམ་གྱིས་བསྐྱོད་པ་ལས། རང་བཞིན་གྱི་རྟོག་པ་རྣམས་རྟག་ཏུ་ཇི་ལྟ་ཇི་ལྟར་བསྐྱོད་པ་བཞིན་དུ་བདེ་སྡུག་གི་འཁོར་བ་འབྱུང་། རླུང་འབྱུང་འཇུག་ལ་བརྟེན་ནས་སྲིད་པ་ཆགས་འཇིག་གི་འཁོར་བ་འབྱུང་བ་བཤད་པ་ལྟར་དེ་དག་ཀུན་གྱི་རྩ་བ་མཐར་ཐུག་ན་གཉུག་མའི་རླུང་ཟེར་བ་ཞིག་འཇོག །དེ་ལྟར་ན་འཁོར་བའི་རྩ་བ་རླུང་ཡིན་པ་དང། རྫོགས་རིམ་གྱི་ཉམས་ལེན་གཙོ་བོ་ཡང་རླུང་འདུལ་ཐབས་ཡིན་པས་སོ།། མེར་མེར་པོའི་གནས་སྐབས་ནས་གཟུགས་ལུས་རགས་པ་གྲུབ་ཟིན་པས་དེ་ནས་འཆི་བ་ཐུག་གི་བར་གྱི་ལུས་ཕྲ་རགས་རྣམས་འབྱུང་བ་བཞིའི་ཁམས་ལས་གྲུབ་པ་ཡིན་པས། ས་རླུང་གིས་འཛིན་པར་བྱེད། ཆུ་རླུང་གིས་སྡུད་པར་བྱེད། མེ་རླུང་གིས་མ་རུལ་ཅིང་སྨིན་པར་བྱེད། རླུང་རླུང་གིས་རྒྱས་པར་བྱེད་དོ།། འཆི་དུས་རྣམ་ཤེས་ཀྱི་རྟེན་བྱེད་པའི་འབྱུང་བ་བཞི་ཐིམ་རིམ་བཤད་པའི་སྐབས་སུའང་འབྱུང་བ་སྔ་མའི་རང་རང་གི་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས་ཕྱི་མའི་ནུས་པ་གསལ་དུ་སོང་བ་ལ་འབྱུང་བ་ཐིམ་རིམ་དུ་བཤད་པས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་ཞིག་ཡིན་པ་འདྲ། འགག་དུས་རགས་རིམ་ནས་འགག་པ་དང་། སྐྱེ་དུས་ཕྲ་རིམ་ནས་འཕེལ་བ་སོགས་རྫས་ཀྱི་འཕོ་འགྱུར་སྣ་ཚོགས་པ་གཉུག་མའི་རླུང་གིས་གཡོ་བ་འབའ་ཞིག་ཏུ་བཤད། འབྱུང་བ་རླུང་གི་གཡོ་བ་ལས་འཇིག་རྟེན་གྲུབ་ཚུལ་དང་རླུང་གི་རྣལ་འབྱོར་ལ་བརྟེན་ནས་རང་ལུས་འོད་སྐུར་ལྡང་བ་སོགས་འཁོར་འདས་ཀུན་གྱི་རྩ་བ་རླུང་ཡིན་པར་ཐུག་གོ །དེ་ལྟ་བུའི་རླུང་ནི་རྩི་ཤིང་སོགས་ལ་འཇོག་དཀའ་བ་ཡིན། འོན་ཏེ་བཤད་ཚུལ་འདི་ཚན་རིག་གི་ཕྲ་མཐོང་ཆེ་ཤེལ་ལྟ་བུས་ཐག་ཆོད་པ་མ་ཡིན་ཡང་རླུང་གི་བྱེད་ལས་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པར་གོར་མ་ཆག །དཔེར་ན་མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་དེ་སྲོག་ལྡན་ཡིན་པས་སྣ་བུག་ནས་དབུགས་གཏོང་ལེན་མི་བྱེད་ཀྱང་། ཟས་བཅུད་ལེན་པ་དང་དབུགས་གཏོང་ལེན་ངེས་བར་བྱེད་དགོས་པས་ཇི་ལྟར་བྱེད་སྙམ་ན་ཨ་མའི་ཁྲག་རྩ་དང་ཤ་མ། བུའི་ལྟེ་ཐག་སོགས་བརྒྱུད་ནས་གཟུགས་པོའི་ནང་ཟས་བཅུད་དང་འཚོ་རླུང་ལེན་པ་དང་དེ་བཞིན་རླུང་བཙོག་དང་སྙིགས་རོ་སོགས་ལྟེ་ཐག་བརྒྱུད་ནས་ཕྱིར་འདོན་གྱི་ཡོད་པ་རེད། གནའ་བོའི་རྒྱ་གར་གྱི་གཅེས་བུ་བ་དག་གིས། རྩི་ཤིང་ཆོས་ཅན། སེམས་ལྡན་ཡིན་ཏེ། ལོ་མ་ཁུམ་པའི་ཕྱིར་ཞེས་སེམས་ལྡན་དང་སྲོག་ལྡན་ཁྱད་པར་མི་འབྱེད་པ་དང་། རྩི་ཤིང་སེམས་ལྡན་དུ་འདོད་པ་ལ། དབུ་མ་སྙིང་པོ་ལས། ལྗོན་ཤིང་སེམས་དང་བཅས་པ་མིན།།སྐྱེ་གནས་བཞིར་ནི་མ་བསྡུས་ཕྱིར། དཀྱིལ་དུ་བཅད་ཀྱང་བཟོད་པའི་ཕྱིར།།ཕག་དུམ་བཞིན་དུ་བེམ་པོ་ཡིན།།ཞེས་གསུངས་པ་ལྟར་རྩི་ཤིང་ནི་སྐྱེ་གནས་བཞིས་མ་བསྡུས་པ་དང་བཅད་ཀྱང་ཚོར་བ་སྡུག་བསྔལ་མྱོང་རྒྱུ་མེད་པའི་ཕྱིར་རྩི་ཤིང་སེམས་ལྡན་དུ་མི་འདོད་དོ།།གཏམ་རྒྱུད་གསེར་ཐང་ལས། སན་དེའུ་(Sundew) བྱ་བ་དང་། བིན་ས་(Pitcher)བྱ་བའི་མེ་ཏོག་སོགས་སྦྲང་བུ་སྟེང་དུ་བབས་མ་ཐག་བཟུང་ནས་ཁྲག་བཞིབས་ཏེ་རོ་སྟོང་ཤོབ་ཏུ་བྱས་ཏེ་ས་ལ་འདོར་ཞིང་། ༼འབུ་རོ་ཕྱིར་འདོན་པའི་དོན༽།སན་དེའུ་རེ་རེས་ཀྱང་ཉིན་རེ་ལ་འབུ་སྦྲང་ཉིས་བརྒྱ་ལྷག་རེ་གསོད་ཅིང་། རོ་མཐའ་ལ་སྤུངས་ནས་འོངས། ཞེས་གསུངས་པ་ལྟར་ཤ་གཟན་རྩི་ཤིང་དེ་གཉིས་ནི་དེང་སང་ཨ་རིའི་ཡུལ་ན་ཡོད་པའི་རྩི་ཤིང་ཞིག་ཡིན་པ་རེད། ཉི་ཚེ་བའི་དམྱལ་བ་དང་སྟོན་པས་སྐྱེས་པ་གཅོད་པའི་ལྟུང་བྱེད་གསུངས་པ་དེ་ལ་ཅུང་ཟད་བསམ་ན་རྩི་ཤིང་ལ་མཐའ་གཅིག་ཏུ་སྲོག་མེད་ཅེས་སྨྲ་མི་སྤོབས། ཚེ་སྲོག་ཚན་རིག་སྡེ་ཚན་དག་གིས་བཏོན་པ་ལྟར་ན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆར་ཌི་ཨེན་ཨེན་(DNA)ལྡན་ཡོད་ལ། དེ་ནི་སྐྱེས་དངོས་འཕེལ་འགྱུར་གོ་རིམ་ཁྲོད་ཀྱི་འགྱུར་བའི་གཞི་རྟེན་ཡིན་ཞེས་བཤད་ཡོད། རིགས་རྫས་གང་ལས་གྲུབ་པའི་(DNA)་དེ་དག་སྐྱེ་རྡུལ་ཕྲ་གཟུགས་ཀྱི་ནང་དུ་ཡོད་པ་དང་། སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་(cell)དུ་མ་འདུས་པ་ལས་ཕུང་གྲུབ་(tissue)གྲུབ་པ་དང་། ཕུང་གྲུབ་དུ་མ་འདུས་པ་ལས་(organ)དབང་པོ་གྲུབ། དེ་གཅིག་གམ་དུ་མ་འདུས་པ་ལས་(organism)སྲོག་ལྡན་གྲུབ་པ་ཡིན། འཕེལ་འགྱུར་གྱི་རྒྱུད་རིམ་དེ་སྐྱེ་ལྡན་ཀུན་ལ་གཅིག་གྱུར་དུ་གྲུབ་ཡོད་ཀྱང་རྩ་བའི་རིགས་རྫས་སྒྲུབ་གཞི་ཌི་ཨེན་ཨེན་(DNA)ནང་གསེས་ཀྱི་བཀོད་རིམ་ཁྱད་པར་ཕྲ་མོ་ཞིག་གི་རྐྱེན་གྱིས། སྐྱེ་ལྡན་ཉེ་རིགས་གཅིག་གི་ཚོགས་འདུས་ནང་ཁེར་གཟུགས་སོ་སོར་ཁྱད་པར་ཕྲན་བུ་འབྱུང་སྲིད་པར་བཤད་པ་ལྟར། བགྲང་གིས་མི་ལང་བ་དང་རྫོགས་མཐའ་མེད་པའི་སྲོག་ལྡན་རིགས་མི་འདྲ་བ་སྣ་ཚོགས་ཤིག་བྱུང་ཡོད་པ་འདི་དག་(DNA)ཡི་འཁོད་རིམ་མི་འདྲ་བ་ལ་བརྟེན་ནས་བྱུང་བར་ཚན་རིག་པ་ཚང་མས་ཁ་གཅིག་གྲགས་སུ་ཁས་ལེན། ཌར་ཝིན་གྱི་འཕེལ་འགྱུར་རིག་པ་དང་མན་ཊེལ་གྱི་སྲན་མའི་ཞིབ་འཇུག་རྙེད་སོན་གྱི་རིག་པ་ཟུང་འབྲེལ་ལ་བརྟེན་ནས་སྐྱེ་དངོས་རིག་པའི་བྱ་བཞག་ལ་ཕན་ནུས་ཆེན་པོ་ཞིག་བྱུང་ཡོད་པ་རེད། ཌར་ཝིན་གྱིས་སྐྱེ་ལྡན་ཀུན་ལ་ཐུན་མོང་གི་མེས་པོ་ཞིག་ཡོད་པར་བཞག་ལ། ཁྱིམ་རྒྱུད་སྡོང་པོ་ཞེས་འབོད་པའི་དཔེ་མཚོན་དེས་སྐྱེ་ལྡན་ཀུན་ལ་ཕན་ཚུན་གཉེན་ཚན་གྱི་འབྲེལ་བ་ཡོད་པར་བལྟས་བ་རེད། ཅེས་བཤད། རིགས་པ་འདིས་སའི་གོ་ལའི་སྟེང་གི་སའི་གོ་ལའི་སྟེང་གི་ཚེ་སྲོག་ཁྱིམ་རྒྱུད་ཀྱི་ཐུན་མོང་གི་གདོད་མའི་མེས་པོ་(DNA)བཀོལ་ཏེ་ལོ་ངོ་ཐེར་འབུམ་དུ་མའི་གོང་ནས་འཕེལ་འཕེལ་འགྱུར་བྱུང་དང་འབྱུང་བཞིན་པའི་སྐྱེ་ལྡན་ཀུན་གྱི་ནང་དུ་ཌི་ཨེན་ཨེན་གསོག་ཉར་བྱས་ནས་ཡོང་ཡོད་པར་བཤད་ཡོད། ང་ཚོའི་གོ་ལ་འདི་ཐོག་མར་ཚ་ཤུགས་ཆེ་བ་ནས་འཁྱགས་པའི་དུས་རབས་བར་རིམ་པས་འགྱུར་ནས་བསམ་ཡུལ་ལས་འདས་པའི་ཚེ་སྲོག་མང་པོ་ཞིག་བྱུང་ཡོད་པ་དང་། ཚེ་སྲོག་དེ་ཚོ་ཐོག་མར་ཇི་ལྟར་བྱུང་བ་དང་སྲོག་མེད་ཅིག་ལས་སྐྱེ་འཕེལ་བྱུང་བ་ཡིན་ནམ། ཡང་ན་སྐར་རྡོ་ཟེགས་ཏེ་གོ་ལ་གཞན་གྱི་ཚེ་སྲོག་གླིང་འདིར་འཕོ་འགྱུར་བྱུང་བ་ཞིག་ཡིན། འདི་ནི་གནད་དོན་ཞིག་རེད། ཕྲ་ཕུང་གི་རིགས་པའི་གཞུང་ལུགས་ལྟར་ན་རྩ་བའི་ཁས་ལེན་གཉིས་ཡོད། གཅིག །སྲོག་ལྡན་ཀུན་ཕྲ་ཕུང་ལས་གྲུབ་པ་དང་། གཉིས། ཕྲ་ཕུང་ཀུན་ཕྲ་ཕུང་གཞན་ལས་གྲུབ་པ་བཅས་ཡིན། སྙན་གྲགས་ཅན་གྱི་ཚན་རིག་པ་(Pasteur)ཡིས་ དངོས་སུ་བརྟག་དཔྱད་ཀྱི་ལམ་ནས་ཐོལ་བྱུང་སྐྱེ་སྤེལ་གྱི་འདོད་ཚུལ་དེ་མི་འཐད་པར་བསྟན་ནས་བརྟག་དཔྱད་རིམ་པ་གསུམ་གནང་ཡོད། དང་པོ། སྣོད་ཤེལ་དམ་ཞིག་གི་ནང་ཟས་ཀྱི་ལྡག་གུ་བླུགས་ཏེ་ཚ་བོ་བཏང་རྗེས་འཕྲལ་དུ་ཁ་གཅོད་བརྒྱབ་ནས། སྣོད་ཤེལ་དམ་ནང་སྔར་ཡོད་ཀྱི་ཚེ་སྲོག་ཀུན་ཤི་རུ་བཅུག་པ་དང་ཆབས་ཅིག་ཟས་ཀྱི་ ལྡག་གུ་དེ་ཡང་དུག་སེལ་བཏང་། གཉིས་པ། ཁ་གཅོད་བརྒྱབ་ནས་ཡོད་པའི་ཤེལ་དམ་དུག་སེལ་བཏང་ནས་བཞག་རྒྱུན་རིང་ཟས་ཀྱི་ལྡག་གུ་དེར་སྐྱེ་ལྡན་ཕྲ་གཟུགས་ཀྱི་རིགས་གང་ཡང་སྐྱེ་འཕེལ་བྱུང་མེད། འདིས་ལྡག་གུ་ནང་གི་འདུས་རྡུལ་ཐེ་བའི་སྲོག་མེད་ཀྱི་དངོས་རྫས་ལས་སྐྱེ་ལྡན་གྱི་རྣམ་ པ་གང་ཡང་མི་སྐྱེ་བའི་བདེན་དབང་བྱས། གསུམ་པ། སྣོད་ཤེལ་དམ་དེའི་ཁ་གཅོད་ཕྱེས་ཏེ་ཕྱིའི་རླུང་གཟུགས་སྣོད་ཤེལ་དམ་དེའི་ནང་དུ་ཞུགས་པའི་རྗེས། མི་རིང་བར་ཟས་ཀྱི་ལྡག་གུ་དེའི་ཁ་དོག་སྨུག་པོར་གྱུར་ཏེ། ཕྱིའི་རླུང་ཁམས་ནས་བྱུང་བའི་སྲིན་འབུ་ཕྱིར་མངོན་པར་བྱུང་། བརྟག་དཔྱད་རིམ་པ་དེ་གསུམ་གྱི་ལམ་ནས་ཕྲ་ཕུང་རྣམས་རང་ལས་གཞན་པའི་ཕྲ་ཕུང་གསོན་པོ་འབའ་ཞིག་སྐྱེ་བར་བདེན་དབང་བྱས་པ་རེད། སྲོག་ལྡན་དང་སྲོག་མེད་ཀྱི་སྡེ་ཚན་གང་དུའང་མི་གཏོགས་པ་ནི་རྩི་ཤིང་གི་ས་བོན་དང་སེམས་ཅན་གྱི་ནད་དུག་ལྟ་བུར་ངོས་འཛིན་པ་དང་། ནད་འབུ་ཕྲ་རབ་ལྟ་བུ་ནི་གཞན་འཚོས་སྐྱེ་ལྡན་གྱི་རིགས་ཤིག་ཡིན། དེ་ཕྲ་ཕུང་གི་ནང་དུ་ཞུགས་ནས་དུག་སྲིན་གསར་བ་གཞན་སྐྱེད་སྤེལ་ནུས་ལ། རང་གི་གནས་ཡུལ་ཕྲ་ཕུང་གི་ཕྱི་རོལ་དུ་གྱར་ཚེ་ནད་འབུ་འདི་དག་འཚོ་གནས་བྱེད་ཐུབ་ཀྱང་རྒྱུད་སྤེལ་བྱེད་མི་ཐུབ་པར་བཤད་ཡོད། ཚན་རིག་པ་ལ་ལས་ཡུལ་དུས་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་ཚ་དྲོད། ཆུ། ནག་རྫས་དང་ནེ་ཏྲོན་ཇེན་བཅས་ཀྱི་འདུས་ཚོགས་འོས་འཚམས་ཤིག་བྱུང་ཚེ་དེར་སྐྱེས་དངོས་སྐྱེ་རུང་ཡིན་པར་བརྗོད་ཅིང་། ལྷག་པར་ཉེ་བར་མཁོ་བའི་སྐུལ་རྫས་སོགས་རྒྱུ་ཚོགས་གྲངས་ཚང་བ་ལས་དུས་ཡུན་རིང་པོ་མི་ཐོགས་པར་ལོ་གཅིག་གི་ནང་ཚུད་དུ་སྐྱེ་དངོས་སྲོག་ལྡན་གསར་བ་འགྲུབ་ངེས་ ཡིན་པར་བཤད་དོ།།ཐོལ་བྱུང་སྐྱེ་འཕེལ་འདོད་པའི་རིག་པའི་གཞུང་ལུགས་ལྟར་ན་ཚེ་སྲོག་ནི་སྲོག་མེད་ཀྱི་དངོས་རྫས་དག་ལས་བྱུང་བ་ཡིན་སྟབས་དུས་ཡུན་ཐུང་ངུའི་ནང་གློ་བུར་འཐོན་གྱི་ཡོད་པར་བཤད་དོ།།མཁས་དབང་སྐྱེ་དངོས་རིག་པ་བ་[Dr.Herbert-Wendt]ཡིས་ རྒྱ་མཚོ་ནི་མ་དང་འདྲ་བའི་སྐྱེ་དངོས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན་པར་བརྗོད། འཇིག་རྟེན་གྱི་མིའི་འགྲོ་བ་ཐོག་མ་དེ་བསྐལ་བ་ཡ་ཐོག་གི་རྒྱ་མཚོའི་འདམ་རྫབ་ནང་ནས་གྲུབ་ཅིང་། ད་ལྟའི་རྩི་ཤིང་གི་བརྒྱ་ཆ་༩༠་ཐམ་པ་ད་དུང་ཡང་རྒྱ་མཚོའི་ནང་ན་འཚོ་བཞིན་ཡོད་པ་དང་དེང་སྐབས་ཡ་མཚན་ཆེ་བའི་སྐྱེ་དངོས་དེ་དག་ཐམས་ཅད་ཐོག་མར་རྒྱ་མཚོ་ནང་ནས་འཕེལ་སྐྱེད་བྱུང་བ་ཞིག་རེད་གཏམ་བཤད་སྤེལ་ཡོད་པ་རེད། སྤྱི་ལོ་༡༦༦༥་ལོར་དབྱིན་ཇིའི་ཚན་རིག་པ་(Robert hooke)ཁོང་གིས་ཕྲ་མཐོང་ཆེ་ཤེལ་བརྒྱུད་བེ་དོའི་སྐྱི་དཀར་གྱི་དུམ་བུ་ཕྲ་མོ་ལ་ལྡབ་སུམ་ཅུའི་ཆེ་རིམ་ནས་ལྟ་ཞིབ་བྱས་སྐབས་ཕྱི་ཤུན་གྱི་སྟེང་དུ་ཁོང་གིས་ཨི་ཁུང་ཆུང་ཆུང་མང་པོ་མཐོང་བ་དང་ཁོང་གིས་མཐོང་བ་དེ་ནི་དོན་དངོས་ལ་ཕྲ་ཕུང་གི་ཕྱི་ཤུན་ཡིན་ཡང་དེ་ལ་cell་ཞེས་མིང་གསར་དུ་བཏགས། དེ་ནས་བཟུང་སྟེ་ཚེ་སྲོག་གི་རིག་པའི་གཞུང་ལུགས་མཐར་ཐུག་གི་གྲུབ་དོན་ཏེ་སྐྱེས་དངོས་ཡོད་ཚད་སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་ལ་བརྟེན་ནས་བྱུང་བར་ངོས་འཛིན་བྱེད་པ་དེ་རེད། སྐྱེ་དངོས་དེ་དག་ཡུན་རིང་གནས་པ་ལ་རླུང་ནི་མེད་དུ་མི་རུང་བ་དང་། སེམས་ཅན་དང་རྩི་ཤིང་ཚང་མས་དབུགས་གཏོང་ལེན་བྱེད་དགོས་ཀྱི་ཡོད་པ་དང་རླུང་མེད་པར་སྲོག་ལྡན་གཅིག་ཀྱང་འཇིག་རྟེན་འདིར་འཚོ་གནས་མི་ཐུབ་ལ། དེར་བརྟེན་ཚེ་སྲོག་གི་རྒྱུན་སྤེལ་བ་ལ་ཟས་བཅུད་དང་འཚོ་རླུང་གཉིས་ལྷན་དུ་རྫས་སྦྱོར་གྱི་ནུས་ཤུགས་དགོས་ཀྱི་ཡོད་པ་རེད། སེམས་ཅན་དང་རྩི་ཤིང་འཚོ་གནས་ཐུབ་པ་ལ་ངེས་བར་ཟས་བཅུད་དགོས་པ་དང་ཟས་བཅུད་དེ་ནུས་ཤུགས་ཀྱི་ངོ་བོར་གྱུར་ནས་མུ་མཐུད་དུ་ཚེ་སྲོག་སྤེལ་གྱི་ཡོད་པ་རེད།།
ཁ་བ་འཚོ་དང་མིག་བརྒྱད་པ་རྣམ་གཉིས་འདིར་ཕེབས་ནས་བློ་བསྐྱེད་རེ་གནང་བ་བཀའ་དྲིན་ཤིན་ཏུ་ནས་ཆེ།
༡༽ཁ་བ་འཚོ་ལགས་ནས་༼རིགས་རྒྱུན་༽ཞེས་བའི་མིང་ཚིག་འདི་༼རིག་རྒྱུན་༽ཞེས་བའི་ཡིག་ནོར་རེད་སྙམ་པ་འདི་བཞིན། བདག་ལ་ཡང་སེམས་ཚོར་དེ་བྱུང་མྱོང་མོད། ཕལ་ཆེར་་་རིག་པའམ་ཤེས་བ་སྔ་མའི་རྒྱུན་གྱི་གོ་དོན་ལྡན་པའི་༼རིག་རྒྱུན༽གྱི་དག་ནོར་ཡིན་ས་མ་རེད། གཞན་༼རྐུབ་སྟེགས་ཚ་བོ༽མིང་ཐོགས་སྟངས་ཐད་ནས་བློ་བདེ་བོ་བྱུང་སོང་། ཐུག་རྗེ་ཆེ།
༢༽མིག་བརྒྱད་པ་ལགས་ནས་གོ་དོན་ཟབ་ཅིང་རིན་དོན་ཆེ་བའི་འགྲེལ་རིང་ཞིག་བརྒྱབ་འདུག་པས་དགའ་ནས་ཡོད། སྐུ་ཉིད་ཀྱི་འགྲེལ་བཤད་འདིའི་ནང་ཚན་ན་༼སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆ་༽ཞེས་བའི་འདིའི་བསྟན་དོན་་༼རིགས་རྒྱུན་༽ཞེས་བའི་མིང་ཚིག་འདི་དང་ཆ་མཚུངས་སམ། ད་དུང་བཀའ་འདྲི་མང་བོ་ཞིག་བྱེད་དགོས་སའི་གནད་འདུག་མོད། འགྲེལ་བཤད་འདིའི་གོ་དོན་ཟབ་ཅིང་རྒྱ་ཆེ་བར་བརྟེན། གནས་སྐབས་སུ་བློ་ལ་ངེས་ཁག་ཙམ་འདུག་ན། ག་ལེར་བཀའ་འདྲི་རེ་བྱེད་ཆོག་པ་གྱིས།
༄༅།། ནག་ཐར་སྐྱིད་ལགས། ཁྱེད་རང་གི་དོགས་གནས་ངོ་བོ་འཛིན་པའི་གྲུབ་རྫས་ཟེར་བ་དེ་ཆོས་གང་ཞིག་ལ་གོ་དགོས་པ་གསུངས་འདུག་ཀྱང་དེ་ནི་ཁྱབ་ཆེ་བའི་སྐྱོན་ཡོད་། དེས་ན་ངོ་བོ་འཛིན་པའི་གྲུབ་རྫས་ཟེར་བ་དེ་ནི་དངོས་པོའི་ཆོས་ཐམས་བཅད་ལ་གོ་དགོས་པ་སྟེ་རང་གི་ངོ་བོ་འཛིན་པ་དང་རྫས་སུ་གྲུབ་པ་ཡིན་པས་སོ།
རིག་རྒྱུན་ནི་རྫས་ཀྱི་དངོས་པོར་མི་འཇུག་ཅིང་རིག་པ་སྔ་མ་སྔ་མ་ནས་ཕྱི་མ་ཕྱི་མ་མཚམས་སྦྱོར་བའི་རིག་པའི་རྒྱུན་དེ་ལ་གོ་དགོས་སོ།
ནོར་བཅོས། གྲུབ་རྫས་ཟེར་བ་དེའི་རྗེས་སུ་ཁ་བའི་མཚོ་ནས་ཆོས་གང་ཞིག་མཐུད་རོགས།
དེ་གཉིས་མི་འདྲ། Chromosome ཞེས་པ་རིགས་རྒྱུན་ཕྲ་རྫས་དང་། cell་སྐྱེ་རྡུལ་ཕྲ་གཟུགས་སམ་ཕྲ་ཕུང་གི་ནང་གི་ལྟེ་བར་ཕ་ལས་ཐོབ་པའི་Chromosome་༢༣་དང་མ་ལས་ཐོབ་པའི་Chromosome་༢༣་སྟེ་བསྡོམས་པས་ཞེ་དྲུག་པོ་དེའི་རེ་རེའི་ནང་DNA་ཞེས་རིགས་རྫས་འདུས་པའི་ཕྲེང་བ་ལྟ་བུ་དེ་ཁྱེར་ཡོད་པ་རེད། DNA་ཡི་གྲུབ་ཆ་གཙོ་བོ་Gene ་ནི་རིགས་རྫས་འདུས་པའི་གཞི་རྟེན་ཡིན་པ་དང་Protein་ནི་སྲོག་འཚོ་བར་བྱེད་པ་དང་སྐྱེ་འཕེལ་བྱེད་པའི་བཅུད་རྫས་གལ་ཆེ་ཤོས་ཤིག་ཡིན་པ་རེད། དེར་བརྟེན་སྐྱེ་ལྡན་ཀུན་ལ་རང་གི་རིགས་འདེད་དངོས་རྫས་ཀྱི་གྲུབ་ཆ་གཙོ་བོ་DNA་ཡིས་འཁོད་རིམ་མི་འདྲ་བའི་དབང་གིས་སྐྱེ་ལྡན་རིགས་མི་འདྲ་བའི་ཁྱད་པར་འབྱེད་པ་རེད། དཔེར་ན། རྟ་དང་བོང་བུ། མི་དང་དུད་འགྲོའི་ཁྱད་པར་འབྱེད་ཡོང་གི་ཡོད་པ་ལྟ་བུ་རེད།
ང་ཚོའི་གཟུགས་པོའི་ཆ་ཤས་སུ་གྲུབ་པ་དོན་ལྔ་སྣོད་དྲུག་དང་ཀླད་པ། རུས་སྒྲོམ། རྩ་རྒྱུས། ཁྲག་དཀར་ཁྲག་དམར་སོགས་ཕྲ་ཕུང་གིས་བཀོད་སྒྲིག་བྱེད་པ་དང་ཕྲ་ཕུང་རེ་རེའི་ནང་དུ་ཕ་མ་ལས་ཐོབ་པའི་རིགས་རྒྱུན་ཕྲ་རྫས་Chromosome་ཞེ་དྲུག་ཡོད། དེའི་བྱེད་ལས་ལ་བརྟེན་ནས་གཤིས་སྤྱོད་དང་སྐྲའི་ཁ་དོག །ཆེ་ཆུང་དང་ལྗིད་ཚད་ཀྱི་གནས་ཚུལ་དེ་རིགས་ཡོང་གི་ཡོད་པ་རེད།
འདི་ནི་རླུང་ཁམས་ཆེན་པོ་སྟེ།།རྣམ་ཤེས་གསུམ་གྱི་བཞོན་པ་ཡིན།།ཞེས་པ་ལྟར་ང་ཚོའི་ནང་པའི་གཞུང་དུ་འཇིག་རྟེན་ལས་ལ་བརྟེན་ནས་བྱུང་བ་རེད་ཟེར་གི་ཡོད་པ་རེད། མཐར་ཐུག་ན་ལས་ཟེར་བ་རླུང་གི་གཡོ་བ་ཞིག་རེད། ང་ཚོའི་གཟུགས་པོའི་གཡོ་འགུལ་བྱེད་པ་ཐམས་ཅད་རླུང་གི་བྱེད་ལས་ལ་བརྟེན་ནས་བྱུང་བ་རེད་ལ། ངག་སྨྲ་བ་དང་ཟས་བཞུ་བ། སྲོག་འཚོ་བ་ལ་དབུགས་གཏོང་ལེན་བྱེད་དགོས་པ་དང་དེ་ལྟར་མིན་ན་ལུས་རུལ་བར་འགྱུར་ངེས་རེད། དཔེར་ན། མངལ་གྱི་གནས་སྐབས་ཀྱི་ཕྲུ་གུ་བདུན་ཕྲག་སོ་བརྒྱད་རིང་མངལ་དུ་གསོན་པོར་གནས་ཐུབ་པ་དང་། དེ་ལྟར་ཡང་ཕ་མའི་ཁུ་ཁྲག་མཉམ་འདུས་ལས་བརྒྱ་ཆའི་བརྒྱ་ཐམ་པ་ཕྲུ་གུ་སྐྱེ་ཐུབ་པའི་ངེས་པ་མེད་ཅེས་ཚན་རིག་མཁས་ཅན་གྱིས་བཤད་གི་ཡོད་པ་རེད་ལ། ནང་པའི་གཞུང་དུའང་ཉེས་པ་གསུམ་དང་བྲལ་བ་ཞེས་དེ་གསུང་གི་ཡོད་པ་ལྟར་རེད། མངལ་གྱི་སྐྱོན་དང་ས་བོན་གྱི་སྐྱོན། ལས་ཀྱི་སྐྱོན་ཏེ་ཉེས་པ་དེ་གསུམ་དང་མ་བྲལ་ན་ཕྲུ་གུ་སྐྱེ་མི་ཐུབ་པར་དགའ་བོ་མངལ་འཇུག་གི་མདོ་ལས་བཤད།
༄༅། །མངལ་དུ་འཇུག་པའི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་བཞུགས་སོ།
།བླ་མ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །རིགས་དྲུག་ཁམས་གསུམ་འཁོར་བའི་སེམས་ཅན་རྣམས། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་གཟིར་བའི། །རང་བཞིན་ཉིད་ལས་མ་འདས་དེ་ཡང་ནི། །ལས་
དང་ཉོན་མོངས་དབང་གིས་སྐྱེས་བའི་མཐར། །འཆི་བར་འགྱུར་རོ་ཤི་བའི་ཚེ་ན་ཡང༌། །རྒྱུན་ཆད་མི་འགྱུར་མངལ་ལ་སོགས་པ་ཡི། །སྐྱེ་གནས་རྣམ་བཞི་གང་ཡང་རུང་བར་ནི། །སྐྱེ་བར་འགྱུར་ཞིང་དེ་ལས་གཞན་དུ་མིན། །བསྐལ་པ་དང་པོའི་མི་རྣམས་རྫུས་སྐྱེས་ཡིན། །ལྷ་དང་དམྱལ་བ་སྲིད་པ་བར་དོ་རྣམས། །རྫུས་ཏེ་སྐྱེ་ཡི་འགྲོ་བ་གཞན་དག་ལས། །འགའ་ཞིག་སྒོང་སྐྱེས་ལ་ལ་དྲོད་གཤེར་སྐྱེས། །ཕལ་ཆེར་མངལ་དུ་སྐྱེ་བར་འགྱུར་བ་སྟེ། །དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །ཐོག་མ་མ་རིག་དབང་གིས་ལས་བསགས་ནས། །ལས་ཀྱི་བག་ཆགས་རྣམ་ཤེས་ཉིད་ལ་བསྒོས། །སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་ནས། །སྲིད་ལས་ནུས་པ་མཐུ་ཅན་གྱུར་པའི་ཚེ། །རྣམ་ཤེས་ཕྱི་མར་ཉིང་མཚམས་སྦྱར་བ་ན།།
སྐྱེ་བ་མིང་གཟུགས་འབྲས་བུའི་རྣམ་ཤེས་འགྲུབ། །རིམ་གྱིས་མིག་སོགས་སྐྱེ་མཆེད་དྲུག་པོ་དང༌། །རེག་པ་ཚོར་བ་རྒ་ཤི་མངོན་འགྲུབ་སྟེ། །དེ་ལས་མྱ་ངན་སྨྲེ་ངག་འདོན་པ་དང༌། །སྡུག་བསྔལ་ཡིད་མི་བདེ་སོགས་འབྱུང་འགྱུར་ཞིང༌། །མ་རིག་འདུ་བྱེད་རྣམ་ཤེས་མིང་གཟུགས་དང༌། །སྐྱེ་མཆེད་དྲུག་དང་རེག་པ་ཚོར་བ་དང༌། །སྲེད་དང་ལེན་པ་སྲིད་པ་སྐྱེ་བ་དང༌། །རྒ་ཤིའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི། །འཁོར་བའི་འཁོར་ལོ་བར་མཚམས་མེད་པར་འཁོར། །དེ་ཡང་དུས་དང་དུས་མིན་འཆི་བ་ཡིས། །འཆི་ཚེ་དྲོད་ནི་སྟོད་སྨད་གང་རུང་ནས། །སྙིང་ཁར་བསྡུས་ཏེ་སྲོག་འགགས་རྣམ་ཤེས་ནི། །ཕྱིར་འཐོན་སྲང་མདའི་མཐོ་དམན་ཇི་བཞིན་དུ། །རིགས་དྲུག་གང་དུ་སྐྱེ་བའི་བར་དོ་འགྲུབ། །དེ་ནས་མངལ་དུ་ཉིང་མཚམས་སྦྱོར་བ་ཡང༌། །ལས་ཀྱི་འབྲེལ་བའི་ཕ་མར་འགྱུར་བ་གཉིས།།ཕན་ཚུན་ཐབས་ཤེས་སྦྱོར་བར་བྱེད་པ་སོགས། །རྒྱུ་རྐྱེན་དུ་མ་ཚོགས་ལ་བལྟོས་པ་སྟེ། །ཚོགས་པ་མ་ཚང་མངལ་དུ་འཇུག་མི་འགྱུར། །དེ་ཡང་གྲོག་མའི་རྐེད་པ་འདྲ་ལ་སོགས། །མངལ་གྱི་སྐྱོན་རྣམས་མེད་ཅིང་དག་པ་དང༌། །ཟླ་མཚན་ལྡན་ཚེ་མཉམ་པར་སྦྱོར་བ་ན། །གཉིས་ཀའི་ཁམས་ནི་འདུས་པར་གྱུར་པའི་སྐབས། །ལས་ཀྱི་འབྲེལ་པས་བར་སྲིད་འཇུག་པ་སྟེ། །དེ་ཡང་ཕོ་རུ་སྐྱེ་ན་མ་ལ་སྲེད། །ཕ་ཉིད་དང་ནི་འབྲལ་བར་འདོད་འགྱུར་ལ། །གལ་ཏེ་མོ་རུ་སྐྱེ་ཚེ་ཕ་ལ་ཆགས། །མ་ལ་སྡང་བའི་བློ་ནི་སྐྱེ་བར་འགྱུར། །དེ་ཚེ་ཕ་མ་ཉལ་པོ་བྱེད་པ་ནི། །སྒྱུ་མ་བཞིན་མཐོང་ཉེ་བར་ཕྱོགས་པ་ན། །ཕ་མ་མི་མཐོང་གཉིས་ཀའི་ཆོས་ཙམ་ཞིག །མཐོང་བས་ཁྲོས་པས་རྐྱེན་བྱས་བར་སྲིད་དེ། །འཆི་འཕོ་བྱེད་པར་ས་ཡི་དངོས་གཞིར་གསུངས། །དེ་ཚེ་ཡང་དག་མིན་པའི་འདུ་ཤེས་ནི། །གྲང་དང་རླུང་འཚུབ་ཆར་འབབ་གནམ་འཐིབ་ཅིང༌། །སྐྱེ་བོ་མང་པོས་སྒྲ་ཆེན་སྒྲོག་བཞིན་དང༌།།འདུ་ཤེས་རྣམ་བཅུ་གང་རུང་འབྱུང་འགྱུར་ཏེ། །རང་ཉིད་ཁང་པ་ཁང་བརྩེགས་གཞལ་མེད་ཁང༌། །སྐྱིལ་བུ་ཁྱིམ་དང་རྩྭ་སྟུག་ནགས་ཚལ་དང༌། །རྩིག་པའི་བུ་ག་ས་པ་མོའི་གསེབ་ཏུ་ནི། །འཇུག་གོ་སྙམ་དང་ཁྲི་ལ་འཛེག་སྙམ་ཚེ། །སྲིད་པ་བར་དོ་འགགས་ནས་རྣམ་ཤེས་ཉིད། །ཁ་འམ་སྤྱི་བོ་མངལ་གྱི་སྒོ་སོགས་ནས། །མ་ཡི་མངལ་དུ་ཁམས་གཉིས་འདུས་གྱུར་པ། །མེར་མེར་པོ་ཡི་དབུས་སུ་འཇུག་པར་འགྱུར། །དཔེར་ན་འོ་མ་སྣོད་དང་སྲུབ་ཤིང་དང༌། །སྐྱེས་བུའི་རྩོལ་བ་ལ་བརྟེན་མར་འབྱུང་བ། །དེ་བཞིན་ཐབས་ཤེས་སྦྱོར་བའི་ས་བོན་ལས། །ཕྱི་མའི་ལུས་ནི་འགྲུབ་པར་འགྱུར་བ་ཡིན། །དཔེར་ན་རྩྭ་སྔོན་ལྕི་བ་རྒྱ་ཤུགས་དང༌། །ཞོ་ལ་བརྟེན་ནས་སྲིན་བུ་སྐྱེ་འགྱུར་ཏེ། །ལུས་ཀྱང་སྔོ་དང་སེར་དང་དམར་དང་དཀར། །འོན་ཀྱང་དེ་དག་སྲིན་བུ་མ་ཡིན་ལ། །སྲིན་བུ་ཉིད་ཀྱང་དེ་དག་མ་ཡིན་མོད། །འདུས་པ་ལས་ནི་སྲིན་བུའི་ལུས་འགྲུབ་བཞིན། །ལས་ཀྱི་རྐྱེན་སྟོབས་ཕ་མའི་ཁམས་དག་ལས། །ལུས་ནི་འགྲུབ་པར་འགྱུར་ཏེ་ཁམས་དེ་ཉིད། །ལུས་མིན་ལུས་ཀྱང་ཁམས་ཉིད་མིན་མོད་ཀྱང༌། །འདུས་ལས་རིམ་གྱིས་ལུས་ནི་འགྲུབ་པར་འགྱུར། །དེ་ཚེ་ས་ཡི་ཁམས་གྱིས་སྲ་བར་བྱེད། །ཆུ་ཡིས་གཤེར་ཞིང་མེས་དྲོ་རླུང་གིས་གཡོ། །གལ་ཏེ་ཁམས་བཞི་མེད་ན་མེར་མེར་པོ། །
བསྐམས་སམ་རུལ་ཞིང་འཕེལ་བར་མི་འགྱུར་རོ། །དེ་ཕྱིར་འབྱུང་བ་ཆེན་པོ་དེ་དག་ནི། །ལས་ཀྱི་རྒྱུ་བྱས་གཅིག་གིས་གཅིག་རྐྱེན་བྱས། །དེ་མཐུས་རྣམ་པར་ཤེས་པ་སྐྱེ་ཞིང་གནས། །ས་ཡི་ཁམས་ཀྱིས་རྟེན་བྱེ་བ་ཆུ་ཡིས་སྡུད། །མེ་ཡིས་སྨིན་ཅིང་རླུང་གིས་འཕེལ་བར་བྱེད། །དཔེར་ན་བཏབ་བའི་ནས་ཀྱི་མྱུ་གུ་ནི། །བརླན་གཤེར་ལ་སོགས་རྐྱེན་ཀུན་ཚོགས་པའི་ཚེ། །འབྱུང་གི་རེ་རེ་ཁོ་ནས་མ་ཡིན་ལྟར། །ཕ་མ་རྣམ་ཤེས་ཁམས་རྣམས་འདུས་པ་ལས། །སྐྱེ་བ་ལེན་གྱི་རེ་རེ་ཁོ་ནས་མིན། །དེ་ཚེ་མེར་མེར་པོ་ནི་གཟུགས་ཡིན་ལ། །ཚོར་བ་འདུ་ཤེས་འདུ་བྱེད་རྣམ་ཤེས་བཞི། །མིང་ཞེས་བྱ་སྟེ་བསྡོམས་པས་མིང་གཟུགས་སོ། །མ་ཡི་མངལ་གནས་ཚད་ནི་ཞག་གི་གྲངས། །བདུན་ཕྲག་སོ་བརྒྱད་ལྟག་ཙམ་ཡོད་པ་སྟེ། །དེ་ཡང་བདུན་ཕྲག་དང་པོའི་གནས་སྐབས་ཚེ། །སྡུག་བསྔལ་འདི་ལྟར་རབ་ཏུ་འཐོབ་འགྱུར་ཏེ། །ཚ་བའི་སྣོད་དུ་བཙོས་ཤིང་བརྔོས་པ་བཞིན། །དེ་ཚེ་མེར་མེར་པོ་ལ་བརྟེན་པའི་དུས། །དེ་ནི་ཞོ་ཡི་སྤྲིས་མ་བཞིན་དུ་ཆགས། །བདུན་ཕྲག་གཉིས་བར་སྔར་བཞིན་སྡུག་བསྔལ་བར། །དེ་ཚེ་ཀུན་ཏུ་རེག་བ་ཞེས་བྱ་བའི། །ལས་ཀྱི་རླུང་བྱུང་མངའ་དེར་རེག་པ་ན། །ནུར་ནུར་བོར་འགྱུར་ཞོ་ནི་བསྐ་བའམ། །མར་འཁྱག་བཞིན་ཏེ་རབ་ཏུ་བཙོས་པ་ན། །ཁམས་བཞི་མངོན་སྣང་གོ་གོར་པོ་ཉིད་འགྱུར། །བདུན་ཕྲག་གསུམ་པར་མ་ཡི་མངལ་ནས་ནི། །མཛོད་ཀ་ཞེས་བྱའི་རླུང་བྱུང་རེག་པ་ན། །ལྟར་ལྟར་པོར་འགྱུར་སྲིན་བུ་གྲོ་མ་བཞིན། །བདུན་ཕྲག་བཞི་པར་རབ་ཏུ་འབྱེད་བའི་རླུང༌། །མངོན་པར་བྱུང་བས་མངལ་དེར་རེག་པ་ན། །མཁྲང་འགྱུར་ཞེས་བྱ་དབྱིབས་ནི་བོང་བ་བཞིན། །བདུན་ཕྲག་ལྔ་པར་སྡུད་པ་ཞེས་བྱ་བའི། །རླུང་བྱུང་རེག་པས་དཔུང་བ་གཉིས་པ་དང༌། །བརླ་གཉིས་མགོ་སྟེ་ལྔ་པོ་མངོན་ཙམ་འབྱུང༌། །དྲུག་པར་རྒྱ་ཆེ་ཞེས་བྱའི་རླུང་བྱུང་སྟེ། །དཔུང་པའི་མཁྲིག་མ་གཉིས་དང་པུས་མོ་བསྐྱེད། །བདུན་པར་འཁྱིལ་པ་ཞེས་བྱའི་ལས་རླུང་གིས། །རེག་པས་རྐང་ལག་རྣམ་བཞི་སྣང་བར་འགྱུར། །བརྒྱད་པར་བཟློག་ཅིང་བསྒྱུར་བའི་རླུང་གིས་ནི། །སྔོ་མོ་ཉི་ཤུ་གསལ་བར་བྱེད་པར་འགྱུར། །དགུ་པར་རྣམ་པར་འབྱེད་པའི་རླུང་བྱུང་སྟེ། །མིག་གཉིས་རྣ་བ་གཉིས་དང་སྣ་བུག་གཉིས། །ཁ་དང་བཤད་ལམ་གཅི་བའི་སྒོ་དགུ་སྣང༌། །བཅུ་པར་སྲ་བར་བྱེད་པའི་རླུང་གིས་ནི། །མངལ་གྱི་གནས་པ་སྲ་ཞིང་བརྟན་པར་བྱེད། །དེ་ཚེ་སྐྱེ་བ་ཞེས་བྱའི་རླུང་གིས་ཀྱང༌། །མངལ་གནས་རྒྱལ་བ་བུས་ཏེ་གང་བཞིན་བྱེད། །བཅུ་གཅིག་པ་ལ་གཉིས་སྣང་ཞེས་བྱའི་རླུང༌། །བྱུང་དེས་ཁོང་སྟོང་ཉིད་དུ་བྱེད་འགྱུར་ཞིང༌། །
བུ་ག་དགུ་པོ་གསལ་བར་སྣང་བར་འགྱུར། །བཅུ་གཉིས་ལ་བབ་ཡོད་པའི་སྒོ་ཡི་རླུང༌། །འབྱུང་ཞིང་དེས་ནི་ནང་ཁྲོལ་རྒྱུ་མ་བསྐྱེད། །དེ་ཚེ་བསྡུ་བ་རྒྱུས་པའི་རླུང་གིས་ནི། །ཚིགས་ནི་སུམ་བརྒྱ་དྲུག་ཅུ་བྱེད་པར་འགྱུར། །བཅུ་གསུམ་པ་ལ་སྔར་གྱི་ལས་རླུང་དེས། །བཀྲེས་སྒོམ་ཤེས་བྱེད་མ་ཡིས་ཟོས་འཐུང་བ། །ཞུ་ནས་དེ་ཡི་ལུས་ལ་ཕན་འདོགས་བྱེད། །བཅུ་བཞི་བ་ལ་སྐུད་པ་ཁ་ཡི་རླུང༌། །ཞེས་བྱས་རྩ་རྒྱུས་སྟོང་ཕྲག་སྐྱེད་པར་བྱེད། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོན་བཞིར། །ཉིས་བརྒྱ་ལྔ་བཅུ་ལྔ་བཅུ་གནས་བར་འདོད། །བཅོ་ལྔར་པདྨ་ཞེས་བྱའི་རླུང་བྱུང་སྟེ། །རྩར་རྒྱུ་བ་ནི་རྣམ་པ་ཉི་ཤུ་བསྐྱེད། །དེ་ནི་ལུས་ཀྱི་ཕྱོགས་བཞིར་ལྔ་ལྔ་གནས། །རྩར་རྒྱུ་རེ་རེར་ཡང་ནི་བཞི་བཅུ་རེ། །ལུས་ཀྱི་ཕྱོགས་བཞིར་ཉིས་བརྒྱ་ཉིས་བརྒྱ་སྟེ། །ཁྱོན་བསྡོམས་བརྒྱད་བརྒྱ་རེ་རེ་ལ་ཡང་ནི། །ཕན་ཚུན་འབྲེལ་བས་བརྒྱ་བརྒྱ་ཡོད་པ་རྣམས།།བསྡོམས་པས་སྟོང་ཕྲག་བརྒྱད་ཅུ་འབྱུང་འགྱུར་ཏེ། །དེ་ཡང་ལུས་ཀྱི་མདུན་རྒྱབ་གཡས་གཡོནབཞིར། །སྟོང་ཕྲག་ཉི་ཤུ་ཉི་ཤུ་ཡོད་པར་གསུང༌། །བཅུ་དྲུག་པ་ལ་བདུད་རྩི་འགྲོ་བའི་རླུང༌། །བྱུང་བས་མིག་གཉིས་རྣ་བ་སྣ་བུག་གི །སྐྱེ་མཆེད་འགྲུབ་ཅིང་ཁ་སྒོ་མིང་པ་དང༌། །སྙིང་གི་ཁོར་ཡུག་བཟའ་བཏུང་མྱངས་པ་ཀུན། །འཇུག་པའི་གནས་དང་དབུགས་ཀྱང་རྒྱུ་བར་བྱེད། །བཅུ་བདུན་འབྲི་གདོང་ཞེས་བྱའི་རླུང་གིས་ནི། །མིག་རྣ་ལ་སོགས་ལྷག་པར་དང་བྱེད་ཅིང༌། །དབུགས་ཀྱང་ཕྱི་ནང་ཐོགས་མེད་རྒྱུ་བར་བྱེད། །བཅོ་བརྒྱད་བར་ནི་དྲི་མ་མེད་བའི་རླུང༌། །ཞེས་བྱས་སྐྱེ་མཆེད་ཡོངས་སུ་དག་པར་བྱེད། །བཅུ་དགུ་པ་ལ་སྔར་གྱི་རླུང་དེས་ནི། །མིག་དང་རྣ་བ་སྣ་ལྕེའི་དབང་པོ་འགྲུབ། །ཉི་ཤུར་ཤིན་ཏུ་བརྟན་པའི་རླུང་གིས་ནི། །སེམས་ཅན་དེ་ཡི་རྐང་པ་གཡས་གཡོན་གྱི། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་དང༌། །རྐང་པའི་ཕྱི་རྟིང་རུས་པ་བཞི་རྣམས་དང༌། །རྗེ་ངར་པུས་མོའི་རུས་པ་གཉིས་གཉིས་དང༌། །རྐེད་པ་ལོང་བུའི་རུས་པ་གསུམ་གསུམ་དང༌། །སྒལ་ཚིགས་ཀྱི་རུས་པ་བཅོ་བརྒྱད་དང༌། །རྩིབ་མའི་རུས་པ་ཉི་ཤུ་རྩ་བཞི་བསྐྱེད། །གཞན་ཡང་ལག་པ་གཡས་གཡོན་ལ་བརྟེན་ཏེ། །སོར་མོའི་རུས་པ་ཉི་ཤུ་ཉི་ཤུ་བྱེད། །ལག་ངར་འགྲམ་པའི་རུས་པ་གཉིས་གཉིས་དང༌། །མགོ་དང་དབུང་བ་གཉའ་རུས་བཞི་བཞི་དང༌། །བྲང་དང་ཕྲག་པའི་རུས་པ་བདུན་བདུན་དང༌། །སོ་ཡི་རུས་པ་སུམ་ཅུ་རྩ་གཉིས་བསྐྱེད། །མདོར་ན་རུས་པ་ཕྲ་མོ་མ་གཏོགས་པའི། །རུས་ཆེན་ཉིས་བརྒྱ་རབ་ཏུ་བསྐྱེད་པར་བྱེད། །ཉེར་གཅིག་ཡང་དག་བསྐྱེད་པའི་རླུང་བྱུང་ནས། །དེ་ཡི་ལུས་ཀྱི་ཤ་རྣམས་ཀུན་ནས་བསྐྱེད། །ཉེར་གཉིས་ཀུན་ཏུ་རྒྱས་པའི་རླུང་བྱུང་སྟེ། །ལུས་ཀྱི་ཁྲག་རྣམས་རབ་ཏུ་བསྐྱེད་པར་འགྱུར། །ཉེར་གསུམ་ཡོངས་དག་འཛིན་པའི་རླུང་ལས་གྲིས། །ལུས་ཀྱི་པགས་པའི་ཁྱད་པར་བསྐྱེད་པར་བྱེད། །ཉེར་བཞིར་ཀུན་ཏུ་འཕྱོ་བའི་རླུང་བྱུང་སྟེ། །བགས་པའི་མདོག་ནི་གསལ་བར་བྱེད་པར་འགྱུར། །ཉེར་སྔ་བ་ལ་གྲོང་འཛིན་རླུང་གིས་ནི། །ཤ་དང་ཁྲག་རྣམས་རབ་ཏུ་དང་བར་བྱེད། །ཉེར་དྲུག་སྐྱེ་བ་མངོན་པར་འགྲུབ་པ་ཡིས། །སྐྲ་དང་བ་སྤུ་སེན་མོའི་ཁྱད་པར་བསྐྱེད། །ཉེར་བདུན་སྨན་ཡོན་ཆེན་པོའི་རླུང་བྱུང་ནས། །སྐྲ་སྤུ་སེན་མོ་མདོག་དང་ལྡན་པར་བྱེད། །དེ་ཚེ་སྔོན་གྱི་ལས་དང་རྐྱེན་གཞན་མཐུས། །ལུས་ཀྱི་བཀོད་པའི་བཟང་ངན་ཁྱད་པར་བསྐྱེད། །ཕོ་ཡིན་མ་ཡི་རྩིབ་མའི་གཡས་ཕྱོགས་དང༌། །བུ་མོ་ཡིན་ན་གཡོན་གྱི་ཕྱོགས་སུ་ནི། །ཙོག་བུར་
ལག་པ་གཉིས་ཀྱིས་གདོང་བཀབ་སྟེ། །བུ་རྒྱབ་བུ་མོ་མདུན་ཕྱོགས་ཁ་བལྟས་འདུག །དེ་ཚེ་མ་ནི་ཆོང་དང་རྒྱུགས་པ་དང༌། །ཚ་དང་གྲང་བའི་ཁ་ཟས་ཟོས་འཐུང་བས། །མངལ་ན་གནས་དེ་གཡང་དུ་ལྷུང་བ་དང༌། །ཀུན་དུ་བཙིར་བས་པགས་པ་བཤུས་བཞིན་དང༌། །གྲང་དང་ཚ་སོགས་དམྱལ་བའི་སྡུག་བསྔལ་
བཞིན། །མཐོང་མོད་སྐྱེས་ཚེ་དྲན་པ་རྨོངས་ནས་བརྗེད། །ཉེར་བརྒྱད་བ་ལ་ཕྱིན་ཅི་ལོག་པ་ཡི། །འདུ་ཤེས་བརྒྱད་པོ་ཅི་རིགས་འབྱུང་འགྱུར་ཏེ། །མངལ་དུ་ཁྱིམ་དང་གཞོན་པ་ཁང་བརྩེགས་དང༌། །ཀུན་དགའ་ར་བ་སྐྱེད་ཚལ་ཁྲི་ལ་འདུག །ཆུ་དང་རྫིང་བུའི་འདུ་ཤེས་འབྱུང་འགྱུར་ཞིང༌། །དེ་ཡང་དགེ་བ་བྱེད་ལ་བཟང་པོ་དང༌། །མི་དགེ་བྱེད་བར་ངན་པའི་སྣང་བ་འཆར། །ཉེར་དགུ་པ་ལ་མེ་ཏོག་ཕྲེང་བ་ཡི། །རླུང་ཞེས་བྱ་བས་ཁ་དོག་སྣ་ཚོགས་བྱེད། །དེ་ཡང་ལས་ཀྱིས་འབྲེལ་བའི་ཕ་མ་ཡི། །ལུས་ཀྱི་མདོག་དང་རྗེས་སུ་མཐུན་པའམ། །ཡང་ན་མི་འདྲ་བཟང་ངན་ཅི་རིགས་འགྱུར། །སུམ་ཅུ་པ་ལ་ལྕགས་ཀྱི་སྒོ་ཞེས་པའི། །རླུང་གིས་བུས་པས་སྐྲ་སྦུ་ལྷག་པར་འཕེལ། །དེ་བཞིན་སོ་གཅིག་སོ་གཉིས་སོ་གསུམ་དང༌། །སོ་བཞི་པ་ལའང་ལས་ཀྱི་རླུང་གིས་ནི། །ལུས་ཀྱི་ཆ་རྣམས་རྒྱ་ཆེར་འཕེལ་བར་བྱེད། །སོ་ལྔ་པ་ལ་ཡན་ལག་ཉིང་ལག་ཀུན། །རྫོགས་པར་འགྱུར་གྱི་དེ་ཡི་གོང་དུ་མིན། །སོ་དྲུག་བ་ལ་མངལ་དུ་འདུག་མི་འདོད། །སོ་བདུན་ལ་བབ་མི་གཙང་དྲི་མི་ཞིམ། །མུན་ནག་འཐིབ་འདྲའི་ཡང་དག་འདུ་ཤེས་འབྱུང༌། །བདུན་ཕྲག་སོ་བརྒྱད་གནས་སྐབས་སོན་པའི་ཚེ། །མ་ཡེ་མངལ་ནས་མེ་ཏོག་སྟུད་ཅེས་པའི། །ལས་ཀྱི་རླུང་བྱུང་མངལ་གྱི་སེམས་ཅན་དེ། །མགོ་ཐུར་བསྒྱུར་ཞིང་ལག་པ་གཉིས་བརྐྱངས་ནས། །སྐྱེ་བའི་སྒོ་རུ་ཕྱོགས་པའི་བྱ་བ་བྱེད། །སོ་བརྒྱད་མཐར་རམ་རྫོགས་ནས་ཞག་བཞི་སོགས། །སོང་ཚེ་ཁ་ཐུར་བལྟ་བའི་ལས་ཀྱི་རླུང༌། །བྱུང་ནས་མངལ་ན་འདུག་པའི་སེམས་ཅན་དེ། །རྐང་པ་གྱེན་དུ་བྱས་ཏེ་བཅུམ་ནས་ནི། །ཕྱི་རུ་ཕུལ་ཏེ་སྐྱེ་བའི་སྒོ་ནས་དབྱུང༌། །འོན་ཀྱང་ཁ་ཅིག་ཞག་གྲངས་མ་ཚང་དང༌། །འགའ་ཞིག་ལྷག་པ་ཉིད་དུ་གནས་པའང་སྲིད། །བཙའ་དུས་བཙིར་བས་པགས་པ་བཤུས་འདྲ་བའི། །སྡུག་བསྔལ་མི་བཟད་མྱོང་བར་འགྱུར་བ་དང༌། །མས་ཀྱང་སྲོག་ལ་འབབ་པ་ལྟ་བུ་ཡི། །སྡུག་བསྔལ་མྱོང་ཞིང་འཆི་པ་ཉིད་ཀྱང་སྲིད། །བཙས་ནས་འཇམ་པའི་སྟན་ལ་བཞག་འམ། །སོར་མོས་བླངས་ཚེ་ཚེར་མའི་ནང་ལྷུང་ལྟར། །ཚ་ཞིང་རྩུབ་པའི་སྡུག་བསྔལ་དཔག་མེད་མྱོང༌། །ཁ་ཅིག་སྔོན་གྱི་ལས་དང་འཕྲལ་རྐྱེན་གྱིས། །རྐང་ལག་ལོག་ཅིང་བསྣོལ་མར་བྱུང་གྱུར་ནས། །མངལ་གྱི་གནས་སྐབས་ཉིད་ནས་འཆི་བར་འགྱུར། །བཙས་ནས་ཉིན་ཞག་བདུན་པའི་དུས་ཀྱི་ཆེ། །ལུས་ལ་སྲིན་བུ་ཕྲ་མོ་འབུམ་བྱུང་ནས། །ལུས་ཀྱི་གནས་ཉིད་ཟ་བར་བྱེད་པ་སྟེ། །སྲིན་བུ་ཁ་ཅིག་སྐྲ་ཡི་རྩ་བ་ཟ། །དེ་བཞིན་མགོ་བོ་གླད་པ་མིག་རྩ་དང༌། །ལ་ལ་རྣ་བ་སྣ་དང་ཤ་རུས་པགས། །རྩ་རུས་ནང་ཁྲོལ་སོགས་ལ་གནས་བཅས་ནས། །ཟ་ཕྱིར་ལུས་འདི་སྲིན་བུའི་ཚང་བཞིན་ནོ། །གཞན་ཡང་ཤ་རུས་རྣག་ཁྲག་བཤད་གཅི་དང༌། །སྣབས་དང་ངར་སྣབས་མཆིལ་མ་ལ་སོགས་པ། །མི་གཙང་རྫས་ཀྱི་དངོས་པོ་སོ་དྲུག་དང༌། །རླུང་མཁྲིས་པ་དཀན་འདུས་པའི་ནད་ཀྱི་གཞི། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་འདི། །མི་གཙང་སྐྱེ་རྒན་འཆིའི་སྡུག་བསྔལ་གྱི། །འབྱུང་གནས་སྡུག་བདེན་ཉིད་ལས་མ་འདས་ཕྱིར། །བདེ་བར་སེམས་པ་གང་ཡིན་རྨོངས་པས་འཁྲུལ། །བདག་ཕུང་སྐྱེ་དང་རྒ་བ་ལ་སོགས་ཀྱང༌། །དཀར་ནག་ལས་དང་ཉོན་མོངས་རྐྱེན་དབང་གིས། །
འགྲུབ་པར་འགྱུར་གྱི་བྱེད་པོ་གཞན་མེད་པས། །རང་དབང་གྲུབ་བའི་བདག་ནི་ཡོད་མ་ཡིན། །རྟེན་ཅིང་འབྲེལ་བར་འབྱུང་བའི་བྱེད་ལས་ནི། །བསམ་གྱིས་མི་ཁྱབ་དེའི་རགས་པར་ཡང༌། །རྨོངས་པ་ཁ་ཅིག་བུ་དང་བུ་མོ་ཉིད། །བདག་ཅག་རང་དབང་ཁོ་ནས་བསྐྱེད་སྙམ་སེམས། །དེ་ལྟ་ཡིན་ན་བུ་དང་བུ་མོ་ཡི། །མིག་སྣ་རྣ་བ་ལྕེ་དང་སྒལ་ཚིགས་དང༌། །རྩ་རྒྱུས་རྒྱུ་མ་སྙིང་མཆིན་གློ་བ་སོགས། །ལུས་ཀྱི་ཕྱི་ནང་བཀོད་པ་ཇི་སྙེད་པ། །དེ་དག་ཁྱེད་ཅག་གིས་ནི་བྱས་སམ་ཅི། །ཡིན་ན་མཁས་ཏེ་སྔོན་མེད་ངོ་མཚར་ཆེ། །དེ་ལྟར་མངལ་གྱི་གནས་ཚུལ་ལེགས་ཤེས་ན༑ ༑གཙང་བདེ་རྟག་བ་བདག་ཏུ་ལྟ་ལ་སོགས། །རྨོངས་པའི་ལྟ་ངན་གདོན་ལས་གྲོལ་འགྱུར་ཞིང༌། །ཡང་དག་ལྟ་བ་འདྲེན་པའི་བག་ཆགས་འཇོག །ཇི་སྐད་བརྗོད་དེ་འཇིག་རྟེན་ཁམས་འདི་འདྲའི། །མངལ་སྐྱེས་ཉིད་ཀྱི་དབང་དུ་བྱས་པ་སྟེ། །མངོན་དགའི་ཞིང་ན་སྐྱེས་བ་བུད་མེད་གཉིས། །འཁྲིག་པའི་སྦྱོར་བ་མེད་ཀྱང་ཆགས་སེམས་ཀྱིས། །བུད་མེད་གང་ལ་ཡུད་ཙམ་བལྟས་པ་ན། །དེ་ཉིད་སྦྲུམ་མར་འགྱུར་ལ་དེ་ཕྱིན་ཆད། །འདོད་ཆགས་བྲལ་བའི་ཏིང་འཛིན་འཐོབ་བར་འགྱུར། །བུད་མེད་ཀུན་ཀྱང་ལྷ་མོ་གཞོན་ནུ་བཞིན། །རབ་མཛེས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །མངལ་དུ་ཁྱེའུ་འམ་བུ་མོ་ཆགས་གྱུར་ན། །མ་བུ་གཉིས་ལའང་སྡུག་བསྔལ་གཏན་མེད་ཅིང༌། །ཤིན་ཏུ་བདེ་ཆེན་ཉམས་སུ་མྱོང་བར་འགྱུར། །བུ་ཡི་ལུས་ཀྱང་ཕ་མའི་ས་བོན་ལས། །གྲུབ་པ་མིན་ཕྱིར་མངལ་ནས་སྐྱེ་བའི་ཚེ༑ ༑ཆུ་སེར་ཁྲག་སོགས་མི་གཙང་རིགས་ཀུན་གྱིས། །གོས་པ་མེད་བར་ཤེལ་གྱི་ཁང་བ་ནས། །ཕྱི་རོལ་འབྱུང་བ་ཇི་བཞིན་བདེ་བར་བཙའ། །ཞིང་དེའི་མི་རྣམས་ལྷ་བཞིན་མཛེས་མཚུངས་ཤིང༌། །ཕུན་ཚོགས་སྐྱིད་པའི་དགའ་བདེར་རྟག་སྤྱོད་པས། །སྡུག་བསྔལ་བྱ་བའི་མིང་ཡང་ཡོད་མིན་ལ། །ཤི་འཕོས་གྱུར་ཚེའང་དག་པའི་ཞེང་དུ་འགྲོ༌།མངོན་ཤེས་རྫུ་འཕྲུལ་ཐོགས་མེད་ལྡན་པ་དང༌། །འཕགས་པའི་གང་ཟག་གྲངས་མེད་དཔག་ཏུ་མེད། །གང་དག་བདེ་བཞིན་སྐྱེ་དང་གནས་འདོད་ན། །མི་འཁྲུགས་རྒྱལ་བའི་ཞིང་དེར་སྐྱེ་འགྱུར་བའི། །ཚོགས་གསོག་སྒྲིབ་སྦྱོར་སྨོན་ལམ་རླབས་ཆེན་ཐོབ། །དེས་ནི་དེ་རུ་སྐྱེ་ཞེས་རྒྱལ་བས་བཤད། །མདོར་ན་མངོན་དགའ་བདེ་བ་ཅན་གཉིས་ཀྱི། །ཞིང་གི་བཀོད་པ་བསམ་གྱིས་མི་ཁྱབ་ཅིང༌། །མཚུངས་པ་ཉིད་ཅེས་མདོ་ལས་གསུངས་པའི་ཕྱིར། །ཞིང་དེར་སྐྱེ་བ་སྨོན་རྣམས་སྐལ་བ་བཟང༌། །དེ་འདྲའི་དག་བའི་ཞིང་དུ་སྐྱེས་ནས་ཀྱང༌། །མ་དག་ཞིང་གི་འགྲོ་རྣམས་འདྲེན་སྙམ་དུ། །དམ་བཅའ་སྙིང་རྗེས་དྲངས་པའི་ལྷག་བསམ་གྱིས། །ཤུགས་དྲག་སྨོན་ལམ་འདེབས་ལ་ཞུ་གསན་ལེགས། །ཅི་ཕྱིར་ཞེ་ན་སྙིགས་མའི་དུས་འདིར་ནི། །རང་ཅག་ལྟ་བུ་དང་པོའི་ལས་ཅན་གྱིས། །ས་ལམ་མཐོན་པོ་བསྐྱེད་བར་དཀའ་བའི་ཕྱིར། །རེ་ཞིག་འདུན་པ་དེ་ལྟར་གཏོང་བར་རིགས། །ཚུལ་འདིར་ཚུལ་བཞིན་འབད་ལས་བྱུང་བའི་དགེས། །སྐྱེ་དང་སྐྱེ་བར་དལ་འབྱོར་རྟེན་རྙེད་ཅིང༌། །ཡང་དང་ཡང་དུ་ཆོས་ལ་སྤྱོད་པ་ཡིས། །མྱུར་བ་མྱུར་བར་སངས་རྒྱས་ཐོབ་གྱུར་ཅིག །ཅེས་དགའ་བོ་མངལ་འཇུག་གི་མདོའི་དགོངས་པ་གསལ་བར་བྱེད་པའི་མེ་ལོང་ཞེས་བྱ་བ་འདི་ཡང༌། དོན་གཉེར་ཅན་འགའ་ཞིག་གིས་བསྐུལ་པས་རྐྱེན་བྱས་ཏེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས། ཐུབ་པའི་དབང་པོས་ལེགས་བར་བཤད་པའི་དོན་བཞིན་གཞན་གྱིས་ཀྱང་ཤེས་ན་ཅི་མ་རུང་སྙམ་ནས་སྦྱར་བའོ།། མངྒ་ལཾ།
གཉན་གཡག་ཕྲུག་ལགས་དང་མིག་བརྒྱད་པ་སླར་ཡང་ཕེབས་ནས་རམ་འདེགས་བྱས་རིན་ལ་ཐུགས་རྗེ་ཆེ་ཞུ་བ་ལགས།
༡༽གཉན་གཡག་ཕྲུག་ལགས་ནས་ནུས་ཚོད་ཀྱིས་མཆན་འགྲེལ་ཞིག་བཞག་འདུག་མོད། ཕལ་ཆེར་ཀློག་ཉམས་མ་བཞག་བའི་སྐྱོན་ཡིན་པ་འདྲ། ༼རིགས་རྒྱུན་༽དང་༼རིག་རྒྱུན༽འདི་གཉིས་བར་ན་ས་མཐའ་བཞག་ཡོད་མེད་ལ་བརྟེན། གོ་དོན་མི་འདྲ་ཞིང་བསྟན་དོན་མི་འདྲ་བ། འཇུག་ཡུལ་ཁ་ཁར་གྱུར་བའི་སྣང་བ་ཞིག དཔེ་ཀློག་གི་དུས་ཡུན་ནང་བདག་ལ་སྐྱེས་མྱོང་སྟབས་འདིར་དྲ་གྲོགས་རྣམས་ཀྱི་མིག་མདུན་ལ་བཤམས་ཡོད། སྔོན་འདིར་ཁ་བ་འཚོ་ལགས་ཀྱང་གོང་གི་མིང་ཚིག་འདི་གཉིས་དག་ནོར་བྱུང་བར་སྙམ་པའི་ཐེ་ཚོམ་ཞིག་སྐྱེས་འདུག་སྟེ། ཕྲན་ནས་ཕལ་ཆེར་་་ཡིག་ནོར་བྱུང་བའི་སྐྱོན་མིན་པར་སེམས་པའི་བརྡ་ཞིག་བཏང་ཡོད། གང་ལྟར་ད་དུང་བདག་གི་བློ་ལ་འདིའོ་སྙམ་པའི་གསལ་ལྷང་ངེ་བ་ཞིག་འཆར་མེད་སྟབས། ཅིས་ཀྱང་རམ་འདེགས་མང་ཙམ་བྱེད་རོགས།
གཞན་་་༼ངོ་བོ་འཛིན་པའི་གྲུབ་རྫས༽ཐད་ནས་ཡིན། སྐུ་ཉིད་ཀྱིས་མཆན་འདིའི་ཡོངས་ལུགས་ལ་བལྟས་ན། བདག་གིས་༼ངོ་བོ་འཛིན་པའི་གྲུབ་རྫས་༽ནི་ཆོས་གང་ཞིག་ལ་གོ་དགོས་པ་གསུངས་འདུག་བསམ་པ་ནང་བཞིན། དེ་ནི་ཚབས་ཆེ་བའི་ནོར་འཁྲུལ་ཞིག་ཏུ་ངོས་བཟུང་འདུག་མོད། བདག་གི་བསམ་གཞིགས་འདིའི་བརྒྱུད་རིམ་ཆ་ཚང་ལ་བལྟས་ཡོད་ན་དོན་དངོས་དེ་ལྟར་མིན། ཕྲན་རང་སྐྱེས་ཡུལ་དང་སྐྱེས་ལོ་སོགས་ཀྱིས་དབང་གིས་སྲོལ་རྒྱུན་རིག་གནས་ལ་མི་ངེས་ཞིང་། དེང་རབས་རིག་གནས་ཡང་སློབ་སྐལ་མ་ཐོབ། བདག་ལ་ཐོབ་པ་ནི་དམར་ཆུང་གདོང་ལེན་རུ་མའི་ཕུགས་བསམ་ལ་མཁོ་བའི་སློབ་གསོ་ཞིག་ལས་ཅི་ཡང་མིན། ཐ་ན་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཤེས་བྱ་རྒྱུན་ལྡན་པ་ཞིག་ཀྱང་བསླབ་མ་མྱོང་། འདི་དག་རེ་རེ་བཞིན་བསམ་གཞིགས་བྱས་ཡོང་དུས་སེམས་ཚེགས་ཐེབས་པ་ཞིག་དང་མནར་གཅོད་གཏོང་ཀྱིན་འདུག ད་གཞི་ནས་་་རང་ཉིད་ཀྱི་དགའ་ཁ་ཁྱེར་ཕྱོགས་དང་བསྟུན་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་འབྲེལ་བའི་དཔེ་ཀློག་རེ་བྱེད་ཀྱིན་ཡོད། དེར་བརྟེན་མི་ཤེས་བ་དང་མི་འཇོན་ས། མི་རིག་ས་ཁ་བརྡ་དྲ་རྒྱ་ལ་འཛུལ་ནས་ལམ་སྟོན་རེ་ཞུ་བཞིན་ཡོད། རྐྱེན་འདི་རིགས་ཀྱིས་དབང་གིས་ཕྲན་ལ་ཁ་ཚོན་གཅོད་པའི་ནུས་ཤུགས་དེ་ཁྱོན་མེད། ཡོད་ན་བཀའ་འདྲི་བྱེད་ལུགས་ཤིག་ཡིན། དཔེར་ན། སམ། ནམ། ཅི། རམ་སོགས་དྲི་རྟགས་རང་ལ་འཇུག་པ་ཡིན།
སྐུ་ཉིད་ཀྱི་འདོད་པ་ལྟར་༼ངོ་བོ་འཛིན་པའི་གྲུབ་རྫས༽ཟེར་བ་དེ་ནི་དངོས་པོའི་ཆོས་ཐམས་བཅད་ལ་གོ་དགོས་པ་སྟེ་རང་གི་ངོ་བོ་འཛིན་པ་དང་རྫས་སུ་གྲུབ་པ་ཡིན་པས་སོ། ཞེས་ཚིག་ཐག་ཆད་པོ་འདི་ལྟར་ཡང་། བདག་གི་བློ་ལ་ཨ་ན་མ་ན་ཞིག་འཆར་ཐུབ་ཀྱིན་མི་འདུག དཔེར་ན། ཆབ་རོམ་གྱི་ངོ་བོ་ཆུ་ཡིན་པ་ལྟར་ན། དེ་གཉིས་གཟུགས་སུ་གྲུབ་སྟངས་མི་འདྲ་བ་དོགས་པའི་གནས་ལ་བཞག་ནས་རྫས་ཅི་ཞིག་ལ་བརྟེན། ད་གཟོད་འདི་ལྟར་ངོ་བོ་གཅིག་རུང་གཟུགས་སུ་གྲུབ་ལུགས་མི་འདྲ་བའི་རྒྱུ་མཚན་ཅི་ཡིན་ནམ་ལབ་ཡོང་ཚེ། སྐུ་ཉིད་ཆ་རྒྱུས་ཅི་ཞིག་ཡོད་དམ། མདོ་དོན་ཐུགས་རྗེ་ཆེ་ཞུ་བ་ལགས།
༢༽ མིག་བརྒྱད་པ་ལགས། སྐུ་ཉིད་ཀྱི་རམ་འདེགས་བྱེད་ལུགས་འདི་ཧ་ཅང་བདག་ལ་མཁོ་ཞིང་། འདོད་པ་དེ་ཡིན་སྟབས་སྙིང་ཐག་པ་ཐུགས་རྗེ་ཆེ་མི་ཆུང་བ་ཞུ། འདི་ལྟར་གོ་དོན་ཟབ་ཞིང་དབང་བོ་རྣོ་བའི་དཔྱོད་ལུགས་འདི་ཡིད་སྨོན་སྐྱེས་འོས་བ་ཞིག་འདུག་ན། སྐབས་དོན་ལས་བརྒལ་ནས་བདག་གི་བསམ་གཞིགས་རིམ་པ་ཞིག་ངོ་སྤྲོད་པར་འདོད་སོང་། དེ་ནི་ད་ལྟའི་དུས་བདག་གི་སློབ་གྲའི་བརྒྱུད་རིམ་ཕྱིར་མིག་རེ་བལྟས་ཡོང་དུས་ཅི་ཡང་འཁྱོང་མི་འདུག་པར་བརྟེན། བྱུང་ན་ནང་ཆོས་དང་འབྲེལ་བའི་རང་བྱུང་ཁོར་ཡུག་གི་འགྱུར་ལྡོག་འབྲེལ་བའི་རྒྱན་ཤེས། དེ་ལས་ཀྱང་ཚན་རིག་དང་ལྷན་དུ་རྩི་ཤིང་གི་སྐྱེ་འཆི་སོགས་རིག་པའི་ལམ་ནས་རང་རེའི་གཞུང་ལུགས་དང་གླེང་མོལ་གྱི་འབྲས་བུ་འདི་དག རང་རུས་སློབ་བུ་རྣམས་ལ་ཤིན་ཏུ་མཁོ་ཞིང་། རིམ་གྱིས་རང་མི་རིགས་ཀྱི་རིག་གཞུང་དང་འབྲེལ་བའི་སྐྱེ་དངོས་རིག་པ་དང་འཇིག་རྟེན་གྱི་འབྱུང་རིམ་སོགས། རང་མི་རིགས་ཀྱི་སློབ་བུ་རྣམས་ཀྱི་བསླབ་བྱ་ལྟ་བུ་མཁོ་སྒྲུབ་བྱེད་ཐུབ་དབང་དུ་བཏང་ན། ད་ལྟའི་དུས་ལ་མི་རིགས་གཞན་གྱི་ཁ་ནས་ཅི་འབུད་ལ་ཅེར་ནས་འདུག་དགོས་བའི་དཀའ་ངལ་འདི་སེལ་ཐུབ་པའི་རེ་བ་ཡོད།
ཞོར་དུ་་་སྐབས་ཀྱི་གླེང་གཞི་དང་འབྲེལ་བའི་བཀའ་འདྲི་ཞིག་བྱེད་འདོད་བྱུང་། དེ་ཡང་སྐུ་ཉིད་ཀྱི་དཔྱད་མཆན་འདིའི་ནང་ཚན་ན་༼རིགས་རྒྱུན་ཕྲ་རྫས་Chromosome་ཞེ་དྲུག་ཡོད། དེའི་བྱེད་ལས་ལ་བརྟེན་ནས་གཤིས་སྤྱོད་དང་སྐྲའི་ཁ་དོག །ཆེ་ཆུང་དང་ལྗིད་ཚད་ཀྱི་གནས་ཚུལ་དེ་རིགས་ཡོང་གི་ཡོད་པ་རེད།༽ ཞེས་བའི་གོ་དོན་ལྟར་ན། སྐྲའི་ཁ་མདོག་དང་ཆེ་ཆུང་ལྗིད་ཚད་འདི་རིགས་འབྱུང་ཚུལ་བློ་ལ་མི་ངེས་བ་ཞིག་མ་རེད་དེ། གཤིས་སྤྱོད་ཀྱི་ཐད་ནས་བློ་ལ་འཐད་པ་དེ་ཙམ་མི་འདུག དཔེར་ན། བོད་ཀྱི་བླ་སྤྲུལ་རྣམས་གཙོ་བྱས་སྔོན་མའི་བག་ཆགས་ཕྱི་མར་ཐེབས་པའི་རྣམ་ཤེས་རིགས་ཡོད་ཚུལ་ཁས་ལེན་པ་ལྟར་ན། གཤིས་སྤྱོད་འདི་་་རིགས་རྒྱུན་ཕྲ་རྫས་གང་རུང་ཞིག་ལ་བརྟེན། འཇམ་རྩུབ་གྱི་གཤིས་སྤྱོད་ཞིག་ཐོག་མ་ནས་སྐྲའི་ཁ་མདོག་ཅི་བཞིན་གཏན་འཁེལ་བ་ཡིན་ཚེ། སྤྲུལ་སྐུ་རྣམས་སྐུ་སྔོན་མ་དང་འདྲ་བའི་གཤིས་སྤྱོད་ཆ་མཚུངས་བ་སུ་ཡང་གདམས་རུང་བའམ། ཡང་ན་རྦད་དེ་རིགས་རྒྱུན་ཕྲ་རྫས་གང་རུང་ཞིག་ཁོ་ནས་གཤིས་སྤྱོད་གྲུབ་ལུགས་གཙིགས་ཆེན་ལ་བཟུང་ནས་ལྟ་གྲུབ་འབའ་ཞིག་ལ་ཚོད་འཛིན་བྱེད་འོས་བ་ཡིན་ནམ། གང་ལྟར་བདག་གི་བསམ་ཕྱོགས་འདི་གོ་ནོར་དང་དཔྱད་ནོར་ཐེབས་ཡོད་ན་དགོངས་འགལ་མེད་པ་ཞུ།
འདིའི་གཤིས་སྤྱོད་ནི་དམིགས་བསལ་དུ་ཡོད་པའི་ལུས་ཀྱི་རྣམ་པར་རིག་བྱེད་ཀྱི་གཟུགས་ཤིག་སྟེ། དཔེར་ན་ཐུན་མོང་མ་ཡིན་པའི་གཤིས་སྤྱོད་དེ་Chromosome་དང་འབྲེལ་ནས་ཡོང་བ་མ་གཏོགས་ངག་སྨྲ་ཐུབ་པ་དང་དོན་གོ་བ་སོགས་ལུས་རྟེན་གྱི་ཆ་ནས་ཡོང་གི་ཡོད་པ་རེད། མིག་གི་ཁ་དོག་དང་སྐྲའི་ཁ་དོག་སོགས་དེ་དག་ཕ་མའི་ཁམས་དཀར་དམར་གྱི་ནང་གི་Chromosome་རིགས་རྫས་ལ་བརྟེན་ནས་ཡོང་བ་རེད།
ནང་པའི་གཞུང་དུ་སྐྱེ་བ་སྔ་ཕྱི་ནི་རྣམ་ཤེས་ཀྱི་རྒྱུན་ནས་འཇོག་གི་ཡོད་པ་རེད། འབྱུང་བཞིའི་ལུས་སྟེང་ནས་འཇོག་གི་མེད། དཔེར་ན། མིའི་སྐྱེ་བ་སྔ་མར་གྱུར་བའི་དུད་འགྲོ་ཡོད་ཀྱང་སྔ་མའི་ལུས་རྟེན་དེ་སྐྱེ་བ་འདིའི་ལུས་ཀྱི་རིགས་འདྲའི་རྒྱུན་དུ་འཇོག་དཀའ། །
ཚན་རིག་པ་རྣམས་ཀྱིས་རྣམ་ཤེས་ཀྱི་གསང་བ་ཕྲ་མོ་ཕྲ་མཐོང་ཆེ་ཤེལ་ནས་མཐོང་ཐུབ་པ་ཞིག་མ་ཡིན་སྟབས། སེམས་དང་སྲོག་གི་སྐོར་ལ་བགྲོ་གླེང་རིམ་པ་མང་པོ་འཚོགས་ཡོད་པ་རེད། ཚན་རིག་གིས་དཔྱོད་ཐབས་བྲལ་བའི་བེམ་མིན་གྱི་དངོས་པོ་འདི་རིགས་ནང་པའི་མཚན་ཉིད་རིག་པའི་གཞུང་དུ་རྒྱས་པར་གཏན་ལ་ཕབ་ཅིང་དེང་སང་གི་དངོས་ཁམས་རིག་པ་མང་པོས་ཞིབ་འཇུག་བྱས་དང་བྱེད་བཞིན་པ་རེད། འདིའི་སྟེང་ནས་ཀུན་སྤྱོད་རིག་པ་དང་བྱམས་བརྩེའི་ཁོར་ཡུག་བསྐྲུན་ཐབས་ཡོང་གི་ཡོད་པ་རེད།
མིག་བརྒྱད་པ་ལགས། སྐུ་ཉིད་ཀྱིས་ངལ་བ་ལ་མ་འཛེམས་པར་ཡང་དང་བསྐྱར་དུ་གསེལ་འགྲེལ་གནང་བ་ཐུགས་རྗེ་ཆེ། རིན་དོན་ཆེ་ཞིང་གོ་དོན་གཏིང་ཟབ་པའི་རང་རུས་གཞུང་ལུགས་འདི་སློབ་གཉེར་ཆེ་ཙམ་མེད་ཚེ། བློ་ངོར་འབྱོར་དཀའ་བར་བརྟེན་བཀའ་འདྲི་མང་ཙམ་མི་བྱེད་ཐབས་མེད་དུ་གྱུར་མོད། ཡིན་ནའང་སུན་པོ་བཟོས་ཡོང་སྙམ་པའི་སེམས་འགྱུ་ཞིག་འདུག་སྟེ། ཕྱོགས་གཞན་ནས་གོ་སྐབས་རེད་བསམ་པའི་ཧམ་སེམས་ཞིག་ཀྱང་ངང་གིས་སླེབས་སོང་བས་ཨུ་ཚུགས་འདི་མུ་མཐུད་བྱས་བ་ཡིན།
༡༽གོང་འདི་ནས་གཤིས་སྤྱོད་ནི་༼རིགས་རྒྱུན་ཕྲ་རྫས་Chromosome༽ལ་བརྟེན་ནས་ཡོང་བར་འདོད་པ་བློ་ངོར་འབྱོར་དཀའ་བར་བརྟེན་དོགས་གཞི་ལ་བཞག་ཡོད། སྨྲ་ཤེས་བ་དང་དོན་གོ་བ་སོགས་ལུས་རྟེན་གྱི་ཆ་ནས་ཡོང་བ་དང་། དེ་ཡང་ཕ་མའི་ཁམས་དཀར་དམར་ནང་གི་རིགས་རྫས་Chromosomeལ་བརྟེན་ནས་ཡོང་ཚུལ་འགྲེལ་ལུགས་ལྟར་བློ་བདེ་བོ་བྱུང་།
༢༽རྣམ་ཤེས་ཀྱི་རྒྱུན་ནས་སྐྱེ་བ་སྔ་ཕྱི་འཇོག་ལུགས་འདི་གོ་ཐོས་ཙམ་ཡོད། ཡིན་ནའང་སྐྱེ་བ་སྔ་མའི་བླ་སྤྲུལ་དག་གི་རྣམ་ཤེས་ཀྱི་རྒྱུན་ཕྱི་མར་ངོས་བཟུང་བའི་ཚེ་ན། ད་ལྟ་ར་འཕྲོད་པའི་དབང་བོ་འདི་དང་དེའོ་ཞེས་རྣམ་ཤེས་ཀྱི་རྒྱུན་དེ་ཅི་ཞིག་ལ་བརྟེན་ནས་གཏན་འཁེལ་བ་ཡིན་ནམ། སྔོན་འདིར་བདག་གིས་དོགས་གཞི་སྔ་མའི་བག་ཆགས་ཕྱི་མར་ཐེབས་པར་འདོད་ཚུལ་ལ་དམིགས་ནས། བག་ཆགས་ཀྱི་རྒྱུན་གཤིས་སྤྱོད་ཀྱིས་ཕྱིར་མངོན་པར་འདོད་པ་ཙམ་ཡིན། སྐབས་ལ་རེ་བུ་མོ་མ་དང་འདྲ་བར་ཨུ་ཚུགས་ཆེ་ཞིང་མཛེས་སྤྲོས་ཚ་བོའི་རིགས་ཀྱི་གཤིས་སྤྱོད་ཞིག ད་ལྟའི་འཚོ་བའི་ཁྲོད་ན་མཐོང་རྒྱུ་འདུག དེ་ཡང་ཕ་མའི་སློབ་གསོ་དང་ད་ལྟའི་སྤྱི་ཚོགས་ལ་རེག་ལས་བའམ། ཡང་ན་ཚེ་རབས་བརྒྱུད་པའི་བག་ཆགས་སམ། གང་ལྟར་སྟབས་བདེ་ན་གསལ་འགྲེལ་རེ་ཡོང་བ་ཞུ།
༣༽རང་རུས་གཞུང་ལུགས་ལ་ངོམས་རིན་ཡོད་པའི་དགེ་མཚན་མང་བོ་དེ་འདུས་ཚུལ། གཞི་ནས་ཕྲན་ལ་གོ་རྟོགས་རབ་རུབ་ཙམ་ཞིག་ཐོབ་པར་བརྟེན། དགའ་བཞིན་སྤྲོ་བཞིན་རང་རྒྱུད་འབྱོར་གང་ཐུབ་བྱེད་ཀྱིན་ཡོད་ན། རམ་འདེགས་མི་ཆུང་བ་ཡོངས་བར་སྨོན།
ནང་པའི་གཞུང་དུ་གཤིས་སྤྱོད་ཟེར་བ་གནས་ངན་ལེན་གྱི་བག་ཆགས་ཀྱི་དབང་གིས་ཡོང་གི་ཡོད་པ་གསུངས་ཡོད། དཔེར་ན། ཉོན་མོངས་སྤངས་པའི་དགྲ་བཅོམ་པ་ཡིན་ཡང་སྤྲེའུ་ལྟར་མཆོང་བ་དང་གཞན་ལ་རྨོངས་མོ་ཞེས་ལུས་དང་ངག་གི་གནས་ངན་ལེན་དེ་འདྲ་ཡོང་གི་ཡོད་པ་གསུངས་ཡོད། ཡིན་ཡང་ཚན་རིག་གིས་སྐྱེས་དངོས་ཡོད་ཚད་ལ་གཤིས་སྤྱོད་ཅིག་འཇོག་གི་ཡོད་དམ་སྙམ། ལྷག་པར་སེམས་ཅན་འབུ་སྲིན་ཆུང་ཆུང་ནས་མིའི་བར་དུ་གཤིས་སྤྱོད་མ་འདྲ་བ་རེ་འཇོག་གི་ཡོད། དཔེར་ན་གྲོག་མའི་གཤིས་སྤྱོད། སྦྲང་མའི་གཤིས་སྤྱོད། མིའི་གཤིས་སྤྱོད་ལྟ་བུ་ཐུན་མོང་མ་ཡིན་པ་རེ་ཡོད་པ་ཕ་མའི་Chromosome་དང་འབྲེལ་ནས་ཡོང་གི་ཡོད་པ་བཤད་ཡོད། དེ་ལ་སེམས་ཅན་གྱི་འདྲིས་འགྱུར་དང་གོམས་གཤིས་ཟེར་ན་འགྲིག་གི་རེད། Animal’s Adaptation and their Habit་དེ་ཚོ་ཁོར་ཡུག་དང་འབྲེལ་ནས་ཡོང་གི་ཡོད་པ་ཡང་བཤད་ཡོད་ལ། གནའ་སྔ་མོའི་གཏུམ་འབྲུག་དང་བ་སྤུ་རིང་པོ་ཡོད་པའི་གླང་ཆེན་སོགས་འཚོ་གནས་ལ་འགྱུར་ལྡོག་བྱུང་ནས་རིགས་རྒྱུད་རྩ་སྟོང་ཕྱིན་པར་བཤད་ཡོད། དེར་བརྟེན་ལུས་དང་ལུས་ལ་བརྟེན་པའི་གཤིས་སྤྱོད་དེ་རིགས་མེད་ན་མི་འབྱུང་གི་ཕ་མའི་Chromosome་དང་འབྲེལ་ནས་མ་བཤད་ན་རིགས་རྒྱུད་རྩ་སྟོང་དུ་འགྲོ་བ་མི་སྲིད་པར་ཐལ་བའི་སྐྱོན་འབྱུང་།
ཁྱེད་རང་ཚོ་སྐལ་བ་བཟང་པོ་རེད། སློབ་གྲྭ་འགྲིམས་པའི་གོ་སྐབས་བྱུང་འདུག་ལ་ང་རང་ལྟ་བུར་ཡིན་ན་ལོ་བཅོ་བདུན་བར་ཚན་རིག་དང་བོད་ཡིག་གི་གཞི་རིམ་སློབ་གྲྭ་ལྟ་ཅི། བོད་ཡིག་གི་མགོ་རྔ་ཙམ་ཡང་མི་ཤེས། ལོ་བཅུ་བདུན་ཐོག་དགོན་པར་གྲྭ་བ་བྱས་རྗེས་དགེ་རྒན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་གཞི་ནས་བོད་ཡིག་གི་ཡི་གེའི་སྦྱོར་ཀློག་ནས་མགོ་ཚུགས་ཏེ། རིམ་གྱིས་བསམ་བློའི་མྱུ་གུ་འབུས། ལྷག་པར་རིགས་ལམ་བསླབས་པ་དེས་བསམ་བློའི་འགུལ་སྐྱོད་ལ་སྐུལ་ལྕག་ཐེབས། དགེ་འདུན་ཆོས་འཕེལ་གྱི་སྙན་རྩོམ་དེ་རིགས་ནི་བློ་ལ་འགྲོ་ཤོས་གྱུར་ནས་ནམ་རྒྱུན་ཀློག་གི་ཡོད། ཁོང་གིས་ས་ཡན་སིའི་རིགས་པ་གསར་བའི་སྐོར་ལ་གནད་འགག་ཁ་ཤས་གསུངས་ཡོད། དེ་དག་གི་རྐྱེན་བྱས་ནས་ཚན་རིག་གི་འགྲེལ་བཤད་ཁག་ལ་ལྟ་འདོད་བྱུང་། ཡིན་ཡང་ངའི་སློབ་གྲྭ་ནི་མདུན་གྱི་ཅོག་རྩེ་དང་འོག་གི་གདན་དེ་ཡིན། དགེ་རྒན་ནི་རང་བྱུང་གི་རིག་པ་ཡིན། རིག་པ་དེ་ངོ་སྤྲོད་བྱེད་མཁན་ནང་བསྟན་ཡིན། གྲྭ་ཇ་མང་ཇའི་ཡོང་འབབ་ཙག་ཙིག་བསགས་ནས་ཀློག་ཀླད་ཐེབས་ཆག་ཤིག་ཉོས། དེས་ང་ལ་འཛམ་གླིང་ལ་ལྟ་བའི་མིག་ཟུང་བསྩལ་བ་དང་མཚུངས། ཕན་ཐོགས་བྱུང་།
མིག་བརྒྱད་པ་ལགས། དགོངས་འགལ་མེད་པ་ཞུ།
༡༽ སྐབས་ཀྱི་གླེང་མོལ་་གཤིས་སྤྱོད་ཀྱི་ཐད་ནས་བཀའ་འདྲི་སླར་ཡང་བྱེད་དགོས་བ་འདུག་མོད། ཚིག་སྦྱོར་གྱིས་རྐྱེན་ནམ། བདག་གིས་གོ་དོན་མ་གཏོགས་བ་གང་ཡིན་རུང་། ཚིག་ཕྲེང་ཐ་མ་༼དེར་བརྟེན་ལུས་དང་ལུས་ལ་བརྟེན་པའིགཤིས་སྤྱོད་དེ་རིགས་མེད་ན་མི་འབྱུང་གི་ཕ་མའི་chromosomeདངའབྲེལ་ནས་མ་བཤད་ན་རིགས་རྒྱུད་རྩ་སྟོང་དུ་འགྲོ་བ་མི་སྲིད་པར་ཐལ་བའི་སྐྱོན་འབྱུང་།༽འདི་ཅུངཙམ་ཁ་གསལ་བོ་ཞིག་བཟོ་ཐབས་ཡོད་ལས་ཆེ་ཨང་། གོ་དོན་སེམས་ལ་མ་ངེས་བཞིན་དུ་བཀའ་འདྲི་བྱེད་རྒྱུར་བློ་ཁོག་དེ་སླེབས་མ་སོང་།
༢༽ཞོར་ནས་འཕྲོས་ཡོང་བའི་གཏམ་རྒྱུད་འདི་ཤིན་ཏུ་བདག་གི་ཡིད་ལ་འཐད་སོང་། གཙོ་བོ་རང་ཉིད་ཀྱིས་ཅི་ཞིག་བསླབ་ཚེ་རིན་དོན་དང་ལྡན་པ་ཞིག་འབྱུང་མིན་འདི་ཐོག་མའི་ཁ་ཕྱོགས་རེད། དེ་ཡང་བསླབ་གཞིའི་ལྗིད་ཚད་དང་ཁྱབ་ཁོངས་དགེ་ཕན་ལ་ཐུག་འདུག མཐའ་འཁྱོལ་མིན་ནི་གང་ཟག་རང་ཉིད་དང་འབྲེལ་བའི་རྣམ་དཔྱོད་དང་བརྩོན་འགྲུས་རེད། བར་འདི་ནས་ཡང་བདག་གི་མེད་མུག་ཞིག་མི་འདོན་རང་འདོན་རེད། ཕྲན་སློབ་གྲ་འགྲིམ་པའི་བརྒྱུད་རིམ་ཁྲོད་ཕ་མ་དང་དགེ་རྒན་གཉིས་ཀྱི་དམིགས་ཡུལ་རྦད་དེ་ཁ་ཁར་གྱུར་ཡོད། ཕ་མས་སེམས་ན་སློབ་གྲ་འགྲིམ་པའི་རིང་བུ་ཕྲུག་དག་ཤེས་ཡོན་རེ་ཐོབ། བུ་ཕྲུག་སོ་སོའི་འཚོ་བ་ལེགས་ཙམ་བསྐྱངས་ཐུབ་ན་བསམ་ཡོད། རྒན་རྣམ་པ་ཚོ་་ལ་སྲིད་གཞུང་ནས་འོས་འགན་རེ་སྤྲད་ཡོད་བ་རེད། དེ་ལས་བརྒལ་ན་སློབ་ཕྲུག་ལ་ཕན་པའི་ལག་ཤེས་ཞིག་བསླབ་དབང་ཡང་མེད། (གོ་ཐོས་ལ་ཁ་སང་དེ་རིང་འཚོ་གནས་ལ་མཁོ་བའི་ལག་ཤེས་ཐན་ཐུན་རེ་བསླབ་ཀྱིན་ཡོད་པ་འདྲ། ཡིན་ན་མདུན་ལམ་རྨང་ནས་གཏོར་བཞིན་པའི་གནས་བབ་བསམ་ན་འཇིགས་ཡེར་བ་ཞིག་འདུག དེ་ཡང་རང་རུས་སྐད་ཡིག་འདི་ཟ་འཐུང་གི་ལས་ལ་ཡང་བེད་མེད་དུ་བལྟས་ནས། དངོས་ལུགས་དང་རང་བྱུང་ཚན་རིག་སོགས་རྒྱ་འགྱུར་ཡ་མ་བརླའི་བོད་ཡིག་གི་བསླབ་དེབ་དེ་རིགས་ཀྱང་ཕྱིར་བསྡུ་བྱེད་ཀྱིན་པའི་སྒང་རེད།) འདི་ང་འགྲིམ་པའི་སློབ་གྲ་རེད། ཞོགས་པ་སྔ་བོ་རྟག་པར་རྒྱ་གླུ་དེ་ཆད་མེད་དུ་དབྱངས་ལ་གྱེར་མྱོང་ཡོད། དམར་ཆུང་གདོང་ལེན་རུ་ཁག་གི་ཕུགས་བསམ་ཐད་ཀྱི་སློབ་གསོ་དགོད་ཤོར་བ་དེ་ཐོབ་མྱོང་ཡོད། སྙན་ངག་རྐང་ཆགས་མ་བྲིས་མྱོང་ཡོད། སློབ་གྲ་འགྲིམ་པའི་འབྲས་བུ་གཅིག་རང་ནི་ཡིག་ངོ་ཙམ་ཆོད་པ་འདི་ཡིན། ངའི་ཕ་ཡུལ་སློབ་གྲ་ནས་འདི་མ་གཏོགས་ཐོབ་འོས་བ་གཅིག་ཀྱང་གོ་ལ་ཟླུམ་པོ་འདིའི་སྒང་ལ་བཤམས་རིན་ཆི་གང་མེད། དེའི་རྐྱེན་གྱིས་ཕྲན་ལག་སྟོང་མཆན་སྟོང་ཡིན། གནད་འདི་ལ་ཐུག་པས་ད་གཞི་ནས་ཧམ་སེམས་ཚད་དེ་མི་ཤེས་ཞིག ཤེས་ན་འདོད་ཀྱིན་ཡོད། གནས སྟངས་ཐད་ཀྱི་སྒྲུང་མགོ་ཉོག་མང་ཙམ་ཤེས་ཀྱིན་ཡོད།
གཅན་རོང་བསྟན་འཛིན་གྱི་མི་ཚེའི་ཟིན་ཐོ་ནང་། རང་ཁོ་ནའི་ཆེད་དུ་འཚོ་བ་ནི་དམའ་རིམ་གྱི་མི་དང་། མི་སྐོར་ཞིག་གི་ཆེད་དུ་འཚོ་བ་ནི་འབྲིང་རིམ་གྱི་མི། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་འཚོ་བ་ནི་མཐོ་རིམ་གྱི་མི་ཁོ་ན་རེད། ཅེས་པ་ལྟ་བུའི་མི་ཚེའི་རིན་ཐང་ནི་གང་ཞིག་གི་ཆེད་དུ་འཚོ་བར་བསམ་བློ་བཏང་ན། སྐྱེས་བུ་རང་གི་མི་ཚེའི་རིན་ཐང་ནི་ཤེས་ཡོན་ཁོ་ན་མ་ཡིན་པར་བྱམས་བརྩེའི་ཁོར་ཡུག་ཞིག་དང་འབྲེལ་དགོས་པ་རེད། ཐུན་མོང་མ་ཡིན་པའི་འཇོན་ཐང་ཅན་གྱི་མི་ལ་བསམ་བློ་གཏོང་སྟངས་ཐུན་མོང་མ་ཡིན་པ་ཞིག་ཡོད་པས། ཐུན་མོང་བའི་མིག་གིས་རེ་ཞིག་མཐོང་དཀའ།
མིག་བརྒྱད་པ་ལགས། བདག་གི་རེ་བ་འདིའི་སྔ་ཕྱི་ལ་བུད་ནས་རམ་འདེགས་མི་ཆུང་བ་ཞིག་བྱས་སོང་བས་དགའ་ནས་ཡོད། ཐུགས་རྗེ་ཆེ།
མི་ཚེ་ཡི་བདེ་སྐྱིད་་བྱམས་བརྩེ་ཡི་ཁོར་ཡུག་ཅིག་མེད་དུ་མི་རུང་བ་མ་གཏོགས། མི་ཚེ་ཡི་རིན་ཐང་ལྟ་ཚུལ་སྣ་ཚོགས་པ་འབྱུང་སྲིད། དེར་བརྟེན་ངའི་གྲོགས་པོ་ཞིག་གི་བསམ་ཚུལ་རེ་འདིར་བཀོད་ཆོག་པ་བྱས།
༼ས་མཐོར་གནས་ཤིང་ཁེར་རྐྱང་གི་འཚོ་བར་གོམས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དེས་ང་ཚོ་ནམ་ཡང་ཐུན་མོང་མ་ཡིན་པར་དུང་ཤིང་། ཐུན་མོང་མ་ཡིན་པ་ཁོ་ན་གཙིགས་འཛིན་བྱེད་པའི་མི་རིགས་ཤིག་ཏུ་གྱུར་ཡོད། ཐོག་མཐའ་བར་གསུམ་དུ་ང་ཚོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པ་དག་གི་ཆེད་དུ་ཡོད་དགུ་རྩལ་དུ་སྤྲུག་མོད། དེང་གོ་ལ་རིལ་བུའི་སྤྱི་མཐུན་གྱི་འཁོར་བསྐྱོད་ཁྲོད་ང་ཚོར་ཐུན་མོང་མ་ཡིན་པའི་ཁེ་ཕན་གང་ཞིག་ཐོབ་པའམ་ཐོབ་སྲིད་པ་ནི། ངེས་བར་དུ་བསམ་གཞིགས་བྱེད་དགོས་བའི་གནད་ཅིག་ཏུ་འཁུམས་ཡོད་སྙམ། རྒྱ་ནག་དམར་གཞུང་གི་གདུག་རྩུབ་ཆེ་བའི་བཙན་མནོན་འོག་བོད་གཞེས་བྱེས་གཉིས་སུ་ཆགས་དགོས་བྱུང་ཡོད་ལ། ད་ལྟའི་བར་བོད་གཞིས་བྱེས་གང་ལ་མཚོན་ནའང་དངོས་ཤུགས་བརྒྱུད་གསུམ་ནས་བོད་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་དངོས་རྣམས་སྲུང་སྐྱོབས་ཀྱི་ལས་འགུལ་རབ་དང་རིམ་པ་ཞིག་སྤེལ་ཡོད་པ་ནི། ད་ལྟའི་ཛ་དྲག་གི་གནས་སྟངས་འདི་འདྲའི་འོག་ཆེས་གྲུབ་འབྲས་ལྡན་པའི་རང་བཞིན་ཞིག་ཡིན། འོན་ཀྱང་མི་གང་མང་ཞིག་གིས་དེ་ལྟར་བྱེད་དགོས་བ་ཡང་ང་ཚོའི་མི་རིགས་འདི་ཉིད་ད་དུང་མུ་མཐུད་ནས་ཡུན་རིང་ལ་གོ་ལ་རིལ་བུ་འདིའི་སྒང་གསོན་གནས་ཐུབ་པའི་ཐབས་ལམ་ཉག་གཅིག་ལྟ་བུ་དགོངས་བཞིན་ཡོད། ད་ལྟའི་ཆར་དེ་ལྟར་ཆགས་ཡོད་མེད་དང་མ་འོངས་བར་དེ་ལྟར་ཆགས་ཐུབ་མིན་ནི་ངེས་བར་དུ་ང་ཚོས་བསམ་གཞིགས་ཀྱི་རྣོ་ཁ་གཏོད་ས་ཞིག་ཡིན་སྙམ། གང་ལེགས་ཤེད་ན། དེང་འཛམ་གླིང་ཧྲིལ་བོའི་ཁ་ཕྱོགས་གཅིག་ཏུ་གཞོལ་ཏེ་ཕན་ཚུན་མི་རིགས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས། དངུལ་དངོས་དང་འགྲིམ་འགྲུལ་གྱི་དབྱེ་མཚམས་མེད་པར་ཡོངས་རྫོགས་གཅིག་གྱུར་གྱི་ལམ་ཁ་ཞིག་ཏུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པ་གང་མང་ཞིག་གཙིགས་འཛིན་བྱས་ནས་རང་ཉིད་མུ་མཐུད་དུ་ཐུན་མོང་མ་ཡིན་པ་ཞིག་བྱས་ནས་གསོན་གནས་ཐུབ་པར་གཞི་རྩའི་རྨང་གཞི་མེད་པར་ཆགས་ཡོད་ལ། ད་དུང་ང་ཚོའི་ཐུན་མོང་མ་ཡིན་པའི་གང་ཞིག་ལ་ཆ་མཚོན་ན་སྤྱི་ཚོགས་ཀྱི་དགོས་མཁོ་མེད་པ་མ་ཟད། དཔལ་འབྱོར་དང་ཁོར་ཡུག་གི་རྨང་གཞི་མེད་པ། ད་ལྟའི་དུས་ཚོད་དང་མིའི་རིགས་ཀྱི་བསམ་སྤྱོད་དང་མི་འཚམ་པར་སོང་མུ་མཐུད་རྒྱུན་འཛིན་བྱེད་པར་དངུལ་དངོས་ཀྱི་འགྲོ་སོང་ལས་གཞན་རང་ཉིད་ལ་ཁེ་ཕན་གང་ཡང་མེད་སྙམ། དེས་ན་ང་ཚོས་རང་ཉིད་གོ་ལ་ཟླུམ་པོ་འདིའི་སྟེང་མུ་མཐུད་དུ་གསོན་གནས་ཐུབ་ཐབས་ལམ་ཉག་གཅིག་གི་ཁ་ཕྱོགས་འགྱུར་དགོས་སྙམ། དེ་ལྟར་མིན་པར་ད་ལྟ་སྔར་བཞིན་མུ་མཐུད་ནས་ཐུན་མོང་མ་ཡིན་པ་ཁོ་ན་གཙིགས་ཆེན་བྱས་ཚེ། ནམ་ཞིག་རང་ཉིད་ཐུན་མོང་མ་ཡིན་པའི་འཆི་ལམ་དུ་མི་འགྲོ་བའི་ངེས་བ་མེད་སྙམ།༽
འདི་ངའི་གྲོགས་པོ་ཞིག་གིས་དེ་སྔོན་གྱི་ལྟ་ཚུལ་རོབ་ཙམ་ཡིན། ཁོང་གི་བསམ་གཞིགས་འདི་ཡིས་ཐུན་མོང་མ་ཡིན་པའི་བསམ་ཚུལ་ལ། ཐུན་མོང་གིས་བལྟས་ཡོད་ཤེས་ཆེ་སྙམ།
སྲོག་འཇོམས་དུག་སྦྲུལ་གྱི་ཚང་ལྟ་བུའི་སྤྱི་ཚོགས་རྙོག་འཛིང་གི་སྣེ་མོ་ན་ཅི་ཡང་འབྱུང་སྲིད་ལ། མའོ་ཙེ་ཏུང་གིས་འགལ་ཟླ་ཡོད་ཚད་གསོད་དགོས་པའི་གསུང་བཤད་གནང་ཡོད། དོན་དངོས་འདི་དག་ལས་ང་ཚོ་རྒན་རབས་པ་རྣམས་ཀྱི་མགོ་ལ་ཡོང་བའི་མནར་གཅོད་འདི་རིགས་རྗེས་རབས་པ་ཚོ་ལ་མི་ཡོང་བའི་ཆེད་རྒྱུན་དུ་ཁ་བརྡ་དང་གླེང་མོལ་བྱེད་ཆོག །དམ་པ་རེ་ཞིག་རྒུད་གྱུར་ཀྱང་།།ཟླ་བ་ཡར་ངོ་བཞིན་དུ་འབྱུང་།།ཞེས་པ་ལྟར་ཐུན་མོང་མ་ཡིན་པའི་བསམ་བློ་གཏོང་སྟངས་ཀྱི་སློབ་གསོ་དེ་འགལ་རྐྱེན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བློ་སྟོབས་ཡིན་ལ། དེ་བོད་གངས་ཅན་གྱི་གཅེས་ནོར་མཐའ་དག་གི་འབྱུང་ཁུངས་ཡང་ཡིན། གལ་ཏེ་འདི་མེད་སོང་ན་བོད་པ་ཟེར་བ་ཞིག་འཛམ་གླིང་འདིའི་སྒང་ནས་སྔ་ས་ནས་ཡལ་ཚར་བ་རེད། གང་དགའ་གང་སྐྱིད་ཀྱི་ཕྱོགས་སུ་འགྲོ་ངེས་རེད། དེ་ལྟར་སོང་ན་རང་གི་སྐད་ཡིག་དང་རང་གི་རིག་གཞུང་ཟེར་བ་ཞིག་གང་ན་ཡོད། བོད་ཀྱི་བསམ་བློའི་དབུ་ཁྲིད་པཎ་ཆེན་རིན་པོ་ཆེ་འཚོ་བཞུགས་སྐབས་བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང་ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད། ཅེས་གསུངས་ཡོད་པ་ཡང་དེ་འདྲའི་བློ་སྟོབས་ལ་ཐུག་པ་ཡིན། ནང་སྟོང་ཕྱི་རྫིག་གི་ཀུན་སྤྱོད་དང་ཟློས་གར་འཁྲབ་པ་ཇི་བཞིན་གཙུགས་ཆེན་བྱེད་པའི་ཐུན་མོང་བའི་མིག་གིས་ཐུན་མོང་མ་ཡིན་པའི་ནང་གི་བློ་སྟོབས་དེ་རྟོགས་མི་ཐུབ། ཕྱོགས་གཅིག་ནས་རང་ལྟ་མཆོག་འཛིན་དང་རང་འདོད་རྐྱང་རྐྱང་གི་རྒྱ་ལས་མ་གྲོལ་བའི་མི་དག་གིས་བདེན་དོན་མནན་ཡོད་པ་དེ་ཡང་ཤེས་དགོས། སྐྱེས་བུ་དམ་པ་དག་ལ་ལྟ་བ་ལོག་པ་དང་བདུད་ཀྱི་སྤྲུལ་བ་ཞེས་གདུག་དམོད་ཆར་ལྟར་འབེབས་པ་དེ་ཡང་ཐུན་མོང་བའི་མིག་གིས་ཐུན་མོང་མ་ཡིན་པའི་བློ་སྟོབས་མ་མཐོང་བའི་གནད་འགག་ཅིག་རེད།
དྲྭ་མིང་མིག་བརྒྱད་པས་བློ་གཟུར་པོ་གནས་པའི་ངང་མཆན་བཀོད་པ་ནི་ཤེས་ལྡན་པའི་རང་གཤིས་མངོན་འདུག ཨུ་ཚུགས་ཀྱི་གཏམ་མེད་པས་སེམས་གཏིང་ནས་སྤྲོ་བ་ཞིག་སྐྱེས་སོང་།
མིག་བརྒྱད་པ་ལགས།
༡༽ཉིན་འདི་གའི་རིང་དྲ་ཐོག་ལ་ཡོང་ཁོམ་མ་བྱུང་སྟབས། རེ་ཞིག་གླེང་གཞི་འདི་མཚམས་འདི་ནས་འཇོག བྱུང་ན་མུ་མཐུད་ནས་བརྗོད་འདི་དང་འབྲེལ་བའི་དཔྱོད་གླེང་རེ་སླར་ཡང་འབྱུང་སྲིད་པས། སྐུ་ཉིད་ལ་རེ་བ་མི་ཆུང་བ་ཞིག་ཡོད།
༢༽ རླངས་སྔགས་འབོད་པ་ཡང་འདིར་ཕེབས་འདུག་ན། རྗེས་ཕྱོགས་རང་གཤིས་ལས་ལྷག་པའི་ལྟ་སྤྱོད་རེ་ཡོད་ན་འདིར་ཁུར་ཤོག་དང་བློ་གཟུར་བོའི་གཏམ་ལ་ཁོ་བོ་ཤིན་ཏུ་དགའ། ཐུགས་རྗེ་ཆེ།
༄༅།།བོད་མིའི་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན།
དུང་དཀར་བློ་བཟང་འཕྲིན་ལས།
བོད་མི་རིགས་ནི་ལོ་ངོ་ སྟོང་ཕྲག་གི་སྔོན་ནས་ཤེས་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་ཞིག་ ཡིན་པར་བརྟེན། མི་དང་མི་ཡི་བར་ལ་ཡ་རབས་གུས་ཞབས་ཀྱི་སྲོལ་རྒྱུན་བཟང་བོ་ཡོད་ཅིང་དེ་ལ་གཞན་ དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཞིག་ཡིན། དེ་ལ་ནང་གསེས་སུ་དབྱེ་ན།དེ་སྔ་སྤྱི་ཚོགས་ཐོག་བླ་མ། སློབ་དཔོན། དགེ་རྒན། དཔོན་རིགས། རྒན་རབས་བཅས་ལ་གུས་བཀུར་བྱེད་སྲོལ་དང་། ཁྱིམ་ཚང་གི་ནང་བུ་ཕྲུག་གིས་ཕ་མར་གུས་ཞབས་ཞུ་སྲོལ། ཁྱིམ་དུ་སྐུ་མགྲོན་ཕེབས་སྐབས་གུས་ཞབས་ཞུ་སྲོལ། ཕན་ཚུན་མིང་འབོད་སྐབས་གུས་ཞབས་ཞུ་སྲོལ། ཡི་གེ་གཏོང་སྐབས་གུས་ཞབས་ཞུ་སྲོལ་སོགས་མི་འདྲ་བ་མང་པོ་ཡོད། དེའི་ནང་དུ་ལུས་ཀྱི་རྣམ་འགྱུར་གྱི་ཐོག་ནས་གུས་ཞབས་ཞུ་སྲོལ་དང་། ངག་ཐོག་གི་ཞེ་ས་ཞུ་ཚུལ་མི་འདྲ་བའི་ཁྱད་པར་རྣམས་འདུས་ཡོད། གུས་ཞབས་ཞེས་པ་ནི་སྐྱེ་བོ་མཐོ་དམན་དྲག་ཞན་སུ་ཡིན་ཡང་ཕན་ཚུན་འབྲེལ་བ་བྱེད་ སྐབས་ལུས་ཀྱི་རྣམ་འགྱུར་དང་།ངག་ཐོག་གི་སྐད་ཆ་བཤད་སྟངས། མཉམ་དུ་བཟའ་བཏུང་བྱེད་སྟངས། ཚུར་བསུ་ཕར་སྐྱེལ་སོགས་ཡ་རབས་བཟང་བོའི་སྤྱོད་ཚུལ་ཡོད་པ་ཟེར་བ་ལས་འབངས་མི་ སེར་གྱིས་དཔོན་རིགས་སམ་མི་དྲག་ལ་མགོ་སྒུར་ལྕེ་བསྣར་བྱེད་པ་གཅིག་པུ་ལ་གོ་རྒྱུ་མིན། དང་པོ། རང་ལ་ཤེས་ཡོན་སློབ་མཁན་གྱི་སློབ་དཔོན་དང་། ཕ་མ། མེས་པོ་བཅས་ལ་གུས་བཀུར་གཙོ་ཆེ་ཤོས་ཞུ་དགོས་པ། ཐོག་མར་མཇལ་བའམ་རང་ཁྱིམ་དུ་ཕེབས་པ་དང་བཞུགས་པ་བཅས་ཀྱི་སྐབས་སུ་ལུས་ཀྱི་རྣམ་འགྱུར་མགོ་བོ་སྒུར་ཏེ་གྲྭ་པ་ཡིན་ཚེ་ལག་པ་གཉིས་པུས་མོའི་སྟེང་དུ་བཞག་ནས་བློན་ཆེན་པོས་རྒྱལ་པོའི་བཀའ་ཉན་པ་ལྟར་བྱ་དགོས་ཤིང་། ཚུར་གསུང་བའི་བཀའ་མོལ་མ་རྫོགས་བར་དུ་གུས་པས་ཉན་ནས་རང་ཉིད་ཀྱི་ཞུ་ལན་རྣམས་ཞེ་ས་དང་བཅས་ཏེ་ཞུ་དགོས་པ་ལས་མཚན་རྗེན་པར་བོས་ནས་ཞུ་མི་རུང་བ་དང་། རང་གི་བློ་ལ་མི་འབབ་པའི་བཀའ་ཞིག་གནང་ཡང་རྗེས་སུ་གོ་སྐབས་དང་བསྟུན་ནས་རིམ་བཞིན་འཇམ་པོའི་ངག་གིས་ཞུབ་མ་གཏོགས་སྤུན་མཆེད་ཕན་ཚུན་དང་བཟའ་ཚང་ཕན་ཚུན་ཁ་རྩོད་རྒྱག་པ་ལྟ་བུའི་སྐབས་ཐོག་ཐད་ཀར་ཞུ་མི་རུང་བ་ཡིན། སློབ་དཔོན་དང་ཕ་མ་མེས་པོ་བཅས་དང་མཉམ་དུ་བཟའ་བཏུང་བྱ་དགོས་བྱུང་ཚེ་ཁོང་རྣམ་པས་མ་བཞེས་གོང་དུ་རང་གིས་ལོངས་སུ་སྤྱོད་མི་རུང་བ་དང་། བཟའ་བཏུང་སྐབས་ཅག་སྒྲ་དང་ཧུ་སྒྲ་སྒྲོག་པ། མདུན་ཅོག་ཐོག་ལ་ལག་པ་གཉིས་བཀན་ནས་བཟའ་བ། ཁ་མ་བཀབ་པར་སྐད་གསང་ཆེན་པོས་བློ་ལུ་རྒྱག་པ།ཧབ་སྦྲིད་རྒྱག་པ། སྣབས་ལུད་དོར་བ། ལག་པ་ཡ་གཅིག་གིས་སྣོད་སྤྱད་ཕར་འཇོག་ཚུར་ལེན། ཕར་ཚུར་འགྲོ་སྐབས་དང་སྐས་ཀྱི་གདང་བུར་ཡར་འཛེག་མར་འབབ་བྱེད་སྐབས་རྐང་ཤུགས་ ཆེན་པོས་རྡིག་སྒྲ་དང་བཅས་ནས་འགྲོ་བ། ལམ་དུ་འགྲོ་བའི་ཚེ་ན་དགེ་རྒན་དང་ཕ་མའི་རྗེས་དང་གཡོན་ངོས་ཀྱི་ཟུར་ནས་འགྲོ་བ་མ་གཏོགས་གཡས་དངོས་ནས་འགྲོ་མི་རུང་བ། རྟ་བཞོན་པ་དང་འཁོར་ལོའི་ནང་དུ་འགྲོ་སྐབས་དགེ་རྒན་དང་ཕ་མ་གཉིས་ཆིབས་རྟ་དང་ འཁོར་ལོའི་སྟེང་ཕེབས་རྗེས། གཞི་ནས་རང་ཉིད་རྟ་ཞོན་ཞོན་པའམ་འཁོར་ལོར་བསྡད་ནས་འགྲོ་དགོས་པ་དང་འབབ་སྐབས་ ཀྱང་སྔོན་ལ་རང་ཉིད་རྟ་དང་འཁོར་ལོ་ནས་འབབ་དགོས་པ་སོགས་གུས་ཞབས་ཞུ་ཚུལ་མང་པོ་ ཡོད། གཉིས་པ། སྤྱི་ཚོགས་ཐོག་གི་རྒན་རབས་དང་ཡོན་ཏན་ཅན་ཞིག་ཡིན་ཕྱིན་ལུས་ཀྱི་རྣམ་འགྱུར་གུས་ཞབས་དང་ངག་གི་རྣམ་འགྱུར་འཇམ་པོའི་སྒོ་ནས་གཏམ་གླེང་བྱ་དགོས་པ་ལས་བཟའ་ཚང་སྤུན་མཆེད་ལྟར་བྱེད་མི་རུང་། ཚོགས་འདུ་འཚོགས་སྐབས་གཏམ་གླེང་མགོ་རྒན་རིམ་ནས་འཛུགས་དགོས་པ་དང་། གཞོན་པ་རྣམས་ཀྱིས་རྒན་རབས་ལ་ཐད་ཀར་ཁ་རྩོད་རྒྱག་མི་རུང་བར་གཏམ་གླེང་གོ་སྐབས་རང་ལ་ཁེལ་བ་དང་བསྟུན་ནས་གནས་ཚུལ་བབ་གསེད་འཇམ་མཁས་ཀྱི་ཐོག་ནས་ཞུ་དགོས། གལ་ཏེ་རང་ལ་ནོར་འཛོལ་འདྲ་བྱུང་ཡོད་ན་རྒན་རབས་རྣམས་དགོངས་པ་དྭངས་པ་ཞུ་དགོས། ཕར་འགྲོ་ཚུར་ཡོང་གི་ལམ་བརྒྱུད་དུ་རྒན་རབས་དང་ཡོན་ཏན་ཅན་སོགས་དང་མཇལ་བ་བྱུང་ཚེ་རང་གིས་ངོ་ཤེས་པ་ཞིག་ཡིན་ནའང་ལུས་ཀྱི་རྣམ་འགྱུར་གུས་པའི་སྒོ་ནས་མགོ་སྒུར་ཙམ་བྱེད་དགོས་པ་སོགས་ཡིན། གསུམ་པ།རང་ཁྱིམ་དུ་སྐུ་མགྲོན་ཕེབས་སྐབས་གུས་ཞབས་ཞུ་སྲོལ་ཐད་མི་རིགས་ཁག་ སོ་སོར་ལུགས་སྲོལ་མི་འདྲ་བ་རེ་ཡོད་ཅིང་། དེ་མ་ཤེས་པར་རང་གི་མི་རིགས་ཀྱི་ལུགས་སྲོལ་ལྟར་བྱས་ན་རང་ངོས་ནས་གུས་ཞབས་ཡིན་རུང་ཕར་ཕྱོགས་ངོས་ནས་གུས་ཞབས་མེད་པ་ལྟ་བུར་མཐོང་གི་ཡོད་པ་དཔེར་ན། བོད་མི་རིགས་ཀྱི་ལུགས་སྲོལ་ལ་གཡས་གྲལ་ནི་གྲལ་མགོ་དང་གཡོན་གྲལ་ནི་གྲལ་མཇུག་ཡིན་པས་རང་ལས་མཐོ་བའི་སྐུ་མགྲོན་ཞིག་ཕེབས་ན་གོང་གྲལ་དུ་སྡོད་དགོས་རྒྱུ་དང་། རང་དང་མཉམ་པའི་སྐུ་མགྲོན་ཞིག་ཕེབས་ན་གུས་ཞབས་མཚོན་བྱེད་དུ་སྐུ་མགྲོན་གཡས་ གྲལ་དུ་བཞུགས་སུ་འཇུག་དགོས་པ་ཡིན་རུང་། རྒྱ་དང་མན་ཇུ་རིགས་ཀྱི་ལུགས་སྲོལ་ནི་དེ་ལས་ལྡོག་སྟེ་གཡོན་གྲལ་ནི་གྲལ་མགོ་དང་གཡས་གྲལ་ནི་གྲལ་མཇུག་ཡིན་སྟབས། དེ་སྔ་བོད་ས་གནས་སུ་སྡོད་པའི་ཨམ་བྷན་རྣམས༧གོང་ས་ཏྰ་ལའི་བླ་མའི་མཛད་སྒོར་ ཕེབས་སྐབས་གྲལ་མགོ་གྲལ་མཇུག་གི་ལུགས་སྲོལ་བོད་ལུགས་ལྟར་མ་བྱས་པར་རྒྱ་དང་མན་ ཇུའི་ལུགས་སྲོལ་ལྟར་གཡོན་གྲལ་གྱི་མགོར་བོད་བཞུགས་ཨམ་བྷན་གྱི་ཁྲི་དང་། གཡས་གྲལ་གྱི་མགོར་བོད་རྗེ་སྲིད་སྐྱོང་གི་ཁྲི་བརྒྱབ་སྟབས་བོད་ཀྱི་མི་ཚོས་བལྟས་ན་སྲིད་སྐྱོང་གྲལ་མགོར་དང་ཨམ་བྷན་གྲལ་མཇུག་ཏུ་ཡོད་པར་མཐོང་གི་ཡོད། དེ་བཞིན་མི་རིགས་གཞན་དག་སོག་ཡུལ་དུ་སྐུ་མགྲོན་ལ་ཕེབས་སྐབས་སོག་པོའི་མི་རིགས་ཀྱི་ལུགས་སྲོལལ་མ་ཤེས་པར་སྦྱིན་བདག་གི་གྲལ་དུ་སྐུ་མགྲོན་བསྡད་ན་སོག་ པོའི་མི་རིགས་ཀྱི་ཡུལ་གོམས་གཤིས་ལུགས་མ་བརྩིས་པར་མངོན་གྱི་ཡོད་པ་བཅས་སྦྱིན་བདག་གིས་སྐུ་མགྲོན་ལ་གུས་ཞབས་ཞུ་སྟངས་དེ་སྦྱིན་བདག་གི་ལུགས་སྲོལ་ལྟར་བྱེད་ དགོས་པ་དང་། ཡང་ན་སྐུ་མགྲོན་སོ་སོའི་ལུགས་སྲོལ་ལྟར་བྱེད་དགོས་མིན་ཐད་གནས་ཚུལ་དངོས་དང་ བསྟུན་དགོས། བཞི་བ། གུས་འདུད་མཚོན་བྱེད་ཀྱི་ཕྱག་འབུལ་ཞུ་སྟངས་དེ་ལ་གྲྭ་པ་དང་ཁྱིམ་པ་ཕོ་མོ་བཅས་ ཀྱི་གུས་ལུགས་མི་འདྲ་བ་ཡོད། གྲྭ་པ་རྣམས་ཀྱིས་བླ་དཔོན་གོང་རིམ་རྣམས་ལ་གཟན་སྐྱུར་རྫོགས་འབེབས་ཞེས་པ་ལག་པ་ གཡས་པས་གཟན་གྱི་སྣེ་མོ་ནས་བཟུང་སྟེ་རྒྱབ་ངོས་ནས་ལག་པ་གཡོན་པའི་སྟེང་དུ་བཞག་སྟེ་འབེབ་དགོས། དེ་ལས་རིམ་པ་དམའ་བ་དགོན་པའི་ཆོས་ཁྲིམས་པ་དང་དབུ་མཛད་ལྟ་བུར་གཟན་སྐྱུར་ཕྱེད་འབེབས་ཞེས་ལག་པ་གཡས་པས་གཟན་གྱི་སྣེ་མོ་ནས་བཟུང་སྟེ་རྒྱབ་ངོས་ནས་དཔུང་བ་གཡས་པའི་སྟེང་དུ་བཞག་ཙམ་བྱས་པས་འཐུས་པ་དང། དེ་ལས་ཀྱང་རིམ་པ་དམའ་བ་དགེ་གཤེས་བགྲེས་པ་དང་། ཚོགས་འདུ་བ་སྐུ་བགྲེས། ལས་སྣེ་ཟུར་པ། དགོན་པའི་ནང་བགྲེས་ཤོས་མཚན་ཐོ་དང་པོ་བཅས་ལ་གཟན་སྐྱུར་འབེབ་མི་དགོས་པར་གཟན་གྱི་སྣེ་མོ་ཡ་གཅིག་ལག་པ་གཡས་པའི་འོག་ནས་མདུན་ཕྱོགས་སུ་འཐེན་ཙམ་བྱས་ན་འགྲིག གཞན་ཡང་བླ་མའི་དྲུང་དུ་ཆོས་ཞུ་བ་དང་། དགེ་རྒན་གྱི་སར་སློབ་ཁྲིད་ཉན་པ་བཅས་གང་གི་སྐབས་སུ་ཡང་ཐོག་མར་བླ་མ་དང་དགེ་རྒན་གྱི་སྒོ་འགྲམ་དུ་སླེབས་པ་དང་ལྷམ་ཕུད་དེ་གཟིམ་སྒོ་དལ་བུས་རྡུང་ཐོག་ནང་ དུ་ཡོང་ཆོག་པའི་གནང་བ་ཞུས་ནས་ཞལ་བཞེས་ཐོབ་པ་དང་ནང་དུ་འཛུལ་རྗེས། ཕྱག་འཚལ་དགོས་པ་དང་གཟིམ་ཁང་གི་སྒོར་ཐོན་ཁར་སྐུ་མདུན་ནས་གོམ་པ་གསུམ་ཙམ་བར་ཕྱི་འགྲོས་ཀྱིས་ཡོང་རྗེས་གཞི་ནས་ཁ་ཕྱིར་བསློགས་ཏེ་སྒོ་འགྲམ་ནས་སྒོ་དལ་བུས་ ཕྱིར་འཐེན་ཐོག་ལྷམ་གྱོན་ནས་གཟིམ་ཁང་མིག་གིས་མི་མཐོང་བའི་སར་མ་སླེབས་བར་དུ་ གུས་ཞབས་དང་ལྡན་པའི་ངང་ནས་འགྲོ་དགོས་ཤིང་། དེ་ནས་རང་མོས་ལྟར་སོང་ཆོག་པ་སོགས་ཆོས་ལུགས་ཀྱི་གུས་སྲོལ་བྱེད་དགོས་པ་མི་ཆེ་ བས་བྲིས་མེད། ཁྱིམ་པ་ཕོ་མོ་རྣམས་ཀྱིས་བླ་དཔོན་གོང་རིམ་རྣམས་དང་མཇལ་སྐབས་ཞྭ་མོ་གྱོན་ཡོད་ན་ཞྭ་མོ་ཕུད་དེ་ལག་པ་གཡས་པས་མདུན་ངོས་སུ་བཟུང་ཐོག་མགོ་སྒུར་བྱེད་དགོས་ཤིང་། ཞྭ་མོ་གྱོན་མེད་ན་ལག་པ་གཡས་པས་སྐྲའི་ལྕང་ལོ་ནས་བཟུང་སྟེ་རྒྱབ་ངོས་ནས་མདུན་ཕྱོགས་སུ་འཐེན་ནས་ཕྱག་འབུལ་ཞུ་དགོས། བུད་མེད་རྣམས་ཀྱིས་ཞྭ་མོ་ཕུད་དགོས་ཤིང་ཞྭ་མོ་མིན་པར་སྤ་ཕྲུག་གྱོན་ཡོད་ན་སྐྲའི་ལྕང་ལོ་གཡས་པ་རང་གི་མདུན་ཕྱོགས་སུ་འཐེན་པ་ལག་པས་བཟུང་ནས་ལག་པ་གཡས་གཡོན་གྱི་སོར་མོ་ལྔ་ཕན་ཚུན་འབྲེལ་བ་དང་བཅས་པའི་ཕྱག་འབུལ་ཞུ་དགོས། མདོར་ན་བླ་དཔོན་དང་། གྲྭ་བཙུན། ཁྱིམ་པ་ཕོ་མོ་སུ་ཡིན་ཡང་རང་ལས་མཐོ་བ་ལྟ་ཅི་རང་དང་མཉམ་པ་རྣམས་ལ་ཡང་ལུས་ངག་གི་ཐོག་ནས་གུས་བཀུར་གང་ཆེ་བྱ་སྲོལ་ཡོད། གཞན་ཡང་ཚུར་བསུ་ཕར་སྐྱེལ་དང་། སྣེ་ལེན། གདན་བཟོས་བཅས་ལ་གུས་ཞབས་ཞུ་སྟངས་རྣམ་གྲངས་མང་ཡང་འདིར་མ་བཀོད། ལྔ་བ། མིང་འབོད་སོགས་ཀྱི་ཞེ་སའི་ཚིག་དཔེར་ན་མགོ་ལ་དབུ་དང་། ཁ་ལ་ཞལ། གཉིད་ལ་མནལ། སྤྲད་པ་ལ་གནང་། སྐྱེས་པ་ལ་འཁྲུངས་པ་སོགས་ཤིན་ཏུ་མང་ཞིང་། གུས་བཀུར་འོས་པའི་རིགས་ཚང་མར་ཞེ་ས་ཐོབ་པ་ཡིན་པས་དེ་རིགས་ཟོ། འཐུང་། སྡོད། ཉོལ། རྒྱུགས་ཤོག་ཅེས་པ་ལྟ་བུ་གུས་ཞབས་མེད་པའི་ཚིག་གིས་བརྗོད་མི་རུང་བ་ཤེས་གསལ་ཡིན། དྲུག་པ། མགྲོན་འབོད་དང་ཟ་འཐུང་སྐབས་གུས་སྲོལ་མང་བོ་ཡོད་ཅིང་། དེ་སྔའི་དཔོན་རིགས་ཆེ་ཁག་ལ་ཐོབ་ཐང་ཚད་གཞི་མི་འདྲ་བའི་བྱེད་སྲོལ་མང་བོ་ཡོད་པ་འདིར་བཀོད་མེད་ཀྱང་། སྤྱིར་བཏང་བོད་རིགས་མི་རིགས་ཀྱིས་ལོ་སར་དང་གཉེན་སྒྲིག གླིང་གཏོང་སོགས་ལ་དགའ་ཉེ་སྤུན་མཆེད་མགྲོན་འབོད་དང་དགའ་འཛོམས་བྱེད་སྐབས་ངེས་པར་དུ་མགྲོན་བརྡ་སྐྱེལ་རྒྱུ་དེ་གནངས་བརྡ་དང་། གཞེས་བརྡ་ཞེས་ཉིན་གཉིས་གསུམ་གྱི་སྔོན་ནས་གདན་ཞུའི་བརྡ་སྐྱེལ་རྒྱུ་དེ་ནི་གུས་ཞབས་མཚོན་བྱེད་ཡིན། མགྲོན་པོ་རྒན་རབས་དང་དེ་མིན་བཀུར་འོས་ཀྱི་མི་སྣར་སྦྱིན་བདག་སྒོ་ཁར་ཡོང་ནས་བསུ་སྐྱེལ་དང་གདན་ལས་ལངས་པ་སོགས་བབ་བསྟུན་གྱིས་གུས་ཞབས་མཚོན་པར་བྱེད།བཟའ་ཆས་དང་ཇ་ཆང་གང་ཡིན་ཡང་མགྲོན་པོའི་ཞལ་དཀར་ལ་སྟེགས་ཁེབས་རང་འགྲིག་གཙང་ཞིང་ཆག་ གྲུམ་མེད་པ་ཡིན་དགོས་ལ། ངེས་པར་ལག་གཉིས་ཀྱིས་བཏེགས་ནས་ཕུལ་རྗེས་སྦྱིན་བདག་གམ་ངོ་ཚབ་ཀྱིས་གུས་ཞབས་ ལྡན་པའི་སྒོ་ནས་མགྲོན་པོར་ཟ་འཐུང་གནང་རོགས་ཞུ་དགོས། རྒྱུན་གཏན་སོ་སོའི་ཁྱིམ་ཚང་གི་རྒན་རབས་རྣམས་ལའང་ཟ་འཐུང་གི་དཀར་ཡོལ་སྔོན་ལ་འབུལ་དགོས།དགའ་འཛོམ་གྱི་དུས་སུ་སྨོས་ཅི་རྒྱུན་གཏན་ནང་དུ་ཕྱི་མི་ཡོང་མཁན་ལ་ ཆང་འདྲེན་སྐབས་ངེས་པར་དུ་གསུམ་སྒྲོན་མཉེས་དག་ཅེས་དཀར་ཡོལ་ཐེངས་གསུམ་བསྟུད་ནས་སྦྱིན་བདག་གིས་བླུག་དགོས་ལ་མགྲོན་པོས་ཀྱང་འཐུང་དགོས་ཤིང་། ཐེངས་གཉིས་ནས་ཧུབ་གང་རེ་དང་གསུམ་པ་གཙང་དག་འཐུང་དགོས། ཇ་ཡིན་ན་གང་འཐུང་མི་རྒྱག་པར་ཉུང་མཐར་ཇ་དཀར་ཡོལ་དོ་བླུག་དགོས་ལ་མགྲོན་པོས་ཀྱང་འཐུང་དགོས། དེ་ནི་མགྲོན་སྦྱིན་གཉིས་ཐད་ནས་ཕན་ཚུན་གུས་ལུགས་མཚོན་པ་ཡིན། བདུན་པ། དེ་སྔོན་བོད་རིགས་རང་གི་གུས་སྲོལ་ལྟར་གོང་ལ་འབུལ་བྱེད་ཡི་གེ་དང་། ཕན་ཚུན་གཏོང་ཡིག་སོགས་འབྲི་དུས་གནས་བབ་མཐོ་དམན་ལ་གཞིགས་ཏེ་ཡི་གེའི་ཐོག་ཆེ་བསྟོད་དང་།མིང་བྱང་སོགས་འབྲི་སྟངས་དང་། བོད་བཟོས་ཤོག་བུ་བྲེ་ཁ་མའི་ཐོག་ཐོབ་ཐང་མི་འདྲ་བར་མགོ་ཤོག་དང་བར་ཤོག་སྟོང་ཆ་འཇོག་ཚུལ་སོགས་ཆེད་བསྒྲིགས་ཡིག་བསྐུར་རྣམ་བཞག་ནང་ཞིབ་ཏུ་བཀོད་ཡོད་པ་དེང་སྐབས་དེ་ལྟར་ལག་བསྟར་བྱེད་མཁན་མེད་ཀྱང་། བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་དུ་གོང་རིམ་དང་། ཕ་མ། དགེ་རྒན། གྲོགས་ཕོ་མོ་སོགས་ལ་ཞུ་ཡིག་དང་གཏོང་ཡིག་འབུལ་གཏོང་བྱ་རྒྱུ་ནི་རྒྱུན་གཏན་ ཞིག་དང་འབྲལ་ཐབས་མེད་པ་ཞིག་ཡིན་པས་དེའི་ཐད་ལའང་གུས་ཞབས་ཀྱི་རྣམ་པ་མཚོན་རྒྱུ་ཡོད། ཞུ་ཡིག་དང་གཏོང་ཡིག་འབྲི་སྐབས་གོང་རིམ་དང་། ཕ་མ།དགེ་རྒན་སོགས་འབུལ་ཡུལ་ལ་རྒྱས་བསྡུས་གང་རུང་གི་ཆེ་བསྟོད་དང་འབྲེལ་བའི་མཚན་གྱི་མཐར་དྲུང་དུ་དང་མཆོག་ལ་སོགས་བཀོད་ཐོག་དྲུང་འོག་གམ་སེག་འབེབས་ཀྱིས་གུས་ཕུལ་དང་ཆེད་གསོལ་སོགས་འོས་འཚམ་གྱིས་བྲིས་ནས་འབུལ་མཁན་དེའི་གུས་ཞབས་མཚོན་པར་བྱེད། བརྒྱད་པ། མིང་འབོད་ཚུལ་ཐད་ཕྱོགས་གཞན་དག་དང་འདྲ་བའི་གུས་ཞབས་མཚོན་པའི་ཚིག་དང་ཞེ་སའི་འབོད་ཚུལ་མང་བོ་ཡོད་པ་ན་མཚན་ངོ་མའི་རྗེས་སུ་རིན་པོ་ཆེ་ཞེས་སྦྱར་ནས་འབོད་པ་དང་། དེ་སྔའི་སྐུ་དྲག་རྣམས་ལ་སྐུ་ངོ་དང་། ལྕམ། སྲས་དང་སྲས་མོ། དེ་མིན་གུས་པར་འོས་པའི་སེར་སྐྱ་གང་རུང་ལ་སྐུ་ཞབས་ཟེར་བ་སོགས་མིང་ལ་སྦྱར་ནས་འབོད་ཀྱི་ཡོད། ལགས་ཞེས་པའི་ཚིག་ནི་སྐྱེ་བོ་ཕོ་མོ་རྒན་གཞོན་སུ་ལའང་བེད་སྤྱོད་ཆོག་པའི་ཞེ་སའི་འབོད་ཚུལ་ཞིག་ཡིན།གཞན་ཡང་བོད་སྐད་ལ་སྐད་རིགས་གཞན་ལས་ལྷག་པའི་གུས་པ་མཚོན་པའི་ཞེ་ས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པས་མིའི་འཚོ་བའི་ཁྲོད་དུ་སྤྱོད་པའི་མིང་ཚིག་མང་བོར་མཐོ་དམར་གཞིགས་ནས་བེད་སྤྱོད་བྱ་རྒྱུའི་ཚིག་མི་འདྲ་བ་ བརྗོད་ཀྱིས་མི་ལངས་པ་ཡོད་དོ།།༼ མཁས་དབང་དུང་དཀར་ཚང་གི་གསུང་འདི་ལ་ཉམས་སུ་མྱོང་རོགས། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་མཉམ་མྱོང་ཕུལ་དུ་ཕྱིན་པའི་བོད་ཀྱི་མཁས་པ་རྣམ་གསུམ་གྱི་གྲོས་ཡིན།༽