(སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་དབྱིན་ལན་དོན་གཅོད་ལ་བསྐོས་བའི་རྗེས་སུ།)
རིག་འབྱུང་དོན་གྲུབ་བཀྲ་ཤིས། ཡོ་རོབ།
ཁ་སང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་དང་མཉམ་དུ་བཀའ་ཁྲི་འཚོལ་མཁན་གྱི་སྐོར་ནས་གླེང་མོལ་བྱུང་།
བཀའ་ཁྲི་འཚོལ་མཁན་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་དབྱིན་ལན་དོན་གཅོད་ལ་བསྐོས་འདུག་ཟེར། དེ་བདེན་པ་རེད་དམ་ཞེས་བསྐྱར་དུ་དྲིས། བདེན་པ་རེད་ཟེར།
ཁོང་གིས་གསུངས་ན། ད་ལོར་མི་ཞིག་གིས་བཀའ་བློན་ཁྲི་བ་རྗེས་མ་དེ་འཚོལ་མགོ་བརྩམས་སོང་། ང་ཁོང་ལ་ཐུག་སྟེ། ཁོང་གི་འཆར་གཞི་དང་རེ་བ། གདེང་ཚོད་བཅས་ཕྱོགས་ཡོངས་ནས་གླེང་མོལ་བྱུང་། འོན་ཀྱང་། ཉེ་ཆར་ཟླ་བ་གཅིག་གི་རིང་ཕྱི་ལོགས་ལ་ཕྱིན་ཏེ་ཕྱིར་ངྷ་སར་འཁོར་དུས་མི་དེ་ཟམ་གདོང་རིན་པོ་ཆེའི་ལག་པར་ཤོར་འདུག ཁོང་རྐུབ་སྟེགས་ཤིག་གི་སྒང་ལ་བཞག་འདུག ལོ་འདི་འདྲ་ཞིག་གི་རིང་ལ་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་མ་བརྙེད་པར། ཉེ་ལམ་ཐུབ་བསྟན་བསམ་འགྲུབ་ཀྱིས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་འཚོལ་སྐབས་ཟམ་གདོང་རིན་པོ་ཆེས་གློ་བུར་དུ་ཅི་ཞིག་རྟོགས་སོང་བ་ལྟར། ཐུབ་བསྟན་བསམ་འགྲུབ་དབྱིན་ལན་དོན་གཅོད་ལ་བསྐོས་པ་རེད། དངོས་གནས་བྱས་ན། ང་ཚོར་དམངས་གཙོ་དགོས་ཀྱི་མེད་པའམ། ཡང་ན། ཟམ་གདོང་རིན་པོ་ཆེས་དེ་སྔ་ནས་ཁོང་གི་རྗེས་སྐྱོང་བ་ཞིག་གྲ་སྒྲིག་བྱས་ཡོད་སྟབས་ལས་འགུལ་འདིའི་རིགས་ཀྱི་འུར་མགོ་གནོན་པའི་ཆེད་དུ་ཐུབ་བསྟན་བསམ་འགྲུབ་ཀྱི་ཁ་བཀག་པ་ལྟ་བུ་ཞིག་ཚོར་སོང་ཟེར། ད་དུང་བོད་རིགས་རྩོམ་འབྲི་བ་རེ་གཉིས་ཀྱིས་གླེང་ན། འདི་བར་ཆད་རེད་ཟེར་ལ་འདི་ལ་གསང་བ་ལྐོག་གྱུར་ཞིག་མེད་འགྲོ་ཟེར།་ གང་ལྟར་ྐློག་པ་པོ་མང་པོ་ཞིག་གི་སེམས་ལ་ཡང་དེ་ལྟར་འཁོར་ཡོད་སྲིད། རྩོམ་འབྲི་བ་དང་ྐློག་པ་པོ་གཉིས་ཀའི་སེམས་ཀྱི་དོགས་འཆར་ནི། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་བློན་ཁྲི་བ་འཚོལ་བའི་ལས་འགུལ་དེ་མཚམས་བཞག་མི་ཡོང་ངམ་བསམ་པ་དེ་དང་། ཁོང་དབྱིན་ལན་དོན་གཅོད་ཆགས་ཚར་བའི་རྗེས་སུ་རྒྱུ་རྐྱེན་ཇི་སྙེད་ཅིག་གིས་བཀའ་བློན་ཁྲི་བ་འཚོལ་བའི་ལས་འགུལ་འདི་རང་བཞིན་གྱིས་མཚམས་འཇོག་དགོས་ཐུག་སྲིད་པ་རེད་ཟེར་བ་འདི་གཉིས་ཡིན་པ་འདྲ།
ངེད་རང་བོད་ཀྱི་མི་སེར་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ངེད་ལ་ཡང་སེམས་ཚོར་འདི་ལྟ་བུ་ཞིག་བྱུང་། གང་ལྟར། གནས་ཚུལ་གསལ་བོ་བཟོ་ཐུབ་ན།་ དོ་བདག་ལ་གནད་དོན་འདིའི་སྐོར་ནས་སྐད་ཆ་འདྲི་ཐུབ་ན། དོ་བདག་དང་མཉམ་དུ་གླེང་མོལ་བྱེད་ཐུབ་ན། ཕྱོགས་ངོས་མང་པོར་དགེ་ཕན་འདུག་བསམ་པའི་ཚོར་བ་ཞིག་ངེད་ཀྱི་སེམས་ལ་འཁོར། དེར་བརྟེན། གནད་དོན་འདིའི་སྐོར་ནས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ལ་གློག་འཕྲིན་སྟབས་བདེ་ཞིག་ཕུལ་བ་ཡིན། གློག་འཕྲིན་བཏང་ནས་ཆུ་ཚོད་གཅིག་མ་འགོར་བའི་མཚམས་ལ་ཡིག་ལན་འབྱོར་སོང་།
ཡིག་ལན་གྱི་ནང་དུ་། ཁ་པར་ཨང་གྲངས་འདིའི་སྒང་ལ་ཁ་པར་ཐོངས་དང་། ཁྱེད་ལ་བསམ་ཚུལ་དང་དོགས་འདྲི་ཅི་ཞིག་ཡོད་ཀྱང་ངས་ལན་བཏབ་ཆོག་གསུངས་འདུག ངེད་ཀྱིས་བསྐྱར་དུ་ཡིག་ལན་འདི་ལྟར་བྲིས། ངེད་ཀྱིས་ཁ་པར་གཏོང་ཐུབ་ཀྱི་མི་འདུག ཁྱེད་ལ་སྟབས་བདེ་ན་ངེད་གཉིས་ Skypeསྒང་ནས་ཐུག་ཏེ་གླེང་མོལ་བྱས་ན་འགྲིག་གམ་ཞེས་ཡིག་ལན་བསྐུར། དེ་ནས་ཆུ་ཚོད་ཕྱེད་ཀ་ཡང་མ་འགོར་བར་ངེད་ཀྱིས Skypeཁ་ཕྱེས་དུས། ཏག་ཏག་ངེད་ལ་ཁ་པར་བརྒྱབ་སོང་། དེ་ནས་ངེད་གཉིས་ཀྱིས་གླེང་མོལ་འགོ་བཙུགས།
འདི་རུ་ངེད་ཀྱིས་དྲི་བ་རེ་རེ་བྱས་ནས་འགོད་པའི་ངལ་བར་མི་བསྟེན། ཁོང་གིས་གང་གསུངས་བ་དེ་མདོར་བསྡུས་བོ་དང་ཁ་གསལ་བོ་ཞིག་འབྲི་ཨེ་ཐུབ་བལྟ་གི་ཡིན།
ངེད་ཀྱིས་ཆད་པ་དང་ལྷག་པ། གོ་ནོར་ཐེབས་པ་སོགས་ཡོད་ན་། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་གཙོས་བའི་བོད་རིགས་སྤུན་ཟླ་ཚོར་སྙིང་ནས་དགོངས་དག་ཞུ།
ཁོང་གིས་འདི་ལྟར་གསུངས། ང་དབྱིན་ལན་དོན་གཅོད་ལ་བསྐོས་བ་དེ་བདེན་པ་རེད། ཁ་སྔོན་ཕྱི་ཟླ་གསུམ་པར་རྡ་ལམ་ས་ལར་བཅར་བའི་སྐབས་སུ་བཀའ་ཤག་གི་ངོས་ནས་ང་དབྱིན་ལན་དོན་གཅོད་ལ་བསྐོས་བ་རེད། ང་དབྱིན་ལན་དོན་གཅོད་བསྐོས་བའི་རྒྱུ་མཚན་ལ་བརྟེན་ནས་ངས་ད་ལྟ་སྤེལ་བཞིན་པའི་བཀའ་བློན་ཁྲི་བའི་འོས་མི་འཚོལ་བའི་་ལས་འགུལ་འདི་མཚམས་འཇོག་གི་རེད་དམ་ཞེ་ན། གཏན་ནས་ནས་འཇོག་གི་མིན་། གང་ཡིན་ཞེ་ན། ལས་འགུལ་འདི་མགོ་མ་བརྩམས་སྔོན་ནས། ང་རང་སྒེར་ངོས་ནས་བསམ་བློ་ཞིབ་ཕྲ་བཏང་བ་ཡིན་ལ་དེའི་དོན་དུ་དཀའ་ལས་རྒྱག་རྒྱུའི་ཆོད་སེམས་ཀྱང་བརྟན་པོ་ཡོད། ང་ཚོ་བཙན་བྱོལ་ལ་སླེབས་ནས་མི་ལོ་ལྔ་བཅུ་འགྲོ་གི་ཡོད་པ་རེད། མི་ལོ་ལྔ་བཅུ་འདིའི་རིང་ལ་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོའི་ལམ་ལུགས་དེ་ཚད་ལྡན་ཞིག་ཡོང་རྒྱུའི་ཆེད་དུ་༧གོང་ས་མཆོག་གིས་ང་ཚོ་གཡས་སྐྱོར་གཡོན་སྐྱོར་བརྒྱབ་ནསསྐུ་ངལ་བསྐྱོན་ཡོད་པ་རེད། ད་དུང་ཡང་། ༧གོང་ས་མཆོག་ལ་སྐྱབས་སུ་འཆི་ཞེས་བརྟན་བཞུགས་འདྲ་ཕུལ་ནས་རང་གི་འགན་ཚང་མ་༧གོང་ས་མཆོག་གི་རྒྱབ་ལ་བཀལ་བསྡད་ན་ཁྱོན་ནས་འགྲིག་གི་ཡོད་པ་མ་རེད། ད་ང་ཚོས་འགན་ལེན་དགོས་བའི་དུས་ཚོད་རེད། དུས་ཚོད་དེ་ཡང་འཕྱི་དྲགས་མེད་ན་སྔ་དྲགས་ཡོད་པ་མ་རེད། ལྷག་པར་དུ་གཞོན་སྐྱེས་ཚོས་འགན་ལེན་དགོས་བའི་དུས་ཚོད་ལ་སླེབས་ཡོད་པ་རེད། གཞོན་སྐྱེས་ཚོས་འགན་ལེན་དགོས་ཀྱི་རེད་ཟེར་དུས། ངས་རྒན་པ་ཚོས་འཇོན་གྱི་མ་རེད་དང་རྒན་པ་ཚོ་ཡག་པོ་མི་འདུག་ལབ་ཀྱི་མེད། རྒན་པ་ཚོ་ཡོད་ཐོག་ལ་གཞོན་སྐྱེས་ཚོར་འགན་ལེན་ཏུ་བཅུག་ན་མ་འོངས་པར་ཕུགས་རྒྱང་རིང་པོའི་སྒོ་ནས་བོད་སྤྱི་བའི་རྩ་དོན་བསྒྲུབ་ཕྱོགས་ལ་ཕན་ཐོགས་ཀྱི་རེད་། ལྷག་པར་དུ། དེ་རིང་སང་ཉིན་སྔོན་མ་ནང་བཞིན་འགན་ཚང་མ་སྒང་ནས་མར་བཀོལ་བཞག་པ་ལྟ་བུ་མ་ཡིན་པར་འོག་ནས་ཡར་འགན་ལེན་དགོས་བའི་དུས་ལ་སླེབས་ཡོད། དེར་བརྟེན། ༢༠༡༡ལོའི་བཀའ་བློན་ཁྲི་བ་དེ་ཧ་ཅང་གནད་འགག་ཆགས་ཀྱི་ཡོད་པ་རེད། ༢༠༡༡ལོའི་བཀའ་བློན་ཁྲི་བ་དེ་མི་རྩེ་གྲས་ཤིག་འདེམས་ཐུབ་པ་ཡིན་ན། ༧གོང་ས་མཆོག་ཡིན་ན་ཡང་བློ་བདེ་བ་དང་ཐུགས་བག་ཕེབས་པ་ཡོང་གི་རེད་ལ། མི་དེ་ཡང་འཇོན་ཐང་དང་ལྷག་བསམ་ཟུང་ལྡན་ཞིག་ཡོང་ན།
༧གོང་ས་མཆོག་ལ་ཕྱག་རོགས་རྒྱ་ཆེར་གནང་ཐུབ་ཀྱི་རེད། དེ་འདྲའི་མི་རྩེ་གྲས་ཤིག་འཚོལ་བ་ལ། ད་ལྟ་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་མཐོང་སོང་།
ད་ལྟ་ནས་ལས་འགུལ་སྤེལ་བ་ཡིན་ན། མི་དེ་རྒྱ་གར་ནང་ལོགས་ནས་ཡིན་ན་འདྲ། བལ་ཡུལ་ནས་ཡིན་ན་འདྲ། འབྲུག་ནས་ཡིན་ན་འདྲ། ཨ་རི་ནས་ཡིན་ན་འདྲ། ཡོ་རོབ་ནས་ཡིན་ན་འདྲ། གང་ལྟར་ང་ཚོ་དགོས་རྒྱུ་དེ་མི་རྩེ་གྲས་ཤིག་རེག་དགོས་རྒྱུ་དེ་རེད། ལོ་གཉིས་ཀྱི་ནང་ཚན་ལ་མི་དེ་འདྲ་ཞིག་རེག་པ་ཡིན་ན་། མི་དེ་ལ་མི་མང་དང་མཉམ་དུ་ལས་ཀ་བྱེད་པའི་གོ་སྐབས་མང་པོ་ཞིག་ཡོད་པ་རེད། གཞན། ང་ཚོའི་བཅའ་ཁྲིམས་དགོངས་དོན་བཞིན་འོས་བསྡུ་ལྷན་ཁང་གི་ངོས་ནས་བཀའ་བློན་ཁྲི་བའི་འོས་གཞི་དེ་ཟླ་བ་བཞིའི་སྔོན་ལ་གསལ་བསྒྲགས་བྱས་བ་ཡིན་ན་། ང་ཚོས་མི་རྩེ་གྲས་ཤིག་འདེམས་ཐུབ་ཀྱི་རེད་དམ་ལབ་ན། ཧ་ཅང་ཁག་པོ་རེད། དེ་ཕལ་ཆེར་སྒང་གི་རྐུབ་སྟེགས་ན་ཡོད་མཁན་ཞིག་མར་བབས་ཡོང་རྒྱུའི་བཟོ་འདྲ་བོ་ཞིག་ཆགས་ཀྱི་རེད་སྙམ་གི་ དེར་བརྟེན། ད་ལྟ་ནས་༢༠༡༡ལོའི་བཀའ་བློན་ཁྲི་བའི་འོས་མི་དེ་འཚོལ་དགོས་རྒྱུ་གལ་ཆེན་པོ་མཐོང་སོང་།
ཡང་མཚམས་ལན་རེར། ང་ཚོ་བོད་མི་ཚོས་ཁ་ནས་མང་པོ་བཤད། ལག་ལེན་ལ་གཅིག་ཀྱང་མ་བླངས་བ་དེ་འདྲ་ཡོང་གི་འདུག དེ་འགྲིག་གི་ཡོད་པ་མ་རེད།
ཁ་ནས་ལབ་པ་ནང་གཞིན་ལག་ལེན་ལ་བསྟར་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དབྱིན་ཇིའི་ནང་ལ་གཏམ་དཔེ་ཞིག་ཡོད་པ་རེད། Talk Talk Walk Walk ཟེར་གྱིན་ཡོད་པ་རེད།
ཁ་བཤད་དང་ལག་ལེན་གཉིས་ཀ་མཉམ་དུ་འགྲོ་དགོས་རྒྱུ་གལ་ཆེན་པོ་རེད། ང་རང་སྒེར་ཡིན་ན་ཡང་། ཁ་ཎ་་སྒྲར་བསྡད་ནས་སོ་སོའི་སྒེར་གྱི་མི་ཚེ་དེ་སྐྱིད་པོ་འདྲ་བོ་ཞིག་སྐྱེལ་བསྡད་པ་ཡིན་ན་། ཁྱོན་ནས་འགྲིག་གི་མི་འདུག་པའི་བསམ་བའི་ཚོར་བ་དེ་ཡང་སྲིད་སླེབས་ཡོང་གི་འདུག བོད་སྤྱི་བའི་བར་ཞབས་འདེགས་ཅུང་ཙམ་མ་བྱས་ན་ཁྱོན་ནས་འགྲིག་གི་མི་འདུག་བསམ་པའི་ཚོར་བ་དེ་ཡང་ཡང་སླེབས་ཡོང་གི་འདུག དེར་བརྟེན། ༢༠༡༡ལོའི་བཀའ་བློན་ཁྲི་བ་འཚོལ་བའི་ལས་འགུལ་འདི་རང་ཉིད་སྒེར་ངོས་ནས་བརྩམས་པ་ཡིན།
གཞན། དཔེར་ན། ༢༠༠༦ལོ་ནས་ངས་རྡ་ལམ་ས་ལར་རྒྱ་ནག་དང་བོད་ནང་ལ་དྲ་རྒྱའི་ལས་ནས་འབྲེལ་བ་བྱས་ཏེ་རྒྱ་རིགས་གཞོན་སྐྱེས་ཚོར་བོད་གཞུང་གི་ལངས་ཕྱོགས་དང་བོད་ཀྱི་གནས་སྟངས་ངོ་སྤྱོད་བྱེད་ཐུབ་སའི་ལས་གཞི་ཞིག་སྤེལ་བ་ཡིན་ལ་ལས་གཞི་དེ་ད་ལྟ་ཡང་འགྲོ་བསྡད་གིན་ཡོད། མ་འོངས་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་རྒྱ་རིགས་གཞོན་སྐྱེས་ཚོ་ཡང་ཧ་ཅང་གནད་འགག་ཆགས་ཀྱི་འདུག ཡང་མི་རེ་གཉིས་ཀྱིས་༢༠༡༡ལོའི་བཀའ་བློན་ཁྲི་བ་འཚོལ་བའི་ལས་འགུལ་འདི་ང་ཐུབ་བསྟན་བསམ་འགྲུབ་སྒེར་གྱི་ཁེ་ཕན་དོན་དུ་རེད་དགོངས་སྲིད་།
འོན་ཀྱང་། ང་ལ་སྒེར་གྱི་ཁེ་ཕན་བསྒྲུབ་དགོས་བསམ་བའི་ཀུན་སློང་རྩ་བ་ནས་མེད་པར་མ་ཟད་ལས་འགུལ་འདིའི་ནང་ལ་སོ་སོའི་སྤུན་མཆེད་འདྲ་བོ་དང་གཉེན་ཉེ་འདྲ་བོ། ཡང་སོ་སོའི་གྲོགས་པོ་འདྲ་བོ་འཁྲིད་ཡོང་རྒྱུའི་བསམ་བློ་དང་ཀུན་སློང་ཁབ་ཀྱི་རྩེ་མོ་ཙམ་ཡང་མེད་ལ་དེའི་ཕྱོགས་ནས་རྒྱུ་འབྲས་དཔངས་བཞག་བྱེད་ཐུབ་ཀྱི་ཡོད་ཟེར།
གཞན་ཁོང་གིས་་མཐའ་མར་ངེད་ལ་འདི་འདྲ་ཞིག་གསུངས་སོང་། ད་ལྟ་བར་དུ་བཀའ་ཤག་དང་བཀའ་བློན་ཁྲི་བའི་ངོས་ནས་ངས་སྤེལ་བཞིན་པའི་༢༠༡༡ལོའི་བཀའ་ཁྲི་འཚོལ་བའི་ལས་འགུལ་འདི་མཚམས་འཇོག་དགོས་མིན་དང་དེ་འགྲིག་མིན་གྱི་སྐད་ཆ་གང་ཡང་བཤད་མ་སོང་། མ་འོངས་བར་ཡང་འདི་ལ་བར་ཆད་གཏོང་གི་མ་རེད་བསམ། གང་ཡིན་ཞེ་ན། འདི་བོད་སྤྱི་བ་ཕན་ཐོགས་པའི་ལས་ཀ་ཞིག་ཡིན་མ་གཏོགས་ང་ཐུབ་བསྟན་བསམ་འགྲུབ་སྒེར་གྱི་དོན་དག་དང་འབྲེལ་བ་མེད། ཡང་ངས་དོན་གཅོད་ཀྱི་ལས་ཀ་བྱེདཀྱིན་་བྱེད་ཀྱིན་བཀའ་ཁྲི་འཚོལ་བའི་ལས་འགུལ་འདི་མུ་མཐུད་དུ་སྤེལ་གྱི་ཡིན་ཙང། བཀའ་ཤག་དང་བཀའ་ཁྲི་ནས་འདིའི་སྒང་ལ་སྐད་ཆ་སླེབས་མི་སྲིད་པ་མ་རེད་སྙམ། གལ་སྲིད་མ་འོངས་བར་བཀའ་ཤག་དང་བཀའ་ཁྲིའི་ཕྱོགས་ནས་ང་ལ་ལས་འགུལ་འདི་མཚམས་འཇོག་དགོས་བའི་དགོངས་ཚུལ་བཏོན་པ་དང་ཡང་ན་མི་གཅིག་གིས་ལས་ཀ་གཉིས་མི་ཡོང་བའི་སྐད་ཆ་ལྟ་བུ་ཡོང་ན། ངས་དོན་གཅོད་ཀྱི་ལས་ཀ་དེ་མཚམས་འཇོག་གི་ཡིན་མ་གཏོགས་སྒེར་གྱི་ལས་འགུལ་འདི་ནམ་ཡང་མཚམས་འཇོག་གི་མིན། འདིའི་ཕྱོགས་ནས་ང་རང་དམ་བཅའ་བརྟན་པོ་ཡོད།་ བོད་རིགས་སྤུན་ཟླ་གཞན་དག་ལ་ཡང་དེ་ལྟར་ལན་སྤྲོད་རོགས་གནང་ཟེར། མཚམས་འདིར་ངེད་ཀྱི་དྲི་བ་ཡང་རྫོགས། བོད་མི་སྒེར་བ་རེ་རེས་ངོས་ནས་འགན་བླངས་སྟེ་ལས་འགུལ་སྤེལ་དགོས་ཀྱི་འདུག་བསམ་པའི་ཚོར་བ་ཞིག་ངེད་ལ་ཡང་སླེབས། སེམས་པའི་གཏིང་ལ་སླེབས།
དྲ་གྲོགས་ཚོ། ༢༠༡༡ལོའི་བཀའ་བློན་ཁྲི་བའི་ཕྱོགས་ལ་བསམ་བློ་གཏོང་རོགས། ྐླད་པ་དཀྲུགས་རོགས།
ཞིབ་འཇུག་བྱེད་རོགས།
འདས་པའི་མི་ལོ་ལྔ་བཅུའི་རིང་གི་ནོར་འཁྲུལ་ཆེ་ཤོས་ཤིག་ནི། བཙན་བྱོལ་གཞུང་གིས་བཙན་བྱོལ་ལ་དམིགས་པ་གཏད་ཆེ་དྲགས་པ་དེ་རེད། ད་དུང་ཡང་ང་ཚོས་བཀའ་བློན་ཁྲི་པའི་སྐོར་ལ་དམིགས་པ་གཏད་ཆེ་དྲགས་ན། ཧ་ཅང་གི་ནོར་འཁྲུལ་རེད། བོད་མི་ས་ཡ་དྲུག་གི་གནད་དོན་རེད། བཙན་བྱོལ་ནང་ལ་འབུམ་གཅིག་དང་ཕྱེད་ཙམ་ལས་མེད་པ་རེད། བོད་ནང་གི་གནད་དོན་ལ་ཀླད་པ་དཀྲུགས་དགོས་པ་རེད། བཀའ་བློན་ཁྲི་པ་ལ་མི་འཇོན་པོས་འཇོན་རྟགས་བསྟན་རྒྱུ་དང་ལྐུགས་པས་ལྐུགས་རྟགས་སྟོན་རྒྱུ་གང་ཡང་མེད་པ་རེད། བཙན་བྱོལ་ནང་གི་ལས་ཁུངས་དེ་ཚོས་ཉིན་གྱི་ཟས་དང་མཚན་གྱི་གཉིད་བཅག་ནས་བསམ་བློ་གཏོང་དགོས་ས་བོད་ནང་གི་གནས་ཚུལ་རེད།
ཁ་སང་དབྱིན་ཇིའི་དོན་གཅོད་ལ་བསྐོས་མ་ཐག་དེ་རིང་མྱུར་དུ་ངས་བཀའ་བློན་ཁྲི་བ་འཚོལ་བའི་ལས་དོན་དེ་མཚམས་འཇོག་གི་ཡིན་ཞེས་སུས་ཀྱང་བཤད་ཀྱི་མ་རེད་།ལྷག་པར་དུ་ཆབ་སྲིད་པ་དང་སྤྱི་ཚོགས་ཐོག་མཚན་མཐོང་ཅན་ཞིག་ལ་ཆ་མཚོན་ན།ཡིན་ནའང་ཁ་བཤད་དོན་ལ་འགྲོ་མིན་དུས་ཚོད་ངེས་ཅན་བརྒྱུད་ལག་ལེན་ཁྲོད་ར་སྤྲོད་བྱེད་ངེས་།
སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱི་བཀའ་ཁྲི་འཚོལ་བའི་ཆོད་སེམས་འདི་ལ་སྤོབས་པ་སྐྱེ་འོས་པ་ཞིག་དང༌། ཁོང་གི་ཆོད་སེམས་འདི་ལ་ང་ཚོས་ཀྱང་དཔེ་བལྟ་དགོས་མི་འདུག་གམ།
སྤྱི་ཟུར་ཁོང་གིས་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་པ་རྩེ་གྲ་ཞིག་འཚོལ་གྱི་ཡོད་དམ་ཡང་ན་བོད་མའི་སྤྱི་ཚོགས་ཁྲོད་ཁོང་རང་ཉིད་བཀའ་ཁྲིར་ཕེབས་པའི་ལམ་ཁ་རྩེ་གྲ་ཞིག་འཚོལ་གྱི་ཡོད་སུས་བརྗོད་ཐུབ།
པད་མ་ཡང་སངས་ལགས་ཀྱི་བསམ་ཚུལ་འདིར་ཚིག་འགའ་ཤས་ཞུ་འདོད་བྱུང་།
བཙན་བྱོལ་ལ་དམིགས་པ་གཏད་ཆེ་དྲགས་པ་དེ་བཙན་བྱོལ་གྱི་མི་ལོ་ལྔ་བཅུའི་ནོར་འཁྲུལ་ཆེ་ཤོས་ཡིན་མིན་ངེད་ཀྱིས་བཤད་མི་སྤོབས། རྒྱུ་མཚན། ངེད་ཀྱིས་དེའི་སྐོར་ལ་ཞིབ་འཇུག་མཐིལ་ཕྱིན་ཞིག་ད་ཕན་བྱེད་ཐུབ་མ་སོང་། ངེད་ཀྱི་རྨོངས་འཆར་ནི་ང་ཚོས་སྐབས་འཕྲལ་གྱི་སྡོམ་ཚིག་རྒྱག་རྒྱུ་ནི་གནས་ལུགས་ཀྱི་སྐད་ཆ་ཞིག་མིན་པ་འདྲ། མ་རེད་དམ།
གཞན་། བོད་ནང་ལ་དམིགས་པ་གཏད་དགོས་ཀྱི་འདུག་ཟེར་བ་དང་བོད་ནང་ལ་དམིགས་ནས་འཆར་གཞི་སྒྲིག་དགོས་ཀྱི་འདུག་ཟེར་བའི་བསམ་ཚུལ་འདི་ནི་ངེད་ལ་ཡང་གཅིག་མཚུངས་སུ་ཡོད། བོད་ནང་ལ་དམིགས་ནས་ཕྱག་ལས་གནང་ཐུབ་མཁན་དང་བོད་ནང་ལ་བརྒྱུད་ནས་ལས་འགུལ་སྤེལ་ཐུབ་མཁན་གྱི་བཀའ་ཁྲི་ཞིག་འདེམས་དགོས་རྒྱུ་ཡང་གལ་ཆེར་མཐོང་།
དེ་མིན་དེ་རིང་སང་ཉིན་བོད་ནང་ལ་ཐད་ཀར་ལག་པ་བརྐྱངས་སའི་ལམ་དེ་གི་ བརྒྱུད་ནས་ལས་ཀ་བྱེད་པ་བརྒྱུད་ལམ་དགོས་གི་ བརྒྱུད་ལམ་བཙལ་བ་ལ་མི་རྒྱུ་དགོས་གི་འདོད།
དེ་ཙམ་ཞུ།
གངས་སྒྲོན་ལགས་ལ་ཞུ་རྒྱུ་ཞིག་ལ། ཁ་བཤད་དོན་ལ་གནས་མིན་དེ་སྤྱི་ཚོགས་ཀྱི་བརྒྱུད་རིམ་ཁྲོད་དུ་ཤེས་ཐུབ་ཀྱི་རེད་ཟེར་བ་བདེན་པ་རེད།
སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་ཀྱང་འདི་ལྟར་གསུངས་སོང་། གལ་སྲིད་མ་འོངས་པར་བཀའ་ཁྲི་དང་བཀའ་ཤག་གི་ངོས་ནས་ང་ལ་ལས་འགུལ་འདི་མཚམས་འཇོག་དགོས་བའི་དགོངས་ཚུལ་བཏོན་པ་དང་ཡང་ན་མི་གཅིག་གིས་ལས་ཀ་གཉིས་མི་ཡོང་བའི་བསམ་ཚུལ་སོགས་བྱུང་ན། ངས་དོན་གཅོད་ཀྱི་ལས་ཀ་མཚམས་འཇོག་གི་ཡིན་མ་གཏོགས་ལས་འགུལ་འདི་ནམ་ཡང་མཚམས་འཇོག་གི་མིན་། དེའི་ཕྱོགས་ལ་དམ་བཅའ་བརྟན་པོ་ཡོད་ཟེར་བ་འདི་རེད། ཁ་བཤད་དོན་ལ་གནས་མིན་ཡོང་རྒྱུའི་ལོ་ཟླའི་ཁྲོད་ནས་ངོ་འཕྲོད་ཀྱི་རེད།
ཉི་འོད་ལགས། སུས་བརྗོད་ཐུབ་བམ་ཟེར་བ་འདི་དྲི་བ་ཞིག་རེད། དྲི་བ་འདིའི་དྲི་ལན་ཞིབ་འཇུག་བྱས་ནས་འཚོལ་དགོས་ཀྱི་མེད་འགྲོ་བསམ། དྲི་བ་འདིར་བདག་པོ་བརྒྱབ་ནས་ཞིབ་འཇུག་བྱེད་རོགས། མ་རེད་དམ། བོད་རིགས་རྩོམ་འབྲི་བ་ཚོར་ཞིབ་འཇུག་གི་བློ་སྣ་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་ཆགས་འདུག
ད་སྐབས་ཁོ་རང་གིས་དོན་གཅོད་ཀྱི་ལས་ཀ་གཙོ་བོ་བྱེད་ཀྱི་ཡོད་དམ། ཡང་ན་བཀའ་ཁྲི་འཚོལ་བའི་ལས་ཀ་གཅོ་བོ་གཉེར་བཞིན་ཡོད་པ་རེད། ཡང་ན་བོད་ནང་གི་བོད་མིས་བདེ་སྡུག་གི་འགན་ལེན་བྱེད་ཐུབ་མིན་བསྐོར་གྱི་ཐབས་ཤེས་འཚོལ་བཞིན་ཡོད་པ་རེད། དེ་གསུམ་ནས་གང་ཞིག་ཁོ་རང་གི་མི་ཚེའི་ནང་གི་འདམ་ག་ཡིད་སྲིད་ཀྱི་རེད། དེ་ལ་ཁྱེད་རང་གི་ཚོད་དཔག་འདྲ་བྱས་ན་ག་འདྲའི་ཡོད་ན།
དྲ་གྲོགས་ལྷ་ྐླུ་གཉན་གསུམ་ལ་ཞུ་རྒྱུར།
དེ་རིང་སང་ཉིན་ཐུབ་བསྟན་བསམ་འགྲུབ་ལགས་ཁ་ཎ་སྒྲར་བཞུགས་འདུག ཕལ་ཆེར་དོན་གཅོད་ཀྱི་འགན་གཙང་བཞེས་གནང་ཚར་ཡོད་ས་མ་རེད།
ཁོང་གིས་གསུངས་ན། ལས་ཀ་གསུམ་ཀ་བྱེད་ཀྱི་ཡིན། དོན་གཅོད་ཀྱི་ལས་ཀའི་ཞོར་ལ་བཀའ་ཁྲི་འཚོལ་བའི་ལས་འགུལ་དེ་མཚམས་འཇོག་གི་མིན་ཞེས་བ་དེ་རེད།
གལ་སྲིད་དོན་གཅོད་ཀྱི་ལས་ཀས་རྐྱེན་བྱས་ཏེ་བཀའ་ཁྲི་འཚོལ་བའི་ལས་འགུལ་ལ་བར་བཀག་ལྟ་བུ་བྱུང་ན། དོན་གཅོད་ཀྱི་ལས་ཀ་དེ་འཇོག་གི་ཡིན་ཟེར་བ་དེ་རེད།
གཞན། ངེད་ཀྱིས་ཚོད་དཔག་བྱེད་རྒྱུ་ཁག་གི་ ཆུ་ཚོད་འདྲ་རེག་ན། ཁོང་ལ་སྐད་ཆ་ཕྲིས་དང་། ཁོང་དང་མཉམ་དུ་གླེང་མོལ་བྱོས་དང་། ཁྱེད་ལ་ལན་གསལ་བོ་ཞིག་རེག་གི་རེད་སྙམ།
གང་ལྟར། རྒད་པོ་བསམ་བློ་གུ་ཡངས་པོ་གཏོང་མཁན་ཞིག་རེད་འདུག
དོན་གཅོད་ཀྱི་གོ་གནས་འདི་གཞུང་ཞབས་ཀྱི་ཁོངས་སུ་ཚུད་ཡོད་པ་རེད་དམ། གལ་སྲིད་ཡོད་ཚེ། ཁོང་གིས་དོན་གཅོད་ཀྱི་ལས་ཀ་བྱེད་བཞིན་དུ་བཀའ་བློན་ཁྲི་པ་འཚོལ་ཆོག་གི་ཡོད་མེད་དེ་དྲི་བ་ཞིག་རེད། ཀླུ་མཁར་བྱམས་དང་འབྲེལ་བའི་གླེང་སློང་ཞིག་ཀྱང་ཡོད་དྲན་བྱུང་།
བཀུར་འོས་དགེ་འདུན་རབ་གསལ་ལགས།
ཕལ་ཆེར་དོན་གཅོད་ཀྱི་ལས་ཀ་བྱེད་བཞིན་དུ་་བཀའ་བློན་ཁྲི་བ་འཚོལ་བའི་ལས་ཀ་འདི་ཡང་གནང་ཆོག་གི་ཡོད་པ་འདྲ། གང་ཡིན་ཞེ་ན། བཀའ་བློན་ཁྲི་བ་འཚོལ་བའི་ལས་ཀ་འདི་གཞུང་ཞབས་ཀྱིས་སྲུང་ཞུའི་སྒྲིག་གཞིར་འགལ་བ་དང་ཡང་ན་བོད་གཞུང་གི་ལྟ་བའི་ལངས་ཕྱོགས་དང་སྲིད་ཇུས་ལ་འགལ་བ་རེད་མི་འདུག སྤྱིར་བཏང་ནས། སྐུ་ཚབ་དོན་གཅོད་ཀྱི་ལས་ཀ་ནི་བཙན་བྱོལ་བོད་གཞུང་གིས་ཕྱི་འབྲེལ་དང་མཉམ་འབྲེལ་རྒྱལ་ཚོགས་དང་འབྲེལ་བའི་ལས་རིམ་ཁག་གི་སྣེ་ཁྲིད་མཇུག་སྐྱོང་གནང་གི་ཡོད་པ་མ་ཟད་རྒྱལ་ཁབ་ཁག་གི་གཞུང་དང་གྲོས་ཚོགས། བོད་དོན་རྒྱབ་སྐྱོར་ཚོགས་ཁག། གཞུང་འབྲེལ་མིན་པའི་ཚོགས་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག སྤྱི་ཚོགས་ཀྱི་སྒྲིག་འཛུགས་ཁག མི་སྒེར་གནད་ཡོད་བཅས་ལ་མཛའ་འབྲེལ་དང་མཇུག་གནོན་བྱེད་རྒྱུ་དང་། གཞན་གོང་གསལ་སྒྲིག་འཛུགས་ཁག་ལ་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་མཛད་ཇུས་ཁག་དང་བོད་ནང་གི་དཀའ་རྙོག་ཁག་གི་གནས་ཚུལ་ཁག་སྐབས་འཕྲལ་མཁོ་སྤྲོད་ཞུས་ཏེ་རྒྱབ་སྐྱོར་སྐུལ་སློང་བྱེད་ཀྱི་ཡོད་པ་རེད་ཟེར། གཞན་ྐླུ་མཁར་བྱམས་ཀྱི་གནད་དོན་དེ་གཞུང་གི་ལངས་ཕྱོགས་དང་སྒྲིག་གཞིའི་དགོངས་དོན་ལ་འབྲེལ་བ་ཡོད་པ་ཞིག་ཡིན་བསམ་སོང་། གསལ་བོ་ཞིག་དྲན་གྱི་མི་འདུག གང་ལྟར། གནས་ཚུལ་དེ་བྱུང་བའི་སྐབས་ཀྱི་བོད་ཀྱི་དུས་བབ་ཐོག་ན་གསལ་བོ་ཡོད་དྲན་གི་ དེ་ཙམ་ཞུ།
སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གསུངས་བ་ནང་བཞིན། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་ཁྲི་འཚོལ་བའི་ཆོད་སེམས་འདི།
སྤོབས་པ་སྐྱེ་གཞི་ཞིག་རེད་བསམ་གི་་ ཕྱི་སྡོད་བོད་རིགས་སྤུན་ཟླ་ཚོས་སྒེར་ངོས་ནས་འགན་རེ་བླངས་ཏེ་བོད་སྤྱི་བ་ལ་ཕན་པའི་ལས་དོན་རེ་བསྒྲུབ་ཐུབ་ན།
དགེ་ཕན་རྒྱ་ཆེར་ཡོད་པ་ནི་སྨྲོས་མ་དགོས་བ་ཞིག་རེད། མ་རེད་དམ།
ཐུབ་བསྟན་བསམ་འགྲུབ་ལགས་ཀྱིས་བཀའ་བློན་ཁྲི་བ་འཚོལ་བའི་དྲ་གནས་ཤིག་སྔོན་མ་ནས་བཟོས་ཚར་ཡོད་པ་རེད། ད་ང་ཚོའི་ལས་འགན་ནི་མི་ཉི་ཤུ་རྩ་ལྔའི་རྒྱབ་གཉེར་ཡོད་པའི་བཀའ་ཁྲིའི་འོས་མི་ཕྱོགས་སོ་སོ་ནས་བཙལ་རྒྱུ་དེ་རེད།
ང་ཚོའི་ཡུན་རིང་བོའི་ཕུགས་འདུན་དེ་སྒྲུབ་པར་དང་པོ་བཙན་བྱོལ་གཞུང་འདི་སྲ་ཐག་ཐག་ཅིག་བཟོ་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དེ་རེད་འདོད། བཙལ་བྱོལ་གཞུང་འདི་བརྟན་པོ་ཞིག་མ་བྱུང་ན་བོད་ནང་འཆར་གཞི་ཟེར་བ་དེ་ཕར་རི་སྤང་ཁ་རེད། ད་བར་བོད་དོན་འདི་རྒྱལ་སྤྱིའི་ཐོག་གནས་ཐུབ་དེའང་མདོར་དེད་ན་བཙན་བྱོལ་བོད་གཞུང་གི་དྲིན་རེད། དེ་མིན་བོད་ནང་གི་བོད་མི་ཕྱེད་ཀ་རྒྱ་མིས་དམར་བསད་བཏང་བ་ཡིན་ན་ཡང་སུ་ཞིག་གིས་བདག་པོ་རྒྱག་གི་རེད། སྔོན་མ་ཡིན་ན་ཤིན་ཅང་ནང་དོན་དག་ག་རེ་བྱུང་ཡང་ཆུ་ནང་ལ་གཡག་བཏང་བ་ལྟ་བུ་ཡིན་པ། ལོ་ཤས་སྔོན་ནས་མི་སྣ་གྲགས་ཅན་རེ་ཟུང་ཕྱི་ལོགས་སུ་ཐར་བ་དང་དེ་དག་གི་འབད་བརྩོན་ལ་བརྟེན་ནས་ད་ལྟ་ཤིན་ཅང་གི་མིང་དེ་ཡང་བོད་དང་མཉམ་དུ་ཡང་སེ་སླེབས་ཡོང་གི་འདུག ཡིན་ན་ཡང་། ནང་སོག་སྐོར་ད་རུང་བདག་པོ་རྒྱག་མཁན་ཡོད་པ་མ་རེད།
ང་ཚོས་དམག་རྒྱག་སྐབས་དང་པོ་རང་གི་འཐབ་ར་དེ་ཡག་པོ་ཞིག་བརྩིགས་ནས་དམག་རྒྱག་ལ་གྲ་སྒྲིགས་བྱེད་དགོས་པ་ལས། དམག་ས་ཡག་པོ་ཞིག་མ་བཟུང་། འཐབ་ར་གཏིང་ཟབ་ཅིག་མ་དྲུས། མདའ་ར་ཡག་པོ་ཞིག་མ་རྩིག་པར་དམག་རྒྱབ་པ་ཡིན་ན་ཕམ་རྒྱུ་ལས་ག་ལ་ཡོད།
མགོན་ཕྱག་གིས་གསུངས་བ་ལ་རྒྱུ་མཚན་འདུག
ད་ནི་དྲ་གྲོགས་ཚོས། ཁ་བརྡར་བའི་དུས་མ་ཡིན་པར་ལས་འགུལ་རྩོམ་པའི་དུས་ལ་སླེབས་འདུག སླེབས་ནི་མིན་ཚད་ཕྱིན་དྲགས་འདུག་
རྒྱལ་བ་དགེ་འདུན་གྲུབ་ཀྱིས།
འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ།།
གླུད་ནུབ་སྒོར་གཏོང་བ་དོན་རེ་ཆུང་།། ཞེས་གསུངས་པ་དེ་ཡང་དྲན་བྱུང་།
དྲ་ངོས་འདིར་ཉུང་མཐར་ཡང་རྩོམ་འབྲི་བ་ཉི་ཤུའི་མི་ཚད། དེས་ན་རྩོམ་འབྲི་བ་རེ་རེས་ངོས་ནས་འགན་བླངས་ཏེ།
སོ་སོའི་གྲོགས་པོ་དང་ངོ་ཤེས་བ། གཉེན་ཉེ་སོགས་ལ་འབྲེལ་བ་བྱས་ཏེ་བོད་མི་ཉེར་ལྔའི་རྒྱབ་སྐྱོར་ཡོད་པའི་བཀའ་བློན་ཁྲི་བའི་འོས་མི་རེ་ཐུབ་བསྟན་བསམ་འགྲུབ་ཀྱི་རྩར་གཏོང་རོགས།
དེ་མིན། དྲ་ངོས་འདི་ན་རྩོམ་འབྲི་བ་རྒན་པ་གང་འཚམ་ཡོད་པ་མ་ཟད་བཀའ་བློན་ཁྲི་བའི་འོས་ཆོས་ཚང་མཁན་ཡང་འདུག་
དེས་ན། དྲ་གྲོགས་རྒན་པ་ཚོའི་ནང་ནས་ངས་འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་བྱེད་ཀྱི་ཡིན་ཞེས་མདུན་བསྐྱོད་བྱེད་ཐུབ་མཁན་གྱི་དང་བླངས་བ་དགོས་འདུག
དང་བླངས་ཐོན་རོགས།
དགེ་རབ་ཀྱིས་གསུངས་བ་དེའི་དོན་དག་རྡོག་རྡོག་དེ་པད་མ་ཡང་སངས་ཀྱི་བསམ་ཚུལ་དེ་དང་གཅིག་པ་མ་རེད་དམ།
བོད་རིགས་གཞོན་སྐྱེས་མཁས་པ་དག་གིས་ངེས་པར་དུ་བཀའ་བློན་ཁྲི་བའི་ཆ་ཤས་ལེན་དགོས་ཀྱི་འདུག འདི་ངེད་ཀྱི་རེ་བ་ཡིན།
དྲ་དཔོན་ལགས། ངེད་ཀྱི་མཆན་བུ་བསུབ་འདུག དེའི་རྒྱུ་མཚན་ཅི།
གསལ་བཤད་ཅིག་གནང་རོགས་མཁྱེན། དྲ་ངོས་འདིར། ངེད་ཀྱིས་ད་ལྟ་བར་དུ་སུ་ལ་ཡང་དམའ་འབེབས་བྱས་མྱོང་མེད།
སུ་ལ་ཡང་ཁ་བཙོག་བྱེད་མྱོང་མེད། མི་གཞི་ལ་གནོད་པའི་སྐད་ཆ་ཚིག་གཅིག་ཀྱང་བཤད་ཀྱང་བཤད་མྱོང་མེད།
དེ་རིང་ངེད་ཀྱི་མཆན་བུ་བཅུ་དགུ་བདེ་བསུབ་འདུག། དཀྱིལ་ནས་བསུབ་འདུག
འོ་ན། འདི་ཅི་རེད།
འདི་ངེད་ལ་ཐུབ་ཚོད་རེད་དམ། འདི་ངེད་ལ་ཐུབ་ཚོད་རེད་དམ།
ཁ་སང་དྲ་གྲོགས་སྟག་སྨྱོན་ཟེར་བ་དང་གདོང་དམར་ཟེར་བ། བསམ་གཏན་ཟེར་བ་སོགས་དྲ་གྲོགས་ཇི་སྙེད་ཅིག་གིས་དྲ་ཐོག་ནས་གཅིག་གིས་གཅིག་ལ་ཁ་འཛིང་བྱས།
འཁོན་རེས་བྱས། དམོད་ཚིག་བོར། ཚིག་རྩུབ་སྤྱད་དུས། དེ་ཚོ་ཁ་རོག་གེར་བཞག དེ་རིང་ང་ངོ་རྒྱུ་མེད་པའི་མི་ཉམ་ཆུང་ཞིག་གིས་། སྤྱི་ལ་ཕན་པའི་བསམ་ཚུལ་ཐུང་ཐུང་ཞིག་བྲིས་ན།
དེའི་རྐེད་པ་ནས་བཅད། དཀྱིས་ནས་བླངས། ད་ངས་མང་པོ་མི་བཤད། བཤད་ན་ཡང་དེ་ལ་ཤུགས་མེད་གི
གཙོ་བོ། སྐུ་མཁྱེན། བསམ་བློ་གུ་ཡངས་གཏོང་རོགས། བསམ་བློ་གུ་ཡངས་བཏང་ན་གཞན་ལ་གནོད་བྱ་དང་རང་ལ་ཕོག་བྱ་ཉུང་།
སྐུ་མཁྱེན། བསམ་བློ་གུ་ཡངས་གཏོང་རོགས། འདི་ངེད་ཀྱི་རེ་བ་ཡིན། རྗེས་ཕྱོགས་ནས་བསམ་བློ་གུ་ཡངས་གཏོང་རོགས།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ངེད་ཀྱིས་ཉིད་ལ་དགོངས་དག་ཞུ་རྒྱུ་ཞིག་ལ། ཕྲན་ནས་ཉིད་ཀྱི་མཆན་བུ་དེའི་ནང་ནས་ངེད་ལ་དམིགས་པའི་ཚིག་འབྲུ་དེ་ཚོ་གསུབ་པ་ཡིན། དགོངས་དག དེའི་སྐོར་གྱི་དགོངས་དག་ཞུ་བའི་ཡི་གེ་ཞིག་སྐུ་ཉིད་སྒེར་ལ་ཕུལ་ཡོད།
གུས་བཅས།
བཀུར་འོས་དགེ་འདུན་རབ་གསལ་ལགས།
ཁྱེད་ཀྱི་འཕྲིན་ཡིག་འབྱོར་སོང་། གསལ་བཤད་གནང་བར་ཐུགས་རྗེ་ཆེ།
གོང་དུ་ཚིག་ཁ་ཤས་ཐལ་སོང་བར་དགོངས་དག་ཞུ། བསྐྱར་དུ་དགོངས་དག་ཞུ།
དྲ་གྲོགས་རྣམས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་བགྲོ་གླེང་མང་པོ་ཞིག་གནང་བཞིན་འདུག་ཀྱང༌། འགའ་ཞིག་ནས་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཀྱི་ཀུན་སློང་སོགས་ལ་དོགས་འཆར་གནང་བཞིན་འདུག་པ་ཡང༌རྒྱུ་མཚན་མེད་པ་ཞིག་ཡིན་རྒྱུ་མ་རེད་དེ། ང་རང་གིས་ཁོང་གི་ཐོག་མའི་ལས་འཆར་དང༌། དེ་རྗེས་སྤྱི་ཚོགས་ནང་ཐོན་གནང་ཏེ་ལས་འགུལ་སྤེལ་བ་རྣམས་ཡང་དག་པ་ཞིག་དང་འགན་ཁུར་ཡོད་པ་ཞིག མ་འོངས་པར་སྤྱི་དོན་ལ་སྨན་ངེས་ཤིག་ཏུ་མཐོང་སོང༌། ད་དུང་ཁོང་གི་ཀུན་སློང་གང་ཡིན་སོགས་ཁོང་རང་ཉིད་ཀྱིས་སྔ་ཕྱིར་བརྒྱུད་ལམ་ཁག་ཏུ་གསུངས་གནང་བ་དང༌། བགྲོ་གླེང་འདིའི་གཞི་རྩའི་རྩོམ་ཡིག་ནང་བྲིས་གནང་བ་ལ་ཆ་འཛིན་བྱེད་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་འདིའི་ནང་མང་གཙོ་ཡར་རྒྱས་གཏོང་དགོས་པ་དང་བཀའ་ཁྲི་ལེགས་འདེམས་བྱ་དགོས་ཚུལ་སོགས་བཤད་མཁན་གྱི་ཚོགས་པ་སྒྲིག་འཛུགས་མང་པོ་ཞིག་གིས་ཐོག་མར་འོས་གཞི་ཁག་ཅིག་རང་ངོས་ནས་བྲིས་རྗེས་མི་གཞན་ལ་མ་རངས་པའི་བསམ་ཚུལ་མང་པོ་ཞིག་བཤད་ནས་རང་དང་རང་གི་ཕྱོགས་གཏོགས་སོགས་འབུར་དུ་ཐོན་པ་བཟོ་མཁན་མང་པོ་མ་ཐོནཔ་དང༌། མི་ཐོན་པ་ཡང་མིན་ལ། སྤྱི་ཟུར་ཁོང་གིས་བཀའ་ཁྲིའི་འོས་གཞི་འཚོལ་བཞིན་པ་འདི་དེ་ཚོ་དང་རྩ་བ་ནས་མི་འདྲ་བ་ཞིག་ལ་མཐོང་ནས་ཁོང་ལ་གུས་འདུད་དང་ལེགས་གསོལ་ཞུ་བཞིན་ཡོད། དེར་བརྟེན་ང་རང་ངོས་ནས་འདི་ལྟ་བུའི་འཆར་གཞི་འབུར་དུ་ཐོན་པ་ཞིག་བཀོད་མ་ནུས་ཀྱང་མི་གཞན་གྱིས་བཀོད་གནང་བ་ལ་དགག་བྱ་རྒྱག་འདོད་རྩ་བ་ནས་མེད།
དྲ་གྲོགས་རིག་འབྱུང་ལགས། བཀའ་ཁྲིའི་འོས་གཞི་སྤེལ་སའི་དྲ་རྒྱའི་ཁ་བྱང་དེ་འདི་ལ་ཅིག་འཇོག་རོགས་བྱོས། རྒད་པོ་ངས་ད་རུང་མ་རྙེད་ཐལ། ངས་དེང་སང་ཡོ་རུབ་དོན་གཅོད་ཀྱི་ཕྱག་ལས་གནང་བཞིན་པའི་བཀའ་ཟུར་བཀྲ་ཤིས་དབང་འདུས་མཆོག་ལ་འོས་འཕེན་གྱི་ཡིན། དྲ་གྲོགས་སུ་ལ་འདོད་མོས་དང་རྒྱབ་སྐྱོར་ཡོད་ན་ངའི་མྱུར་འཕྲིན་ཁ་བྱང་སྒང་ལ་དོ་བདག་གི་མིང་དང་ཁ་བྱང་བསྐུར་རོགས་ཞུ།་makyiama@yahoo.com
སྔ་འདང་ཕྱི་འདང་མང་པོ་བརྒྱབས་ན་བཀའ་ཁྲི་ལ་ཤེས་འཇོན་དང་ལོ་ཚད་སོགས་གང་ཐད་ནས་བལྟོས་ན་བློ་བཟང་སེང་གེ་ལགས་ཀྱི་ལྷག་པ་ཞིག་བཙན་བྱོལ་ནང་ན་མེད་ཀི།
དྲ་ཤོག་དེ་འདི་ན་ཡོད།
http://kalontripa.org/frontpage.html
ཡ་ཁོ་རེ་ཨ་ཕོ་ཧོར། ད་ཡིན་ན་རྒན་པ་ཚོ་ངལ་གསོ་གི་བཅུག་ནས་གཞོན་རབས་པ་ཞིག་འདེམས་ཨེ་ཐུབ་བལྟས་ན་མི་བཟང་ངམ། ༧རྒྱལ་བ་རིན་པོ་ཆེ་ཡོད་ཐོགས་ལ་གཞོན་པ་ཚོས་འགན་མང་ཙམ་ལེན་རྒྱུ་འདི་གོ་སྐབས་དང་བསོད་ནམས་བཟང་པོ་ཞིག་ཅི་ལ་མིན། ང་ཚོས་ད་ལྟ་ནས་ཆུ་མ་ཡོང་གོང་གི་རག་ལྟར་གོ་སྐབས་འདི་གཅེས་ཉེར་བྱེད་མ་ཐུབ་ཚེ་ཉིན་ཞིག་ཁོང་ཉིད་ཧོབ་སྟེ་ང་ཚོ་དང་བྲལ་འགྲོ་དུས་ཅི་ལྟར་བྱ་འམ། དེས་ན་འགྲོ་་་་་་་་་་་་་་་་་་་་་་ང་ཚོ་གཞོན་གཞོན་ཤེས་འཇོན་དང་ལྷག་བསམ་ཡག་པོ་ཡོད་མཁན་ཞིག་བཙལ་དུ་འགྲོ། དེ་ཡང་རབ་བྱུང་ན་བུད་མེད་ཅིག ཡ་་་་་ངའི་འོས་གཞི་འདི་ཡིན། དབུ་དཀར་གཡུ་སྒྲོན། ཁོ་མོར་འདོད་མོས་ཡོད་མཁན་འདྲ་ཡོད་ཚེ་ང་ལ་འབྲེལ་བྱེད་རོགས། ངའི་ཡིག་ཟམ། lobkon@comcast.net
ཁྱེད་ཅག་གིས་བཀའ་ཁྲིའི་བསྐོར་ཟླ་ངོ་ཁ་ཤས་རིང་དུ་གླེང་གཞི་བྱས་ན་ཡང་། བོད་ནང་གི་བོད་མི་དག་གི་ད་ལྟ་ཡང་མུ་མཐུད་དུ་མྱོང་བཞིན་པའི་དཀའ་སྡུག་དེ་དག་ཇི་ལྟར་སེལ་ཐུབ་མིན་གྱི་ཐབས་ཤེས་བསྐོར་ལ་མུ་མཐུད་དུ་བསམ་ཚུལ་སྤེལ་རེའི་བྱེད་ཀྱི་མེད་པ་དེ་ནི་བཀའ་ཁྲི་འཚོལ་བ་ལས་ཀྱང་གལ་ཆེན་ཆགས་མེད་པ་་ཡིན་ནམ་ཅི།
མགོན་ཕྱག་གི་བསམ་ཚུལ་དོན་དང་ལྡན་པར་འདོད།
ཡང་གསང་དང་ལྷ་ཀླུ་ཡི་བཟོ་འདྲ་ཁ་ཤས་ཀྱིས་ག་དུས་ཡིན་ན། ཨ་ཧ་བོ། བོད་ནང་ལ་ཅིག་བྱུང་དང་ཐལ།དེར་བཙན་བྱོལ་གཞུང་དང་མི་མང་གིས་བདག་པོ་བརྒྱག་གི་མེད་རབས། ད་དུང་མགོ་ཚོས་ལ་མ་ཚོས་བར་ནས་ཅིག་ཅིག་མ་མ་གོ་གོ་ཟེར་ཆེས་པས་ད་ཡིན་ན་བོད་ནང་གི་མི་གང་མང་ཞིག་ལ་གོ་ལོག་ཐེབས་ཀིན་ཡོད་ས་རེད། དྲང་མོར་བཤད་ན་གོང་དུ་མགོན་ཕྱག་གིས་བཤད་པ་བཞིན་བཙན་བྱོལ་གཞུང་འདི་རང་རེར་ཅི་འདྲའི་དྲིན་ཆེན་དང་གནད་འགག་ཅིག་ཡིན་པ་མིག་རྣ་ཡོད་མཁན་ཕལ་མོ་ཆེ་མཐོང་ཐོས་དགོས་ཚོད་ཡིན་མོད། འོན་ཀྱང་མགོ་མ་ཚོས་ཀླད་པ་བརྡར་མཁན་འདིའི་གྲངས་ཁ་དར་ཡོང་བ་ཡག་རྟགས་ཤིག་ཡིན་དོན་མེད། ང་ཚོས་ད་རེས་ཀྱི་བཀའ་ཁྲི་འདི་ཤེས་འཇོན་གཉིས་ལྡན་ཞིག་བདམས་ནས་ཇི་སྲིད་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བོད་ཕྱི་ནང་མཉམ་འབྲེལ་དང་གཞུང་དམངས་རྡོག་རྩ་གཅིག་ཏུ་དགོས་རྒྱུ་འདི་གནད་ཀྱི་དོན་པོ་ཡིན།
དྲ་གྲོགས་རྣམས་ཀྱི་བསམ་ཚུལ་ལ་རྗེས་སུ་ཡི་རངས་ཞུ།
མུ་མཐུད་བསམ་ཚུལ་འདོན་རོགས། སོ་སོའི་འོས་མི་ངོ་སྤྲོད་གནང་རོགས།
འོས་མི་དང་ལྷན་དུ་རྒྱབ་ལྗོངས་རྒྱུ་མཚན་ཐུང་ཙམ་རེ་ཡོད་ན་དེ་ལས་ཡག
མ་རེད་དམ།
དེ་སྔོན་ཕྲན་ལ་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཀྱི་ལས་དོན་དང་དམིགས་ཡུལ་ཐད་རྒྱུས་མངའ་གང་ཡང་མེད། འོན་ཀྱང་གོང་དུ་གྲོགས་པོ་སྨོན་མཐར་སོགས་ཀྱིས་གསུངས་པ་ལྟར་ན་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཁོང་བོད་མིའི་སྤྱི་དོན་ལ་ཐུགས་ཁུར་དང༌། ལྷག་པར་དུ་ང་ཚོ་བོད་མིའི་ཆབ་སྲིད་ཀྱི་རིག་པ་འདི་དེང་རབས་འཛམ་གླིང་གི་རྣམ་དཔྱོད་དང་མཉམ་དུ་གོམ་པ་མདུན་སྤོས་བྱ་རྒྱུར་གལ་ཆེ་དོན་ཆེན་དུ་གཟིགས་པའི་སྐུ་ངོ་མཁྱེན་རྒྱ་ཅན་ཞིག་ཡིན་པར་འདུག་པས། ང་ཚོས་ཁོང་དང་མཉམ་རུབ་ཀྱིས་ལས་དོན་སྒྲུབ་མ་ཐུབ་ནའང་ཡི་རངས་དང་དགའ་བ་མི་སྒོམ་ཅི་ལ་སྲིད། དེས་ན་མ་འོངས་པར་ཁོང་ནི་ཁོང་གི་ཕྱག་ལས་ཀྱི་རྒྱུད་རིམ་ཁྲོད་སྤྱི་ཚོགས་ནང་ཡིད་ཆེས་ཕེར་བའི་མིག་དཔེ་བཟང་པོ་ཞིག་འགྱུར་རྒྱུར་ང་ཚོས་རེ་བ་དང་བཅས་མུ་མཐུད་བལྟ་རྒྱུ་ཡིན།
ཐུབ་བསམ་ད་རེས་དོན་གཅོད་ལ་བསྐོ་དོན་ནི་རྗེས་མའི་བཀའ་ཁྲིའི་འོས་གཞིར་ལངས་རྒྱུའི་ཆེད་དུ་ཟབ་སྦྱོང་ཐེངས་ཤིག་བྱེད་པ་རེད་བསམས། ཨ་ལགས་ཟམ་གདོང་དང་འདི་ཚོའི་ས་འོག་དར་འཐག་བྱེད་སྟངས་ལ་གཅིག་ལྟོས་དང་། ཐུབ་བསམ་གྱིས་ཁོ་རང་བོད་པའི་སྤྱི་ཚོགས་ནང་འབུར་ཐོན་བྱེད་རྒྱུའི་ཆེད་དུ་བཀའ་ཁྲི་འཚོལ་བའི་ལས་འགུལ་སྤེལ་ཏེ་མི་མང་པོ་ཞིག་ལ་ཐུབ་བསམ་ཟེར་བའི་བོད་མི་ཞིག་འཇིག་རྟེན་འདིར་ཡོད་པ་དེ་ཤེས་སུ་བཅུག་པ་དང་། དེ་ནས་ཨ་ལགས་ཟམ་གདོང་ཚང་གིས་ཁོ་རང་དོན་གཅོད་དུ་བསྐོས་ནས་ཐེངས་རྗེས་མའི་བཀའ་ཁྲིའི་ཟབ་སྦྱོང་སྤྲད་སོང་ང་། རྒྱ་ནག་ཏུ་ཡང་སྲིད་བློན་རྗེས་མ་སོགས་བསྐོ་དུས་སུ་འདི་འདྲའི་ལམ་དང་ལུགས་སྲོལ་ཞིག་ཡོད་པ་རེད། ཡིད་མི་ཆེས་ན་ལྟོས་དང་ཆོག
ཐུབ་བསམ་བཀའ་ཁྲིའི་འོས་གཞིར་ལངས་ན་ངས་རྒྱབ་སྐྱོར་བྱེད་མིན་འོས་མི་གཞན་པ་དང་བསྡུར་ནས་བསམ་བློ་གཏོང་གི་ཡིན། མི་རེ་བ་ཅན་རྣམས་ལ་ལས་ཀའི་གོ་སྐབས་སྤྲད་ན་ཡག་པོར་མཐོང་།
སྤྱིར་བཏང་བོད་གཞུང་གི་ཕྱི་རྒྱལ་དོན་གཅོད་རྣམས་གཞུང་ཞབས་ཡིན་ལ་གོ་གནས་དང་ཉམས་མྱོང་ཡང་གང་འཚམས་ཡོད་པའི་ནང་ནས་བསྐོ་བཞག་བྱེད་ཀྱི་ཡོད་པ་ལྟ་བུ་ཞིག་མཐོང་སོང་། ད་ཐེངས་གློ་བུར་དུ་གཞུང་ཞབས་མིན་པ་ཞིག་ལ་བསྐོ་བཞག་བྱས་པ་དེ་ཕལ་ཆེར་བར་སྐབས་འདིར་ཐེངས་དང་པོ་མ་ཡིན་ནམ། བོད་གཞུང་གི་ལས་བྱེད་བསྐོ་བཞག་ཐད་སྒྲིག་གཞི་དེ་འདྲ་ཡོད་མེད་ཁྱེད་ཚོར་བཤད་རྒྱུ་ཅང་ཨེ་ཡོད།
ཐུབ་བསམ་དོན་གཅོད་གཞན་པ་ཚོ་དང་བསྡུར་ན་ལྷག་པ་མིན་ན་ཡང་ཞན་པ་ཡིན་པར་ངས་མི་མཐོང་ཡང་གཞུང་ཞབས་མིན་པ་ཞིག་དོན་གཅོད་ལ་བསྐོ་བ་དེ་སྒྲིག་གཞི་ཞིག་གཞིར་བཟུང་བ་ཡིན་དང་མིན་དེ་དྲི་བ་ཞིག་རེད། མ་གཞི་གཞུང་ཞབས་བསྐོ་ན་ཡིག་ཚད་བཏང་ནས་བསྐོ་གི་ཡོད་པ་མ་རེད་དམ།
ངས་ཀྱང་འདི་ལ་དྲི་བ་ཞིག་བཏང་བ་ཡིན། གཞུང་ཞབས་མིན་པ་དོན་གཅོད་ལ་བསྐོས་པ་ཐེངས་དང་པོ་མ་རེད། གསལ་པོར་དྲན་པ་ཞིག་ལ་རྫ་སྤྲུལ་རིན་པོ་ཆེ་དང་ལྟག་མཚེར་རིན་པོ་ཆེ་ལྟ་བུ་རེད། འདི་གཉིས་ཀ་ཉི་ཧོང་གི་དོན་གཅོད་ལ་བསྐོ་གཞག་བྱས་པ་རེད།
ད་དུང་གྲོས་ཚོགས་ཀྱིས་དོན་གཅོད་བསྐོ་གཞག་ཐད་ལ་འདྲི་བརྩད་བྱས་ཆོག་མིན་གྱི་སྐད་ཆ་ཞིག་ཡོད་པ་རེད། དེ་ནི་དོན་གཅོད་བསྐོ་གཞག་འདི་༧སྐྱབས་མགོན་རིན་པོ་ཆེས་རྒྱལ་ཁབ་ཀྱི་དབུ་འཛིན་གྱི་མཚན་ཐོག་ནས་བསྐོ་གཞག་གནང་བ་ཞིག་ཡིན་པ་ལྟ་བུ་ཞིག་དྲན་གི་འདུག གལ་སྲིད་དེ་ལྟར་ཡིན་ཚེ་གཞུང་ཞབས་ཀྱི་ཁོངས་སུ་ཚུད་ཀྱི་མེད་པ་རེད་སྙམ།
ངས་བལྟས་ན་བཀའ་བློན་ཁྲི་བ་མགྱོགས་མྱུར་ངང་འཚོལ་དགོས།
རྣམ་པ་ཚོ་གཟིགས་དང༌། ཕྱི་རྒྱལ་དོན་གཅོད་ཁག་བསྐོས་ཕྱོགས་དང་ལས་འགན་ཁུར་སྟངས་འདི་ལྟར་དགོས་པ་ཡིན།
གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི།
དོན་ཚན་བཅུ་དགུ་པ། དམིགས་བསལ་བསྐོ་གཞག
༡ ཕྱི་རྒྱལ་དུ་གཞུང་གི་དོན་གཅོད་ངོ་མ་རྣམས་བཀའ་བློན་ཚང་འཛོམས་ཞིབ་གྲོས་དྲག་འདེམས་ཀྱི་བཀའ་ཤག་ནས་མི་འགྲོའི་འོས་འཆར་སྙན་འབུལ་དང་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་གཞག་སྩལ་རྒྱུར། སྒྲིག་གཞི་འདིའི་དོན་ཚན་ཁག་དང་བསྟུན་གནང་མ་དགོས་ཤིང༌། བསྐོ་གཞག་འདི་རིགས་ཀྱི་མི་འགྲོ་གཞུང་ཞབས་སྡེ་ཚན་དུ་མ་གཏོགས་པ་ཞིག་ཡིན་ན་ཕོགས་རིམ་དང་ཁེ་ཕན་གཞན་དག་བསྐོ་གཞག་དང་ཆབས་ཅིག་གཏན་འབེབས་གནང་རྒྱུ་དང༌། གཞུང་ཞབས་སྡེ་ཚན་དུ་གཏོགས་པ་ཞིག་ཡིན་ན་དོན་གཅོད་ལས་རྒྱུན་རིང་དྲུང་ཆེའི་གནས་རིམ་དང་ཐོབ་ཐང་ཡོད་ཅིང༌། སྒྲིག་གཞི་གཞིར་བཟུང་ལོ་བཞི་ཟིན་མཚམས་གནས་སྤོ་བྱ་རྒྱུ་དང༌། དགག་དགོས་གནས་སྟངས་དམིགས་བསལ་ཅན་བྱུང་རིགས་ལ་ལོ་གཉིས་འཕར་འགྱངས་ཆོག་རྒྱུ། དོན་གཅོད་འཁྱུར་རྗེས་སྔོན་མའི་གནས་རིམ་དང༌། རྒན་རིམ་གང་ཡིན་གྱི་གྲལ་མཚམས་རང་སོར་གནས་རྒྱུ། ཞེས་དང༌།
ཡང་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང་སྒྲིག་གཞི།
དོན་ཚན་ལྔ་པ། གཞུང་གི་འཛིན་སྐྱོང་སྒྲིག་འཛུགས་ཁག
ཀ་་་་་་་་་
ཁ ༡། ྋགོང་ས་ྋསྐྱབས་མགོན་ཆེན་པོས་བསྐོ་འཛུགས་གནང་བའི་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་དམ། དེ་དང་གནས་ཚད་མཉམ་པའི་སྐུ་ཚབ་ཁག་གི་འཛིན་སྐྱོང་འོག་བཀོད་སྒྲིག་བྱས་པའི་ལས་ཁུངས་ཁག་སྐུ་ཚབ་དོན་གཅོད་ལས་ཁུངས་ཡིན།
༢། ལས་ཁུངས་དེ་དག་གི་འགན་འཛིན་གཞུང་ཞབས་དྲུང་ཆེའི་གནས་རིམ་ཅན་གྱི་སྐུ་ཚབ་རེ་དགོས་པ་དང༌། དེའི་འོག་ལས་དོན་ལ་གཞིགས་པའི་ལས་བྱེད་ཇི་དགོས་ཀྱི་ས་མིག་གཏན་འབེབས་དང་འབྲེལ་བཀོད་སྒྲིག་བྱ་རྒྱུ།
༣། སྐུ་ཚབ་ཁག་ཕྱི་འབྲེལ་བཀའ་བློན་བརྒྱུད་བཀའ་ཤག་ལ་འགན་ཁུར་ལན་འདེབས་ཞུ་དགོས།
༤། ལས་ཁུངས་འདི་རིགས་གསར་འཛུགས་དང་ཕྱིར་བསྡུ་ྋགོང་ས་ཆེན་པོའི་བཀའ་འཁྲོལ་ལྟར་ཞུ་དགོས།
ཞེས་གསལ་ཡོད་པ་ཡིན།
སྨོན་ལམ་མཐར་ཕྱིན་ལགས། ཁྱེད་རང་གིས་དོན་གཅོད་དང་འབྲེལ་བའི་སྒྲིག་གཞི་འདིར་ལམ་སང་བཀོད་པར་ཐུགས་རྗེ་ཆེ།
སྨོན་མཐར་ཁྱེད་ཀྱིས་རྣམ་པ་ཚོས་མཁྱེན་རྟོགས་སླད་ཕྱི་རྒྱལ་དོན་གཅོད་བསྐོས་སྟངས་ཐད་བཅའ་ཁྲིམས་སྒྲིག་གཞི་ལས་དྲ་གནས་འདིར་ཟུར་དུ་ཕྱུངས་བར་ཐུགས་རྗེ་ཆེ།
དྲ་གྲོགས་ཚོས་བསམ་ཚུལ་ཡག་པོ་བཏོན་འདུག་པར་མ་ཟད་། ད་ནི་ད་གྲོགས་ཚོས་ཀྱང་འགན་ཞིག་ལེན་གྱི་འདུག་བསམ་བའི་ཚོར་བ་སླེབས་ཡོང་གི་འདུག།
བོད་ཀྱི་སྲིད་འཛིན་ནམ་བཀའ་བློན་ཁྲི་བ་འདི་ཡང་། ཡང་སྤྲུལ་ལྟ་བུ་ཕྱོགས་མཐའ་རུ་འཚོལ་ཞིབ་དུ་ཕྱིན་ནས་རྙེད་དགོས་བ་ཞིག་ཡིན་ས་རེད། མང་གཙོ་ཁ་གཡར་གྱི་བོད་ཀྱི་བཀའ་བློན་ཁྲི་བའི་ལམ་ལུགས་གསར་བ་དབུ་རྙེས་བས་རྟེན་འབྲེལ་ཞུ་ཆོག་མོད། རྗེས་མ་ཞིག་ལ་འདིས་བོད་འདི་དགུ་ཐོར་དུ་གཏོང་རྒྱུ་རེད་ཀོ
རེད་ཡ། ངོ་མ་ བོད་ཀྱི་བཀའ་ཁྲི་དེ་ཡང་བླ་མ་ཞིག་གི་ཡང་སྤྲུལ་ནང་བཞིན་ལོ་གཉིས་རེ་གསུམ་རེ་ཡི་ཆུ་ཚོད་བཏང་ནས་གང་ས་གང་ལ་འཚོལ་དུ་འགྲོ་དགོས་ནི་ཞིག་ཡིན་པ་རེད་དམ། ཨོ་ ཡུམ། དཀའ་ལས་ལ།
༄། དྲ་གྲོགས་ཚོ་འོངས་བཀའ་བློན་ཁྲི་པའི་སྐོར་ལ་བསམས་ཚུལ་ཡག་པོ་གསུངས་འདུག ཐུབ་བསྟན་བསམས་གྲུབ་ཀྱི་སྟོན་པའི་ལས་གཞི་དེ་ལ་རྒྱབ་སྐྱོར་བྱེད་དགོས་ཁོང་གི་སྐོར་ལ་ཇི་ལྟར་བྲིས་ཀྱང་ཕན་ཐོག་དེ་ཙམ་ཆུང་ཀྱང་དེ་ལས་དྲོ་གྲོགས་ཚོའི་མི་ཉེར་ལྔའི་རྒྱབ་སྐྱོར་ཡོད་པའི་བཀའ་བློན་ཁྲིའི་འོས་གཞི་རེ་མ་འོངས་བཀའ་བློན་ཁྲི་བའི་དྲ་རྒྱ་འདི་ཡི་ནང་དུ་དགོད་རོགས་གནང་། དེ་ནས་ང་ཚོའི་རིམ་བཞིན་གོ་བསྡུར་གནང་ན་ཡག་པོ་ཡོད་པར་བསམས། ཐུབ་བསྟན་བསམས་གྲུབ་ཀྱི་སྐོར་ལ་མང་པོ་ཞིག་བཤད་པ་ཡིན་ན་དོན་དངོས་ཕན་ཐོག་དེ་ཙམ་མ་མཐོང༌། ཁོང་གི་ལས་གཞི་འདི་ལ་ལྟ་དུས་བོད་སྤྱི་བའི་འགན་ཞིག་ཁུར་འདུག་སྙམས། དྲ་གྲོགས་མང་པོ་ཞིག་གི་འོངས་བཀའ་བློན་ཁྲིའི་འོས་མི་མང་པོ་ཡོད་གསུངས་མཁན་འདུག་དེ་དག་རིམ་གཞི་དགོད་རོགས་གནང་།
ངའི་རེ་བ་ད་ལན་གྱི་བཀའ་ཁྲི་དེ་རྒྱ་རི་བློ་གྲོས་རྒྱལ་མཚན་དེ་འོང་ཐུབ་པ་ཡིན་ན་ཡག་པོ་ཡོད་རེད།
གང་ཡིན་ཟེར་ན་ཁོང་ལ་རྒྱ་བོད་གཉིས་ཀྱི་ཐོག་ནས་ཉམ་མྱོང་མང་པོ་ཡོད་པའི་ཕན་པ་ཆེན་པོ་ཡོད་པ་གཏེན་ཁེལ་ཆོག
ཡིན་ན་ཡང་ང་ཚོ་བོད་པ་ཚང་འདི་ཡག་རྩོག་གི་དབྱེན་མི་ཆོད་པའི་གང་འདྲ་འོང་ཤེས་གི་མི་འདུག
ཡར་བརྒྱ་བཤད་མང་སྟོང་བཤད་ནས་འགྲིགས་ཐབས་རྩ་བ་ནས་མེད་ཞིག་ཡིན་ཀྱང་ངས་དུས་ནམ་ཀུན་ཏུ་སྨོན་ལམ་རྒྱབས་རྒྱུ་ལ། བཀའ་སློབ་སུ་འདྲ་ཞིག་ཕེབས་ཀྱང་རང་དོན་དང༌། རང་གི་བུ་ཕྲུག་གཉེན་མཆེད་རྣམས་བྱུང་ན་བཀའ་བློན་གནང་མུས་ཐོག་ཨ་རི་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཡག་ས་དང་སྐྱིད་སར་གཏོང་མཁན་ཞིག་དང༌། དེ་མ་བྱུང་ན་རང་ཉིད་གྲོས་ཚོགས་ནས་ཕྱིར་བུད་བྱུང་མ་ཐག་ཨ་རིར་ཕྱིན་ནས་ད་དུང་འགྲིགས་མ་སོང་དང་བྱུང་མ་སོང་ཞེས་གཞུང་གི་ལས་བྱེད་རྣམས་ལ་ཁ་བཏང་ཞིག་མ་སླེབས་པའི་སྨོན་ལམ་ཞུ་གི་ཡོད། དེ་ཆབས་ཅིག་སྤྱི་ཚོགས་ནས་རོ་གྲུང་ནས་རྒྱོ་གྲུང་མང་བ་སྙན་པ་བཟོ་མཁན། བོད་གཞུང་ལས་འགན་བྱེད་བཏང་དང་སྲིད་བྱུས་འཛིན་བཏང་ལ་གཞན་གྱིས་ཁ་བཏང་ས་ལྟ་བུ་འགྱུར་ན་ཧ་ཅང་གི་སེམས་པ་སྐྱོ་བ་རེད། དེ་ཡིན་དུས་ཚང་མས་དགོསང་པར་བཞག་རོགས།
དྲ་གྲོགས་ཚོས་འོས་མི་འཁྱེར་ཡོང་རོགས།
བཀའ་བློན་ཁྲི་བའི་འོས་ཆོས་ཚང་བའི་གཞོན་སྐྱེས་དེ་ཇི་ལྟར་འཚོལ་དགོས་སམ། ཕྱག་ལས་གནང་མྱོང་མཁན་བྱས་རྗེས་སྟོན་རྒྱུ་ཡོད་མཁན་ཞིག་ཡིན་ན་གསལ་བོ་རེད། དེ་མིན་བློས་བཀལ་ཆོག་པའི་གཞིན་སྐྱེས་ཞིག་རྙེད་ཁག་པོ་རེད་སྙམ། ལག་ཁྱེར་མཐོ་མིན་གྱིས་འཚོལ་ན་ལས་སླ་བོ་རེད་མ་གཏོགས། དེང་སང་འོས་ཆོས་ཚང་བའི་མི་རེག་ཁག་པོ་རེད་ཟེར།
ཡ་དྲ་རོགས་ཚོ། གཞོན་སྐྱེས་ཤེས་ལྡན་མེད་པ་ཨ་ཡིན། གནད་དོན་གང་གི་ཐོག་ལ་ཤེས་ལྡན་ཞེས་བརྗོད་ཀྱི་ཡོད་དམ། རང་དོན་བྱེད་ལ་མཁས་པ། ཁ་ནས་ཚེ་འདི་ཕྱི་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང༌། མང་ཚོགས་དང་ཚོགས་ཆེན་སྐབས་ངུ་སྐད་དང་མིག་ཆུ་བཏང་མཁན་གྱི་གྲས་དེ་འདྲ་དགོས་ན་གངས་སྐྱིད་ཉེ་འཁོར་ཚོགས་སྡེ་ཆེ་བ་གསོ་རིགས་སྨན་པའི་སྡེ་ཚོགས་ཀྱི་དབུ་འཛིན་བྱེད་ནའང་མི་འགྲིགས་པ་གང་ཡོད། ཁོང་གི་ངུ་ནི་ཤེས། བཤད་ནི་ཤེས། རང་གི་བཟའ་གྲོགས་ཀྱང་གནས་ཐབས་མེད་པར་ཟོས་ནས་ཕྱི་འགྱར་མེད་ཐུབ་མཁན་གྱི་ནུས་དེ་འདྲ་ཞིག་ཡིན་དུས། དེ་ལ་ནུས་ལྡན་མི་ཟེར་གང་ཞིག་ཟེར།
ཡང་གཞན་ཞིག་དགོས་ན། སྐར་དཔྱེད་རྩིས་རིགས་སྡེ་ཚན་གྱི་འགན་འཛིན་ཁྱི་རྒན་སྤྲེ་ཉག་ཁོ་ཡོད། ༸གོང་ས་མཆོག་གི་གསུང་ཆོས་དང་མཇའ་གར་འགྲོ་མི་ཆོག་པ་དང་ཉན་མི་ཆོག རྩིས་རིགས་སློབ་མ་མར་གྲས་རིགས་ལ་རྩིས་ཀྱི་གནད་འགག་རིགས་རྒྱུས་སྟོན་བྱེད་མི་ཆོག ཚོགས་པའི་གཞི་རྟེན་མེད་པའི་སྒྲིག་གཞི་ཁག་གསར་གཏོད་བྱེད་མཁན་གྱི་མི་རིགས་དེ་ཚོ་ཡོད་རེད། བསམ་བློ་གཏོང༌། བཀའ་བློན་གསར་པ་མ་ཕེབས་སྔོན་ད་ཡོད་འགྲོ་བཞིན་པའི་ཚོགས་པའི་ལས་འཁུར་དེ་རིགས་ལ་མང་ཚོགས་ནས་གཟིགས་དང༌། དེ་ནས་ཧ་གོ་དོན་རྟོགས་ཐུབ་པ་ཞིག་བྱེད་དང༌།
དྲ་གྲོགས་ཚོ། ང་ཚོ་བོད་པ་ཚང་ལ་གཞོན་སྐྱེས་ཤེས་ཡོན་ཅན་མེད་པ་ཨ་ཡིན། ང་ཚོའི་ནང་ཁུངས་ཀྱི་མི་སྣ་ག་རེ་ཡི་བྱེད་ལས་ལ་ལྟས་ནས་མང་དག་ཞིག་གསུང་གི་འདུག་་ བོད་པ་ཚང་གི་ཚང་མ་དེ་འདྲ་རང་ཨ་ཡིན། བསམ་བློ་ཞིབ་མོ་ཞིག་གཏོང་དང་དྲ་གྲོགས་ཚོ། ང་ཚོའི་བོད་པ་ཚང་གི་བཀའ་ཁྲི་ལ་ཚང་དགོས་པ་ནི། 1)་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་ལྷག་པར་དུ་བོད་ནང་གི་སྤུན་ཟླ་རྣམས་པས་རེ་འདོད་ངོ་མ་དེ་གང་ཡིན་པ་ཤེས་མཁན་ རྒྱ་ནག་གི་ཆས་སྲིད་ཀྱི་འགྱུར་འགྲོ་ལ་ལྟ་ཐོབ་མཁན་དང་རྒྱལ་སྤྱིའི་་ཆ་སྲིད་ཀྱི་གནས་སྟངས་ཀྱི་འོག་ནས་བོད་ཀྱི་བདེན་པ་འཚོལ་བའི་སྣེ་སྟོན་ཐོབ་མཁན། བསམ་ཕོད་མཁན་དང་སྒྲུབ་ཐོབ་མཁན། རྒྱབ་ཏུ་ལམ་སྟོན་བྱེད་མཁན་མེད་པ། གཡས་ཕྱོགས་གཡོན་རེ་མེད་པ། ལྷག་པར་དུ་བཙན་བྱོལ་བོད་པ་ཚང་གི་ཤེས་ཡོན་སྲིད་རྒྱུས་ཁ་ཕྱོགས་མ་ནོར་བའི་ཐོག་སྣེ་འཁྲིད་ཐོབ་མཁན། སྲོལ་རྒྱུས་དང་དེ་རབས་ཀྱི་ཤེས་ཡོན་ལྡན་པ་གང་ཟག་གི་དབང་སྒྱུར་མ་ཡིན་པ་ཁྲིམས་ཀྱི་དབང་འོག་འགྲོ་མཁན་ཞིག་དགོས་པར་བསམ། སྐད་གཉིས་ལྡན་མཁན། སྐྱབས་བཅོལ་མིའི་འཚོའི་བདེ་སྡུག་ལ་གཟིགས་ཐུབ་མཁན།
སྤྱིར་གོང་གི་ཆ་རྐྱེན་དེ་དག་ཚང་དགོས་ཀྱང་། 7་གོང་ས་མཆོག་བཞུགས་པའི་སྐབས་ལ་བཀའ་བློན་སུ་སླེབས་ཀྱང་མི་འཇོན་པ་མེད། གཞོན་སྐྱེས་སླེབས་ཀྱང་རུང་ལོ་ན་རྒན་པ་སླེབས་ཀྱང་ཆོག་ མ་འོངས་ཕུག་རྒྱང་རིང་པོར་བསམ་བློ་གཏང་ན་ངེས་པར་དུ་གཞོན་སྐྱེས་ཤིག་སླེབས་ན་བསམས་ཀྱི་ཡོད། 7་གོང་ས་མཆོག་མ་བཞུགས་པའི་ཉི་མོ་ང་ཚོ་བོད་པ་ཚང་གི་ག་རེ་བྱེད་དགོས་། ང་ནི་བློ་ཚབ་ཆེ་ཤོས་ཉིན་མོ་ཡིན། ཉི་མ་དེ་ཤར་ཡ་ཡིན་པ་ནི་སྨོས་མེད་། དྲ་གྲོགས་ཚོ་ ང་ལ་བཀའ་ཁྲི་འོས་པའི་གཞོན་སྐྱེས་ཁ་ཤས་ཀྱི་ཡོད་དེ་དག་ནི་ནམ་རྒྱུས་ཡོང་གྲགས་ཡིན་་ དྲ་གྲོགས་ཚོ་ལ་བཀའ་ཁྲི་འོས་པའི་ཤེས་ཡོན་གཉིས་ལྡན་གྱི་མི་སྣ་ཡོད་ན་སྟོན་རོགས་གནང་།
དྲ་གྲོགས་ཚོ། ང་ཚོ་བོད་པ་ཚང་ལ་གཞོན་སྐྱེས་ཤེས་ཡོན་ཅན་མེད་པ་ཨ་ཡིན། ང་ཚོའི་ནང་ཁུངས་ཀྱི་མི་སྣ་ག་རེ་ཡི་བྱེད་ལས་ལ་ལྟས་ནས་མང་དག་ཞིག་གསུང་གི་འདུག་་ བོད་པ་ཚང་གི་ཚང་མ་དེ་འདྲ་རང་ཨ་ཡིན། བསམ་བློ་ཞིབ་མོ་ཞིག་གཏོང་དང་དྲ་གྲོགས་ཚོ། ང་ཚོའི་བོད་པ་ཚང་གི་བཀའ་ཁྲི་ལ་ཚང་དགོས་པ་ནི། 1)་བོད་ཕྱི་ནང་གཉིས་ཀྱི་གནས་སྟངས་ལ་རྒྱུས་མངའ་ཡོད་མཁན་ལྷག་པར་དུ་བོད་ནང་གི་སྤུན་ཟླ་རྣམས་པས་རེ་འདོད་ངོ་མ་དེ་གང་ཡིན་པ་ཤེས་མཁན་ རྒྱ་ནག་གི་ཆས་སྲིད་ཀྱི་འགྱུར་འགྲོ་ལ་ལྟ་ཐོབ་མཁན་དང་རྒྱལ་སྤྱིའི་་ཆ་སྲིད་ཀྱི་གནས་སྟངས་ཀྱི་འོག་ནས་བོད་ཀྱི་བདེན་པ་འཚོལ་བའི་སྣེ་སྟོན་ཐོབ་མཁན། བསམ་ཕོད་མཁན་དང་སྒྲུབ་ཐོབ་མཁན། རྒྱབ་ཏུ་ལམ་སྟོན་བྱེད་མཁན་མེད་པ། གཡས་ཕྱོགས་གཡོན་རེ་མེད་པ། ལྷག་པར་དུ་བཙན་བྱོལ་བོད་པ་ཚང་གི་ཤེས་ཡོན་སྲིད་རྒྱུས་ཁ་ཕྱོགས་མ་ནོར་བའི་ཐོག་སྣེ་འཁྲིད་ཐོབ་མཁན། སྲོལ་རྒྱུས་དང་དེ་རབས་ཀྱི་ཤེས་ཡོན་ལྡན་པ་གང་ཟག་གི་དབང་སྒྱུར་མ་ཡིན་པ་ཁྲིམས་ཀྱི་དབང་འོག་འགྲོ་མཁན་ཞིག་དགོས་པར་བསམ། སྐད་གཉིས་ལྡན་མཁན། སྐྱབས་བཅོལ་མིའི་འཚོའི་བདེ་སྡུག་ལ་གཟིགས་ཐུབ་མཁན།
སྤྱིར་གོང་གི་ཆ་རྐྱེན་དེ་དག་ཚང་དགོས་ཀྱང་། 7་གོང་ས་མཆོག་བཞུགས་པའི་སྐབས་ལ་བཀའ་བློན་སུ་སླེབས་ཀྱང་མི་འཇོན་པ་མེད། གཞོན་སྐྱེས་སླེབས་ཀྱང་རུང་ལོ་ན་རྒན་པ་སླེབས་ཀྱང་ཆོག་ མ་འོངས་ཕུག་རྒྱང་རིང་པོར་བསམ་བློ་གཏང་ན་ངེས་པར་དུ་གཞོན་སྐྱེས་ཤིག་སླེབས་ན་བསམས་ཀྱི་ཡོད། 7་གོང་ས་མཆོག་མ་བཞུགས་པའི་ཉི་མོ་ང་ཚོ་བོད་པ་ཚང་གི་ག་རེ་བྱེད་དགོས་། ང་ནི་བློ་ཚབ་ཆེ་ཤོས་ཉིན་མོ་དེ་ཡིན། ཉི་མ་དེ་ཤར་ཡ་ཡིན་པ་ནི་སྨོས་མེད་རེད། དྲ་གྲོགས་ཚོ་ ང་ལ་བཀའ་ཁྲི་འོས་པའི་གཞོན་སྐྱེས་ཁ་ཤས་ཤིག་ཡོད་དེ་དག་ནི་ནམ་རྒྱུས་ཡོང་གྲགས་ཡིན་་ དྲ་གྲོགས་ཚོ་ལ་བཀའ་ཁྲི་འོས་པའི་ཤེས་ཡོན་གཉིས་ལྡན་གྱི་མི་སྣ་ཡོད་ན་སྟོན་རོགས་གནང་།
ཕྱི་ཟླ་ 5 ཚེས་ 9 ཉིན་བོད་དོན་གླེང་བ་ཞེས་པའི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལར་གཞོན་སྐྱེས་དང་ཤེས་ཡོན་པ་ཁག་གཅིག་གིས་མ་འོངས་པའི་བཀའ་བློན་ཁྲི་པའི་སྐོར་ལ་སོ་སོའི་འདོད་མོས་ཀྱི་བགྲོ་གླེང་དང༌། སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཡོང་ཆེད་མང་ཚོགས་ནས་བཀའ་བློན་ཁྲི་པའི་འོས་མི་ཁག་ཅིག་བཏོན་ཏེ་འདོན་མཁན་སོ་སོས་གཙོ་འགན་བཞེས་པའི་ཐོག་འོས་མི་རེར་མི་ 25 རེའི་རྒྱབ་སྐྱོར་བཙལ་རྒྱུའི་འགན་ལེན་རྒྱུ་དང་དེ་མཚམས་བཀའ་བློན་ཁྲི་པ་ཞེས་པའི་དྲ་རྒྱའི་ནང་མིང་འགོད་ཐུབ་པ་བྱ་རྒྱུ་བྱས་སོང༌།
འོས་མི་དེ་དག་ནི། བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། བཀའ་ཟུར་བློ་བཟང་སྙན་གྲགས། བསྟན་འཛིན་བརྩོན་འགྲུས། བཀའ་ཟུར་བཀྲ་ཤིས་དབང་འདུས། ཚོགས་གཙོ་སྤེན་པ་ཚེ་རིང༌། སྒོ་དྲུག་སྐལ་བཟང་ཕུན་ཚོགས། བློ་བཟང་སེང་གེ། བཀའ་བློན་ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། དཔལ་འབྱོར་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ། ཚོགས་གཞོན་རྒྱ་རི་སྒྲོལ་མ་བཅས་རེད། བློ་བཟང་སེང་གེ་ལ་མི་ 12 དང༌། བཀའ་ཟུར་བཀྲ་ཤིས་དབང་འདུས་ལ་མི་ 10 བཅས་ཀྱི་རྒྱབ་སྐྱོར་ཚོགས་ཐོག་དེ་ནས་ཐོབ་སོང༌། གཞན་ཁག་ལ་མི་ 7 ནས་ 1 བར་གྱི་རྒྱབ་སྐྱོར་ཅི་རིགས་ཐོབ་སོང༌བ་བཅས།
བོད་དོན་གླེང་བའི་མ་འོངས་པའི་བཀའ་བློན་ཁྲི་པའི་འོས་མི་དེ་ཚོ་ཁག་གཅིག་ཡག་པོ་འདུག་སྟེ། འོས་བསྡུའི་སྒྲིག་གཞི་ནང་གསལ་ལྟར་ན་ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ། བཀོག་ཟ་རུས་སོང་ཅན་གྱི་མི་སྣ་བཀའ་བློན་ཁྲི་པའི་འོས་ཆོས་ཚང་ཡོད་དམ་ འབུམ་དྲུག་ཅུ་ལ་ཕྱགས་འཚལ་ནས་ནུབ་གླེང་ཕྱོགས་སུ་བསྐྱོད་མཁན་དེ་སུ་རེད་དམ། མི་དེ་ལ་བཀའ་ཁྲི་འོས་ཆོས་ཚང་ངམ། དྲ་གྲོགས་ཚོ་བསམ་བློ་ཡག་པོ་གཏོང་དགོས་བསམ།
དེ་སང་མི་སྣ་ཁ་ཤས་དང་ཚོགས་པ་ག་གེ་མོ་ཡི་བཅའ་ཁྲིམས་ལ་འགྱུར་བ་གཏོང་དགོས་སོགས་བཤད་ཀྱི་ཡོད་དེ་དག་གི་ཅི་ཞིག་བསམ་གྱི་ཡོད་དམ་དྲ་གྲོགས་ཚོ་གཅིག་གསུང་གདའ། བཀའ་བློན་ཁྲི་པ་ལ་ངེས་པར་དུ་ཚང་དགོས་པ་ནི་ བོད་པ་ཚང་གི་སྲོལ་རྒྱུན་གྱི་རིགས་གནས་ལ་འབུར་དུ་ཐོན་པའི་མཁྱེན་རྒྱ་ཡོད་མཁན་དབྱིན་ཡིག་མཁྱེན་མཁན་ཞིག་དགོས། ནུབ་ཕྱོགས་པའི་ཤེས་ཡོན་ཡག་པོ་ཡོད་མཁན་དེ་ཚོ་ད་ལྟའི་སྐབས་ལ་བཀའ་ཁྲིར་མི་འོས་སོ།
དེང་སང་སྤྱི་ཟུར་ཐུབ་བསྟན་བསམ་འགྲུབ་ཀྱི་བཀའ་བློན་ཁྲི་པའི་དྲ་རྒྱའི་སྐོར་ག་རེ་ཆགས་ཡོད་མེད་སུ་ལ་ཤེས་རྟོགས་ཡོད་དམ།
ཁ་སྔོན་དྲ་ཐོག་ནས་ཐུག་འཕྲད་ཞིག་བྱུང་བའི་སྐབས་སུ། དབྱིན་ལན་ལ་འགྲོ་བསྐྱོད་ཆོག་པའི་ཡིག་ཆ་ཁག་ལ་སྒུག་ནས་བསྡད་ཡོད་ཟེར།
བདུན་ཕྲག་གཅིག་གཉིས་ཤིག་གི་སྔོན་ལ་གཞི་ནས་དབྱིན་ལན་དུ་སླེབས་སོང་ཞེས་ཡིག་ཕྲེང་འགའ་ Face book སྒང་ལ་བཞག་འདུག
གཞན། གནས་སྐབས་ལ་དྲ་རྒྱ་དེ་ཁུ་སིམ་སིམ་རེད་འདུག ཁོང་སྒེར་ལ་འབྲེལ་བ་བྱས་ནས་སྐུ་ཉིད་ལ་ལན་ཞིག་ཕུལ་ཐབས་བྱས་ཆོག
དེ་ཙམ་ཞུ།
ཁ་སྔོན་དྲ་ཐོག་ནས་ཐུག་འཕྲད་ཞིག་བྱུང་བའི་སྐབས་སུ། དབྱིན་ལན་ལ་འགྲོ་བསྐྱོད་ཆོག་པའི་ཡིག་ཆ་ཁག་ལ་སྒུག་ནས་བསྡད་ཡོད་ཟེར།
བདུན་ཕྲག་གཅིག་གཉིས་ཤིག་གི་སྔོན་ལ་གཞི་ནས་དབྱིན་ལན་དུ་སླེབས་སོང་ཞེས་ཡིག་ཕྲེང་འགའ་ Face book སྒང་ལ་བཞག་འདུག
གཞན། གནས་སྐབས་ལ་དྲ་རྒྱ་དེ་ཁུ་སིམ་སིམ་རེད་འདུག ཁོང་སྒེར་ལ་འབྲེལ་བ་བྱས་ནས་སྐུ་ཉིད་ལ་ལན་ཞིག་ཕུལ་ཐབས་བྱས་ཆོག
དེ་ཙམ་ཞུ།
བཀའ་བློན་ཁྲི་པའི་དྲ་རྒྱའི་ཐོག་ཕྱིན་དང། ད་སྔ་བློ་བཟང་སེང་གེ་གཅིག་པོ་མ་གཏོགས་སླེབས་མི་འདུག ད་ཁྱེད་རང་གིས་ཐད་ཀར་འདེམས་ཆོག་གི་རེད།