བཀའ་ཁྲིའི་འོས་མི་གསུམ་གྱི་སྐོར་ལ་བགྲོ་གླེང་འཁྲུགས་པོ་གནང་གི་འདུག་པས་སེམས་པ་དགའ་སོང་། ད་བར་གྱི་བཀའ་ཁྲི་དང་འབྲེལ་བའི་རྩོམ་དང་། བགྲོ་གླེང་། དྲ་བརྙན། གསར་འགྱུར་སོགས་ལ་གང་འཚམས་ལྟ་ཁུལ་བྱས་པ་ཡིན། ད་འདི་ལྟར་བལྟས་ཡོང་ན། ཕལ་ཆེ་བ་ཞིག་གིས། ཆ་རྐྱེན་རེ་ཟུང་རེ་ལ་འཇུས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཟེར་བ་འདྲ་དང་། སྐྱོན་རེ་ཟུང་རེ་ལ་བལྟས་ནས། སྐྱོན་བརྗོད་ཚད་མཐོན་པོ་བྱ་གི་འདུག ཡོན་ཏན་ཕྱོགས་རེ་བ་ལ་ལྟོས་ཏེ་བཀའ་ཁྲིར་སླེབས་པ་ཡིན་ན། དེ་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་ལ། ཡང་སྐྱོན་ཆུང་ཙག་རེ་ལ་ལྟོས་ཏེ་བཀའ་ཁྲིའི་རྐུབ་བཀྱག་ཤོར་བ་ཡིན་ན། དེའང་ཕངས་སེམས་སྐྱེ་དགོས་པ་ཞིག་རེད།
དེ་བས། དེ་རིང་དགོང་མོ་འཛིན་གྲྭ་མེད་པའི་གོ་སྐབས་འདི་བཟུང་ནས། རྣམ་པ་ཚོ་དང་མཉམ་གཅིག་ཏུ། བོད་མི་སེར་སྐྱ་ཡོངས་ཀྱི་མདུན་དུ། བཀའ་ཁྲིའི་འོས་མི་གསུམ་གྱི་ཕྱིའི་མགོ་རྐང་ལག་ལྔ་བོ་ཚད་ཅིང་བསྡུར། གཤགས་བཅོས་བྱས་ནས་ནང་གི་དོན་ལྔ་སྣོད་དྲུག་པོ་རེ་རེར་མ་འདྲ་བའི་ཁྱད་པར་ག་རེ་འདུག་མི་མང་ལ་མིག་སྟོན་བྱས་པ་ཡིན་ན། འོས་འདེམས་པ་རྣམས་ལའང་བསམ་བློ་ཞིག་གཏོང་རྒྱུ་མེད་དམ་སྙམ།
ད་ང་ཚོས་གཤགས་བཅོས་ག་རེ་བྱ་དགོས་རེད་ཟེར་ན། ཞིབ་དྲགས་ན། མི་སྐྱོན་མེད་རྒྱ་རྫོང་ནགས་ལ་མེད་པས་བཀའ་ཁྲི་མ་རག་པའི་དཀའ་ངལ། རྩིང་དྲགས་པ་དང་སྦོམ་བཤད་བྱས་བསྡད་ན་འཆང་ས་དང་འཛིན་ས་མེད་པ་ལྟ་བུ་ཞིག་ཏུ་འདུག་པས། ད་བར་ཚང་མས་རྗོད་བཞིན་པ་ལས། བཀའ་ཁྲིའི་ཆ་རྐྱེན་གཙོ་བོ་བརྒྱད་ལོགས་སུ་བཏོན་ཏེ་དེའི་ཐོག་ནས་ཁོང་ཚོ་གསུམ་ལ་ཚད་འདེབས་དང་གཤགས་བཅོས་བྱས་ན་བཟང་སྙམ། དེ་དག་ནི། ༡ ཤེས་ཡོན་གྱི་སྤྱན་མིག་སུ་ཆེ ༢ འཇོན་ཐང་གི་རྐང་པ་སུ་རིང་། ༣ ཉམས་མྱོང་གི་ལག་པ་སུ་ཆེ། ༤ ལྷག་བསམ་གྱི་སྙིང་ག་སུ་བསིལ། ༥ མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པའི་ལུས་སྟོབས་སུ་བཟང་། ༦ གསར་བཏོད་ཀྱི་སྤོབས་པ་སུ་ཆེ། ༧ ཁ་སང་དེ་རིང་སྤེལ་བཞིན་པའི་བཀའ་ཁྲིའི་ལས་འགུལ་གྱི་སྙིང་གི་འཕར་ཚད་སུ་སྙོམས། ༨ འབྱུང་འགྱུར་ཡོང་སྲིད་པའི་རྙོག་དྲའི་ན་ཚ་ཡོད་མེད་བཅས་ལ། ཁོང་ཚོ་གསུམ་ཆ་མཉམ་གཅིག་ཏུ་གཤགས་བཅོས་བྱས་ནས་བལྟས་ན་ག་འདྲ་འདུག
གོང་གི་དོན་ཚན་བརྒྱད་པོའི་སྐོར་རེ་རེ་བྱས་ནས་ཁོང་ཚོ་བསྡུར་ཅིང་དཔྱད་པར་བྱ། དོན་ཚན་རེ་རེ་བཞིན་བགྲོ་གླེང་གི་ཆ་ཤས་གང་ཐུབ་ཀྱིས་ལེན་གི་ཡིན།
དང་པོ་ཁོང་ཚོ་གསུམ་གྱི་ཤེས་ཡོན་གྱི་སྐོར་གླེང་བར་བྱ། དེ་ཡང་སྦོམ་བཤད་མིན་པར། ཆེད་ལས་ཅི་ཡིན། འཛིན་སྐྱོང་གི་སློབ་སྦྱོང་ཡོད་མེད། ཉམས་མྱོང་ལས་ཐོབ་པའི་ཤེས་ཡོན། བཀའ་ཁྲིའི་ལས་འགན་དང་འབྲེལ་བའི་ཤེས་ཡོན། ལག་ཁྱེར་གྱི་མཐོ་དམན་སོགས་ཞིབ་ཙམ་བྱས་ནས་གླེང་རོགས།
ད་མཆན་བུ་འགོད་མིང་པས་གཤགས་བཅོས་ལ་ལན་ཞིག་བྲིས་བར་བྱ་བར་ཐོག་མར། ཤེས་ཡོན་ནི་གཞལ་དུ་མེད་པའི་རང་བཞིན་ཅན་ཞིག་ཡིན་པར་བརྟེན་སྐབས་འགར་ཆུང་བྱིས་པ་ཞིག་གི་བསམ་བློ་དེ་སྙན་གྲགས་ཅན་གྱི་མཁས་པ་ཞིག་གི་མནོ་བསམ་ལས་ལེགས་པ་དང་། སྐབས་འགར་ཡིག་རྨོངས་མི་ཚེའི་མཉམ་མྱོང་ཅན་ཞིག་གི་མདུན་དུ་ཤེས་ཡོན་ཅན་ངོ་མནོང་དགོད་པ་ཞིག་ཀྱང་ཡོང་བཞིན་ཡོད། ཅི་སྟེ་ལག་འཁྱེར་ལ་ཚད་གཞལ་བ་ཡིན་ན་དེ་ནི་བྱབ་ཆུང་ཞིག་ཡིན་པ་དང་། ད་ལྟའི་ང་ཚོའི་མཐོང་ཆོས་སུ་ཡོད་པའི་ཤེས་ཡོན་ཅན་ཁེངས་དྲེགས་ཅན་དེ་ཚོ་སྐབས་འགར་རང་ཚུགས་མ་ཟིན་པ་དེ་འདྲ་ཡང་ཡོད་པའི་ལག་འཁྱེར་དང་ཤེས་ཡོན་གཅིག་པུའི་བོད་མི་ས་ཡ་ ༦ མ་འོངས་བདེ་དོན་སྒྲུབ་རེ་དཀའ་བ་ཡིན། དེར་བརྟེན་ལས་ཀའི་མཉམ་མྱོང་དང་། ལྷག་བསམ་ནི་གཡོ་བ་མེད་པ་རི་རབ་ལྷུན་པོ་ལྟ་བུ་ཞིག་དགོས་གལ་ལ་བརྟེན་ཁྱེད་ཀྱི་འདིར་མི་མངོན་པའི་བློ་སེང་གི་བུ་རམ་པའི་ལག་ཁྱེར་དེ་འཆར་ཆེད་ཤེས་ཡོན་དེ་འཇོག་འདུག་པ་དེ་མི་འོས།
ད་མཆན་བུ་འགོད་མིང་པས་གཤགས་བཅོས་ལ་ལན་ཞིག་བྲིས་བར་བྱ་བར་ཐོག་མར། ཤེས་ཡོན་ནི་གཞལ་དུ་མེད་པའི་རང་བཞིན་ཅན་ཞིག་ཡིན་པར་བརྟེན་སྐབས་འགར་ཆུང་བྱིས་པ་ཞིག་གི་བསམ་བློ་དེ་སྙན་གྲགས་ཅན་གྱི་མཁས་པ་ཞིག་གི་མནོ་བསམ་ལས་ལེགས་པ་དང་། སྐབས་འགར་ཡིག་རྨོངས་མི་ཚེའི་མཉམ་མྱོང་ཅན་ཞིག་གི་མདུན་དུ་ཤེས་ཡོན་ཅན་ངོ་མནོང་དགོད་པ་ཞིག་ཀྱང་ཡོང་བཞིན་ཡོད། ཅི་སྟེ་ལག་འཁྱེར་ལ་ཚད་གཞལ་བ་ཡིན་ན་དེ་ནི་བྱབ་ཆུང་ཞིག་ཡིན་པ་དང་། ད་ལྟའི་ང་ཚོའི་མཐོང་ཆོས་སུ་ཡོད་པའི་ཤེས་ཡོན་ཅན་ཁེངས་དྲེགས་ཅན་དེ་ཚོ་སྐབས་འགར་རང་ཚུགས་མ་ཟིན་པ་དེ་འདྲ་ཡང་ཡོད་པའི་ལག་འཁྱེར་དང་ཤེས་ཡོན་གཅིག་པུའི་བོད་མི་ས་ཡ་ ༦ མ་འོངས་བདེ་དོན་སྒྲུབ་རེ་དཀའ་བ་ཡིན། དེར་བརྟེན་ལས་ཀའི་མཉམ་མྱོང་དང་། ལྷག་བསམ་ནི་གཡོ་བ་མེད་པ་རི་རབ་ལྷུན་པོ་ལྟ་བུ་ཞིག་དགོས་གལ་ལ་བརྟེན་ཁྱེད་ཀྱི་འདིར་མི་མངོན་པའི་བློ་སེང་གི་བུ་རམ་པའི་ལག་ཁྱེར་དེ་འཆར་ཆེད་ཤེས་ཡོན་དེ་འཇོག་འདུག་པ་དེ་མི་འོས།
ཡ་ད། དེ་རིང་གི་དུས་ཚོད་ཚང་མ་བཀའ་ཁྲི་གསུམ་གྱི་གཤགས་བཅོས་ལ་གཏོང་གི་ཡིན། གཤགས་བྱེད་ནི། བཤའ་གྲི་མིན་པར་རང་གི་མདའ་མོ་དེ་རང་བྱེད་སྤྱོད་གཏོང་རྒྱུ་ཡིན་པས། གཤགས་བཅོས་གནད་ལ་ཁེལ་བ་ཞིག་བྱེད་ཐུབ་མིན་ཤེས་དཀའ། དེ་བས་རྣམ་པ་ཚོའི་ངོས་ནས་ཀྱང་། ཡོ་སོང་བ་དང་འཁྱོག་སོང་བ། གཤགས་སྟངས་འགྲིགས་མ་སོང་བསམ་བསམ་ཡོད་ཚེ་ངེས་པར་རྒྱབ་སྐྱོར་གནང་རོགས།
གཤམ་དུ་གོང་གསལ་དོན་ཚན་བརྒྱད་པོ་རེ་རེ་བཞིན་དུ། མཐའ་དཔྱོང་ཆུང་ངུ་རེ་བཞག་ནས། སྐར་མའང་ལྔ་ལས་མ་མང་བ་རེ་སྤྲད་ནས་འགྲོ་གི་ཡིན། དེ་ཡིན་ན། ཁྱོན་སྡོམ་སྐར་མ་༤༠ ཡོད་པ་རེད། ད་ཕྱོགས་ཞེན་བྱས་སོང་ཟེར་ནའང་ཚང་མའི་མདུན་ཡིན་ལ། བདེན་པ་རེད་ཟེར་ནའང་། ཚང་མའི་མདུན་ཡིན། མཐའ་མཇུག ཚང་མའི་བསམ་ཚུལ་ལ་ཡག་པོར་བལྟས་ནས། བསམ་ཚུལ་དེ་དངོས་གནས་བདེན་པ་རེད་བསམ་ན། ངས་སྤྲད་ཟིན་པའི་སྐར་གྲངས་ལ་འགྱུར་བ་ཡང་གཏོང་སྲིད། ངས་སྐར་གྲངས་སྤྲད་པར་ང་རང་ཉིད་ལའང་བརྒྱ་ཆ་བརྒྱ་གདེང་ཚོད་མེད། རྒྱུ་མཚན་ནི། ངས་བཀའ་ཁྲི་གསུམ་གྱི་སྐོར། ད་བར་གང་ཞིག་ཤེས་པ་དེ་དང་། མཐོང་བ། དེ་ལས་བྱུང་བའི་ཚོར་བ་བཅས་ལ་བརྟེན་ནས་འགྲོ་གི་ཡོད་པས་ཡིན། ད་རུང་། ངས་མ་ཤེས། མ་མཐོང་བའི་ཆ་མང་པོ་ཡོད་རྒྱུ་རེད། གཤགས་བཅོས་བྱེད་པར་ཁྱེད་ཚོ་རོགས་པ་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།
ང་ལ་གདེང་ཚོད་ཡག་པོ་ཞིག་མེད་ནའང་། འདི་ལྟར་ཨུ་ཚུགས་རྒྱག་དགོས་དོན་ནི། ཆ་རྐྱེན་གཙོ་བོ་མང་པོ་ཞིག་གི་ཐོག་ནས་བཀའ་ཁྲི་གསུམ་ཆ་བསྡུར་ནས་བལྟ་དགོས་པ་དེ་གལ་ཆེན་པོར་མཐོང་གི་ཡོད་པས་ཡིན། འདི་ནི། ང་རང་གི་སེམས་ནས་བཀའ་ཁྲི་འཚོལ་སྟངས་ཡག་ཤོས་དེ་ཡིན་བསམ་གྱི་ཡོད།
ད་འདི་ནས་མར་མཆན་སྒམ་རེ་རེའི་ནང་དོན་ཚན་རེ་རེ་བྱས་ནས་གླེང་གི་ཡིན་པས། དེ་ལ་སྐྱོན་སེལ་མུ་མཐུད་དུ་བྱེད་རོགས།
རྒན་མདའ་ཚན་པ་ལགས། བཀྲིས་བདེ་ལེགས་ཁྱེད་ཀྱིས་གནང་སྟངས་འདི་ཧ་ཅང་འོས་པོ་ཞིག་འདུག འདིར་ད་སྐབས་བཤད་བཞིན་པའི་འཇིག་རྟེན་བལྟ་ཚུལ་ཟེར་བ་འདི་འཇོག་འོས་མིན་ག་འདྲ་འདུག་དགོངས་པ་ཞིག་བཞེས་རོགས།
༡ ཤེས་ཡོན་གྱི་སྤྱན་མིག་སུ་ཆེ
ལར་ནས་ལག་ཡོད་མེད་ཀྱིས་ཤེས་ཡོན་གྱི་ཚད་འཇལ་མི་ཐུབ་མོད། ཤེས་ཡོན་ནི་བློ་སེང་ཆེ་མདོག་རེད། ཁོང་ལ་བོད་རིགས་ཀྱི་ནང་ནས་རེ་གཉིས་ལས་མེད་པའི་ལག་འཁྱེར་དེ་ཡོད། བཀྲིས་དབང་གཉིས་པ། བཀྲིས་མཐོང་གསུམ་པར་ཞོགས། རྒྱུ་མཚན་ནི་བཀྲིས་དབང་གིས་སློབ་གྲྭ་ཐོན་པ་དང་གཞུང་ཞབས་སུ་ཞུགས་ནས་མཐོ་སློབ་འགྲིམ་མེད་པས་ཡིན། འོན་ཀྱང་འདི་ལ་ཁྱབ་པ་ག་ལ་ཡོད།
༢ འཇོན་ཐང་གི་རྐང་པ་སུ་རིང་།
འཇོན་ཐང་ནི་འདྲ་མཉམ་མིན་ནམ། ཡང་ན་བཀྲིས་དབང་གཉིས་པ་མིན་ནམ། བློ་སེང་གིས་རང་འགུལ་གྱིས་ད་བར་ལས་ཀ་གནང་སྟངས་ལ་བལྟས་ན་ཁོང་ལ་ཡང་མཇོན་པོ་ཞིག་གི་ཚུགས་འདུག
༣ ཉམས་མྱོང་གི་ལག་པ་སུ་ཆེ། བཀྲིས་དབང་དང་བཀྲིས་མཐོང་ལ་བློ་སེང་གིས་མི་འགྲན་ཞིང་། དེ་ལས་ཀྱང་བཀྲས་མཐོང་ཆེ་མདོག
༤ ལྷག་བསམ་གྱི་སྙིང་ག་སུ་བསིལ།
འདིར་ཁོ་བོས་བཀྲིས་དབང་སྔོན་དུ་འཇོག་འདོད། རྒྱུ་མཚན་ནི་ཆེར་མི་འདུག བཀྲས་མཐོང་མི་འཇོག་པ་ནི་ཁོང་གིས་ནང་མིའི་ཆེད་དུ་བཀའ་ཁྲིའི་ལས་དཀྱིལ་ནས་གཡུག་པ་དེ་ཡིན།
༥ མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པའི་ལུས་སྟོབས་སུ་བཟང་།
རང་ཁུལ་དངས་བླངས་ཀྱིས་རྒྱ་མི་རིགས་དང་ལྷན་དུ་ཚོགས་འདུ་གོ་སྒྲིག་བྱས་པ་ལ་བལྟས་ན་བློ་སེང་འདི་ལ་འཛིན་སྐྱོང་གི་ནུས་སྟོབས་ཤིག་ཡོད་རྟགས་མིན་ནམ་སྙམ། ཁང་གསར་གྱིས་གསུང་སྟངས་ལྟར་ན་བཀྲས་མཐོང་གསུམ་པར་འཇོག་དགོས་པར་འདུག མ་གཞི་བཀྲིས་དབང་ཡང་འཛིན་སྐྱོང་བ་ཞིག་གི་ཚུགས་ཀ་ཉུང་བ་ལྟར་མཐོང་།
༦ གསར་བཏོད་ཀྱི་སྤོབས་པ་སུ་ཆེ།
འདི་ལ་བློ་སེང་ལ་འགྲན་ས་མེད། ད་བར་དུ་ཁོང་གིས་གང་བྱས་པ་འདི་ཁོ་ན་གསར་གཏོད་དུ་གྱུར་ཡོད། གལ་སྲིད་བཀའ་ཁྲིར་མ་ཐོབ་རུང་ཁོང་གིས་བོད་ཀྱི་དམངས་གཙོའི་འཕེལ་རིམ་ལ་བྱས་རྗེས་བླ་ན་མེད་པ་ཞིག་བཞག་ཟིན་ཡོད། དེ་ནི་ཁོང་གི་གསར་གཏོད་ཀྱི་ནུས་པ་དེ་ཡིན། གཉིས་པ་བཀྲས་མཐོང་དང་གསུམ་པ་བཀྲིས་དབང་ཡིན། རྒྱུ་མཚན་ནི་བཀྲས་མཐོང་གིས་ཤེས་བྱ་དུས་དེབ་གསར་འདོན་བྱས་པ་སོགས་གསར་གཏོད་ཀྱི་ལས་ཀ་སྟོན་རྒྱུ་འདུག
༧ ཁ་སང་དེ་རིང་སྤེལ་བཞིན་པའི་བཀའ་ཁྲིའི་ལས་འགུལ་གྱི་སྙིང་གི་འཕར་ཚད་སུ་སྙོམས།
འདིའི་དོན་དག་གསལ་བོར་ཤེས་མ་སོང་།
༨ འབྱུང་འགྱུར་ཡོང་སྲིད་པའི་རྙོག་དྲའི་ན་ཚ་ཡོད་མེད་།
འདི་ནི་སྲིད་མཐའ་ཙམ་ཡིན་ན་ཡང་བཀྲིས་མཐོང་ལ་སྔར་རྙོག་དྲ་བསླངས་བའི་སྲི་ཞིག་ཡོད་པ་དང་། བློ་སེང་ལ་ལུང་ཚན་གྱི་རྙོག་དྲ་དེ་འདྲ་ཡོང་འདྲ་ཨེ་སྲིད། དེས་ན་བཀྲིས་དབང་ཨང་དང་པོར་གྱུར་།
“ལག་ཡོད་མེད”་ ཅེས་པ་ “ལག་འཁྱེར་ཡོད་མེད”་ ཅེས་པར་བཅོས་རོགས།
དེ་རྗེས་ “རྒྱུ་མཚན་ནི་ཆེར་མི་འདུག”་ཅེས་པ་ “རྒྱུ་མཚན་གསལ་ཐག་ཆོད་འཇོག་རྒྱུ་ནི་ཆེད་མི་འདུག་མོད།” ཅེས་པར་བཅོས་རོགས།
གཅིག ཤེས་ཡོན་གྱི་སྐོར།
ང་ཚོས་རྟག་པར། བཀའ་སྤྱི་གཉིས་དང་། ཚོགས་སྒེར་གྱི་ཚོགས་གཙོ་ཞིག་འདེམས་ནའང་། ཤེས་འཇོན་གཉིས་ལྡན་ཟེར་ནས་ད་བར་བཤད་ཡོང་བ་རེད། དངོས་སུའང་། ཤེས་ཡོན་དེ་བཀའ་ཁྲིའི་ཆ་རྐྱེན་གལ་ཆེན་པོ་དུ་མ་ཞིག་ཡོད་པའི་ནང་གི་གཅིག་ཡིན་ད་ཡིན། ཡང་བསམ་བློ་རེ་བཏང་ན། ཤེས་ཡོན་ཤེས་ཡོན་ཟེར་ནས་ཤེས་ཡོན་གཅིག་པོའི་ཆ་རྐྱེན་གཅིག་པོ་དྲངས་བསྡད་པ་ཡིན་ནའང་དེ་ཕྱོགས་སུ་ལྷུངས་པ་ཞིག་རེད་འདོད། དེར་མ་ཟད། ཤེས་ཡོན་ཟེར་བ་འདི་ཚིག་སྤྱི་བམ་པ་ཞིག་རེད། བཀའ་ཁྲིའི་ཆ་རྐྱེན་གྱི་ཤེས་ཡོན་ཟེར་བ་འདི། ཤེས་ཡོན་ག་འདྲ་ཞིག་དགོས་པ་རེད། ཆེད་ལས་ག་འདྲ་ཞིག་དགོས་པ་རེད། ཤེས་ཡོན་འདི་ལ་སྤྱི་བམ་གྱིས་མ་བལྟས་པར། ཞིབ་ཚགས་ཙམ་བྱས་ནས་བལྟ་དགོས་ཀྱི་འདུག
བཀའ་ཁྲིའི་ཆ་རྐྱེན་གྱི་ཤེས་ཡོན་ནི། འཛིན་སྐྱོང་གི་སློབ་སྦྱོང་ཡོད་ན་དེ་ལེགས་པའི་ཆ་རྐྱེན་ཞིག་རེད། དེར་མ་ཟད། མ་མཐའ་ཡང་སློབ་གྲྭ་ཆེན་མོ་ཐོན་པ་ཞིག་ངེས་པར་དགོས་པར་འདོད།
བཀའ་ཁྲི་གསུམ་ལ་ཤེས་ཡོན་གྱི་ཐོག་ནས་བལྟ་གི་ཡིན་ཟེར་ན། ཕལ་ཆེར་མི་ཚང་མའི་སེམས་ལ་བློ་སེང་ཤར་ཡོང་གི་རེད། དེ་ཡིན་ད་ཡིན། ཁོང་འབུམ་རམས་པ་ཐོན་པ་རེད། ཆེད་ལས་ཁྲིམས་རེད། དེ་ཡང་བཀའ་ཁྲིའི་ལས་གནས་དང་འབྲེལ་བ་ཡོད་པ་ཞིག་རེད་བསམས།
ད་བསྟན་རྣམ་དང་བཀྲ་དབང་གཉིས་ཀྱང་། བཀའ་ཁྲིར་འདུག་པར་ཤེས་ཡོན་གྱིས་མ་འདང་བ་དེ་འདྲ་མ་རེད། ཁོང་གཉིས་ཀྱང་སྐུ་ཡོན་ཆེན་པོ་རེད། དམིགས་བསལ་དུ། ཉམས་མྱོང་རང་གི་ཐོག་ནས་འཛིན་སྐྱོང་དང་འབྲེལ་བའི་ཤེས་ཡོན་མང་པོ་ཞིག་ཐོབ་ཡོད་པ་རེད། དེ་དངོས་གནས། སློབ་གྲྭའི་ལག་ཁྱེར་ཞིག་ལ་བསྡུར་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཡོད་པ་དེ་འདྲ་རེད།
ད་འདི་ནས་ངས་སྐར་མ་སྤྲད་ཀྱི་ཡིན། སྐར་མ་གང་ལྟར་སྤྲད་དགོས་པ་རེད། གཅིག་ནི་འབུམ་རམས་པ་དང་། གཞན་གཉིས་ནི། སློབ་གྲྭ་ཆེན་མོ་བ། དེའི་ཐོག་ལག་ལེན་དང་ཉམས་མྱོང་ཐོག་ནས་ཐོབ་པའི་ཤེས་བྱ་འབེལ་བོ་རེད། དེ་ལ་བལྟས་ཡོང་ན། ཤེས་ཡོན་ཐོག་ལའང་ཁོང་གཉིས་ལ་སྐར་གྲངས་མང་ང་སྤྲད་དགོས་ནི་མིན་འགྲོ་བསམ་བསམ་ཡོང་གི་འདུག
བསམ་བློ་བཏང་ན། ཉམས་མྱོང་ལས་ཐོབ་པའི་ཤེས་ཡོན་དེ་ཉམས་མྱོང་ནང་ལ་འགྲོ་གི་རེད། དེ་ལ་ཉམས་མྱོང་ལ་སྐར་མ་སྤྲད་སྐབས་ཁེ་བཟང་ཡོད་པ་ཞིག་རེད།
སྤྱིར་བཏང་གི་ཤེས་ཡོན་ཐོག། ཉམས་མྱོང་ལས་ཐོབ་པའི་ཤེས་ཡོན་ལ་ལྟོས་ཏེ་རྣམ་བཀྲ་གཉིས་ལ། སྐར་གྲངས་མང་ང་སྤྲད་པ་ཡིན་ན། ཤེས་ཡོན་ལ་སྐར་མ་སྤྲད་སྐབས་འབུམ་རམས་པ་ཞིག་གི་སྐར་གྲངས་མཇའ་མ་ཆགས་པ་ཡིན་ན། དེ ་ངོ་མ་དྲང་མོ་ཞིག་མ་རེད་འདོད། དེ་ཡིན་ན། མཐའ་མཇུག ལག་ཁྱེར་ལ་བལྟས་ཏེ་བློ་སེང་ལ་སྐར་མ་མང་ང་སྤྲད་དགོས་ཆགས་སོང་། ལྷག་པར་དུ། ཁོང་གི་ཆེད་སྦྱོང་ཁྲིམས་ལུགས་དེ་ཡང་བཀའ་ཁྲིའི་ལས་གནས་དང་འབྲེལ་བ་ཡོད་པ་ཞིག་རེད་འདོད། བསྟན་བཀྲ་གཉིས་ལ་གཅིག་པ་སྤྲད་ཡོད། ཁོང་གཉིས་ཀྱི་ཤེས་ཡོན་སློབ་སྦྱོང་སྐོར་ཞིབ་ཚགས་པོ་ཤེས་ཀྱི་མེད། རྗེས་ནས་ཤེས་མཁན་ཚོའི་སྐད་ཆར་བལྟས་ནས་འགྱུར་བ་གཏོང་གི་ཡིན།
བློ་སེང་ལ་སྐར་གྲངས་ ༤་༨
བསྟན་རྣམ། ༤
བཀྲ་དབང་། ༤
འཇམ་དཔལ་ཚུལ་ཁྲིམས་ཀྱི་དགོངས་ཚུལ་དེ་ཡག་པོ་འདུག དོན་ཚན་ཕལ་ཆེ་བ་ཞིག་འུ་གཉིས་ཀྱི་ལྟ་སྟངས་གཅིག་པ་རེད། མི་ཚང་མའི་བསམ་ཚུལ་བལྟས་ནས་རྗེས་སུ་སྐར་གྲངས་ལ་འགྱུར་བ་གཏོང་གི་ཡིན། གོང་གསལ་གྱི་ངས་སྤྲད་པའི་ཤེས་ཡོན་གྱི་སྐར་གྲངས་ལ རྣམ་བཀྲ་གཉིས་ལ་གཅིག་པ་སྤྲད་པ་དེ་ཅུང་རྩང་དྲགས་འདུག
ད་ཁྱེད་ཚོས་གླེན་བཤད་རྒྱག་གི་མ་འདུག
གཉིས་པ། འཇོན་ཐང་གི་སྐོར།
ད་འཇོན་ཐང་གི་སྐོར་དེ། འཇོན་ཐང་ནི་བཀའ་ཁྲིའི་ཆ་རྐྱེན་གཙོ་བོའི་ནང་གི་གཙོ་བོ་ཞིག་རེད། གོང་དུ་འཇམ་དཔལ་ཚུལ་ཁྲིམས་ཀྱིས་བཤད་པ་ལྟར། ཁོང་ཚོ་གསུམ་ཆར་འཇོན་ཐང་ཡོད་པ་རེད། བཀའ་ཁྲིའི་ཆ་རྐྱེན་དུ་མ་ཞིག་ཁོང་ཚོ་གསུམ་གྱི་སྟེང་ཡོད་པ་རེད། འདིར་བསྡུར་བ་བྱེད་དགོས་པའི་རྒྱུ་མཚན་ཡང་དེ་རེད། འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་ཟུར་དུ་འདོན་པའི་ཆེད་རེད།
འཇོན་ཐང་ལ་བལྟ་ན། ཁོང་ཚོ་གསུམ་གྱིས་ད་བར་གནང་དང་གནང་མུས་ཀྱི་ཕྱག་ལས་དང་། དེའི་གྲུབ་འབྲས་ལ་བལྟས་ནས་བཤད་དགོས་པར་འདོད། བསྟན་འཛིན་རྣམ་རྒྱལ་གྱིས་ད་བར་འཇོན་པའི་བྱ་བ་འདི་དང་འདི་རེད་ཟེར་ནས་མང་པོ་ཞིག་ད་ལྟ་དངོས་སུ་མིག་ལ་མཐོང་རྒྱུ་དང་བརྗོད་རྒྱུ་ཡོད་པ་ལྟར་རེད། བཀྲ་ཤིས་དབང་འདུས་ཀྱང་། ད་བར་བོད་གཞུང་གི་སྒྲིགས་འཛུགས་ཁོང་ནས་ཕྱག་ལས་གནང་ཞིང་། དེ་ཡང་གནད་འགག་ཆེ་ས་རྐྱང་ལ་བཀོད་སྒྲིག་བྱས་ཡོང་བ་འདིའི་ཐོག་ནས་ཁོང་ལ་འཇོན་ཐང་ཞིག་ཡོད་པ་དེ་སྟོན་གྱི་ཡོད་པ་རེད། ཡིན་ནའང་། བཀྲ་དབང་གི་འཇོན་ཐང་དང་གྲུབ་འབྲས་འདི་རེད་ཟེར་བ་ཞིག་དམིགས་བསལ་མཐོང་རྒྱུ་མེད་པ་དེ་འང་བདེན་པ་འདྲ་ཞིག་འདུག བཀྲས་མཐོང་དང་བཀྲ་དབང་གཉིས་ལ། བློ་སེང་ལོ་ན་ཆུང་ཞིང་ད་བར་ཕྱག་ལས་མང་པོ་གནང་བའི་གོ་སྐབས་མ་ཤར་བས་འདི་འཇོན་པ་རེད་ཟེར་བ་ཞིག་སྟོན་རྒྱུ་མེད་པ་ལྟ་བུ་ཞིག་རེད་འདུག་ཀྱང་། རྦད་དེ་དེ་ལྟར་བཤད་ན་དེ་ཡང་ནོར་བ་རེད། ཁོང་གི་བཀའ་ཁྲིའི་སྔོན་འགྲོའི་ལས་འགུལ་དེ་ཚ་ཚ་འུར་གྱིས་སྤེལ་ཐུབ་པ་དང་། རྒྱ་བོད་བར་གྱི་བགྲོ་གླེང་གི་ཚོགས་འདུ་བསྡུས་པ་དེ་ཚོའང་འཇོན་ཐང་མ་རེད་ཟེར་ཅི་ལ་ཐུབ། རྒྱ་ནག་ཕྱོགས་ནས་ཁོང་ལ་མགྲོན་ཤོག་བཏང་བ་དེའང་ཁོང་གི་ཐོག་ན། རྒྱ་ནག་གི་མཁས་པ་ཚོ་ཡིད་འགུགས་ཐུབ་པའི་ཡོན་ཏན། ཡང་ན། ནུས་པའམ་འཇོན་ཐང་ཞིག་ཡོད་པའི་རྟགས་ལོས་ཡིན།
ད་འདིར་ངས་སྐར་མ་སྤྲད་ཀྱི་ཡིན།
བསྟན་འཛིན་རྣམ་རྒྱལ། སྐར་གྲངས་ ༤་༨
བློ་སེང་། ༤་༥
བཀྲ་དབང་། ༤་༤
མཁས་པ་ཚོས་མཁས་བཤད་མ་བྱས་ནས། གླེན་པ་ཚོས་གླེན་བཤད་བྱེད་དགོས་བྱུང་རེད།
གསུམ། ལྷག་བསམ།
འགའ་རེས་བཤད་ན། ལྷག་བསམ་དང་སེམས་ཤུགས་ལ་མཐོང་རྒྱུ་ཡོད་པ་མ་རེད་ཟེར། ངས་བལྟས་ན། ལྷག་བསམ་དང་སེམས་ཤུགས་ལ་མཐོང་རྒྱུ་ཡོད་པ་རེད། ལྷག་བསམ་དེ་ག་འདྲ་བྱས་མཐོང་རྒྱུ་ཡོད་པ་རེད་ཟེར་ན། དེ་ནི་ཁྱེད་ཀྱི་མི་ཚེའི་ནང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཅི་ཞིག་གནང་བ་དང་། ཇི་ལྟར་གནང་བ་དེ་ལ་བལྟས་ན་མཐོང་ཐུབ་པ་ཞིག་རེད།
འདི་ནི་གོང་དུ་འཇམ་ཚུལ་གྱིས་བཤད་པ་དེར་མོས་མཐུན་ཡོད། ལྷག་བསམ་ལ་བཀྲ་ཤིས་དབང་འདུས་ཨང་དང་པོར་འཇོག་གི་ཡིན། ཁོང་ནས་བོད་གཞུང་རང་ལ་ལོ་བཞི་བཅུར་ཞབས་ཞུ་ཞུས་པ་དེ་ལྷག་བསམ་རེད། ཆེ་ཚད་གྲགས་ཚད་ཚང་མས་རང་ལམ་སྙེགས་འགྲོ་བའི་སྐབས་འདིར། བོད་གཞུང་རང་དུ་རྡོ་བཙུགས་པ་བཞིན། ༧རྒྱལ་དབང་རིན་པོ་ཆེ་དང་བོད་གཞུང་འབངས་གཉིས་ལ་ཞབས་ཞུ་ཞུས་བསྡད་པ་དེ་ལྷག་བསམ་ལོས་ཡིན་སྙམ།
དེ་ནས་བསྟན་འཛིན་རྣམ་རྒྱལ་གྱིས་ཀྱང་ལོ་མང་རིང་བོད་གཞུང་ལ་ཞབས་ཞུ་ཞུས་པ་མ་ཟད་བོད་གཞུང་ནས་དགོངས་པ་ཞུས་པའི་རྗེས་སུ། ད་རུང་མུ་མཐུད་དུ་བོད་དོན་གྱི་ཆེད་སྒྲིག་འཛུགས་གལ་ཆེན་འཛུགས་པ་སོགས་བོད་དོན་ཆེད་ཕྱག་ལས་མུ་མཐུད་གནང་བ་འདི་ཡང་ལྷག་བསམ་རེད། བློ་བཟང་སེང་གེ་ཡང་། སློབ་སྦྱོང་ཚར་རྗེས་ཕར་རྒྱ་གར་དུ་མ་ལོག་ཡང་། བོད་གཞུང་ལ་དགོངས་སྐོར་ཞུས་ནས་རྒྱ་བོད་མཁས་པའི་བགྲོ་གླེང་རིམ་པ་བསྡུས་པ་འདི་ཚོའང་ལྷག་བསམ་རེད།
ད་ལྷག་བསམ་དང་ལྷག་བསམ་བསྡུར་ནས་དེ་ལ་དབྱེ་བ་ཞིག་བྱེད་དགོས་ན། བོད་གཞུང་མང་ལ་ཞབས་ཞུ་ཞུས་པའི་ལོའི་མང་ཉུང་དང་། དེ་ཡང་བཟང་ན་ངན་ན། འགྱུར་བ་མེད་པར་གཞི་གཅིག་ཏུ་བསྡད་ནས་ཞབས་ཞུ་ཞུས་པ་དེ་ལ་བལྟ་དགོས་པ་འདྲ།
བཀྲ་ཤིས་དབང་འདུས། སྐར་གྲངས ༥
བསྟན་འཛིན་རྣམ་རྒྱལ། ༤
བློ་བཟང་སེང་གེ ༣་༥
བཞི་བ། ཉམས་མྱོང་།
ལས་ཀ་ཆེ་མ་ཆུང་གསུམ་གང་འདྲ་ཞིག་ཡིན་ཡང་། ཉམས་མྱོང་མེད་མཁན་ཞིག་དང་ཉམས་མྱོང་ཡོད་མཁན་ཞིག་གཉིས་བསྡུར་བ་ཡིན་ན་གནམ་དང་ས་ཡི་ཁྱད་པར་ཡོད་པ་རེད་འདོད། ནུབ་ཕྱོགས་སུ། ཚོང་སྡེ་དང་ཚོགས་པ་གང་འདྲ་ཞིག་གི་མགོ་ཁྲིད་དང་། སྤྱིར་བཏང་གི་ལས་ཀ་ཆུང་ཙག་ག་འདྲ་ཞིག་ཡིན་ནའང་། ཉམས་མྱོང་ཡོད་མེད་དེ་ཆ་རྐྱེན་ཨང་དང་པོར་འཇོག་གི་འདུག དེ་ཡིན་ན། བཀའ་ཁྲིའི་ཆ་རྐྱེན་ལ་ཉམས་མྱོང་དགོས་པ་དེ་བཤད་མ་དགོས་པ་ཞིག་རེད།
ད་ཁོང་ཚོ་གསུམ་གྱི་ཉམས་མྱོང་བཤད་དགོས་བྱུང་ན། བཀྲས་བཀྲ་གཉིས་ལ་བསྡུར་ན་བློ་སེང་གི་ཉམས་མྱོང་དེ་ཕལ་ཆེར་གླེང་རིན་མེད་པ་ལྟ་བུ་ཞིག་རེད། དེ་བས་འདིར་བཀྲས་བཀྲ་གཉིས་ཀྱི་ཉམས་མྱོང་བསྡུར་གྱི་ཡིན། ཁོང་གཉིས་ལ་ལོ་མང་པོའི་ཉམས་མྱོང་ཡོད་པའི་ཆ་ནས་གཅིག་པ་ལྟ་བུ་ཞིག་རེད། ཅུང་ཟད་མར་ཟབ་ཏུ་ཕྱིན་པ་ཡིན་ན། བཀྲས་མཐོང་གིས་བོད་གཞུང་གི་འཛིན་སྐྱོང་ལས་ཁུངས་ཁ་ཤས་ནང་ཉམས་མྱོང་བསགས་ཡོད་པ་རེད་བསམས། དེ་མིན། ད་རུང་ཐལ་བ་ཞིག་ལ། ནུབ་ཕྱོགས་ཀྱི་བོད་དོན་སྒྲིགས་འཛུགས་ཁག་ཏུའང་ཉམས་མྱོང་བསགས་ཡོད་པས་བཀྲ་དབང་ལས་ཉམས་མྱོང་མང་ང་ཐོབ་ཡོད་པར་འདོད།
བཀྲས་མཐོང་ལ་སྐར་གྲངས། ༤་༥
བཀྲ་དབང་། ༤
བློ་སེང་། ༣
ལྔ། མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པ།
གོང་གསལ་བཀའ་ཁྲིའི་ཆ་རྐྱེན་འདི་ཚོ་གཅིག་ལས་གཅིག་གལ་ཆེན་པོར་མཐོང་གི་འདུག ད་བར་བོད་ཡིག་དྲ་ཚིགས་ཁག་དང་བཅར་འདྲི་ཁག་ཏུ། གཙོ་བོ་ཤེས་འཇོན་ལྷག་བསམ་དང་ཉམས་མྱོང་གླེང་བ་མ་གཏོགས་མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པ་འདི་ཞེ་དྲག་གླེང་གི་མེད་པ་འདྲ་ཞིག་རེད།དབྱིན་ཡིག་དྲ་ཚིགས་ཁག་ཏུ། བཀའ་ཁྲི་གླེང་སྐབས། འདི་ཡང་ཡང་གླེང་གི་འདུག ནུབ་ཕྱོགས་སུ། མགོ་ཁྲིད་ཅིག་གླེང་སྐབས་མགོ་ཁྲིད་ཀྱི་ནུས་པ་འདི་ཕལ་ཆེར་འབྲལ་མེད་ལྟ་བུ་ཞིག་རེད། འཛིན་སྐྱོང་གི་སྐོར་ལ་དམིགས་བསལ་གྱི་ཆེད་སྦྱོང་བྱེད་སའང་ཡོད་པ་ལྟར་རེད། དེ་ཡིན་ན་ཆ་རྐྱེན་འདི་ཡང་བཀའ་ཁྲི་ཞིག་ལ་མཚོན་ན་མེད་དུ་མི་རུང་བ་ལུས་ཀྱི་སྟོབས་ཤུགས་དང་ཟུངས་ཁྲག་ལྟ་བུ་ཞིག་ཏུ་ཁོ་བོས་འདོད་དོ།
ད་ཆ་རྐྱེན་འདི་ཁོང་ཚོའི་སུ་ལ་ཡོད་མེད་ལྟ་ན། ཁོང་ཚོ་སུ་གང་ལའང་འཛིན་སྐྱོང་གི་སློབ་སྦྱོང་ཡོད་མེད་མི་ཤེས། དེས་ན་ད་བར་གྱི་ཕྱག་ལས་ཁག་དང་འབྲེལ་ནས་བལྟ་གི་ཡིན། དེ་ལྟར་བལྟས་ཡོང་ན། བསྟན་རྣམ་ལྷག་པ་ལྟ་བུ་ཞིག་འདུག བཀྲ་དབང་གཉིས་པ་དང་བློ་སེང་ཐ་མ་ལྟ་བུ་ཆགས་ཀྱི་འདུག་ཀྱང་། འདི་ལ་འདི་ལྟར་ལྟ་བ་ལས་ཐབས་ཤེས་མི་འདུག
བསྟན་རྣམ་ལ་མཚོན་ན་བཀའ་ཁྲི་གནང་བ་རེད། དབང་གྲགས་ཆེ་བའི་བཀའ་ཟུར་རྒྱལ་དོན་ལྟ་བུས་ཀྱང་ཁོང་གི་འོག་ཏུ་ལས་ཀ་བྱས་པ་རེད། བཀའ་བློན་ཡང་གནང་བ་རེད། ནུབ་ཕྱོགས་ཀྱི་བོད་དོན་སྒྲིག་འཛུགས་ཏྰ་ལའི་བླ་མའི་ཐེབས་རྩ་ལྟ་བུ་དང་བོད་དོན་བརྒྱ་ཚོགས་ལྟ་བའི་མགོ་ཁྲིད་གནང་བ་རེད། ཁོང་གི་འོག་ཏུ་ཕྱག་ལས་གནང་མཁན་དེ་ཚོ་ནུབ་ཕྱོགས་སོགས་ཀྱི་མཁས་པ་དང་མི་སྣ་སྐད་གྲགས་ཅན་རྐྱང་རྐྱང་རེད། དེའི་ཁོངས་ནོ་འབེལ་གཟེངས་རྟགས་བཞེས་མྱོང་མཁན། ཡེ་ཤེས་ཆོས་དཔོན་སྐད་གྲགས་ཅན་ཌེ་སི་མིན་ཏུ་ཏུ་ཡང་ཡོད་པ་རེད། འདི་ལྟ་བུའི་འཛམ་གླིང་གི་མི་སྣ་སྐད་གྲགས་ཅན་རྐྱང་རྐྱང་གི་མགོ་གཙོ་བྱེད་མཁན་སོགས་ཀྱི་ཆ་ནས་ཁོང་ཆེས་ཆེར་གོང་དུ་བཀུར་དགོས་བྱུང་སོང་།
བསྟན་རྣམ། ༤་༥
བཀྲ་དབང་། ༤
བློ་སེང་། ༣
དྲུག་པ། གསར་བཏོད།
ད་འདིར་གསར་བཏོད་བཤད་ཡོང་ན། ཕལ་ཆེར་མང་ཆེ་བའི་སེམས་ལ་བློ་སེང་ཤར་ཡོང་གི་ཡོད་པ་འདྲ། ཁོང་གཞོན་ནུ་དང་གསར་པ་ཡིན་པ། ཁོང་གིས་གསར་བཏོད་བྱེད་དགོས་པའི་སྐོར་ཡང་ཡང་གསུངས་པ་སོགས་ཀྱིས་ལོས་ཡིན་འདོད། གོང་དུ་འཇམ་ཚུལ་གྱིས་ཀྱང་བློ་སེང་དང་པོར་བཞག་སོང་། འདིར་ཁྱེད་ཚོར་མི་འདོད་པ་ཞིག་བཤད་རྒྱུ་ནི། ང་ཚོའི་ལྟ་ཚུལ་ལོགས་ཀ་ཡིན་པ་དེ་རེད།
ད་འདིར་བཀྲ་དབང་གླེང་སློང་བྱེད་རྒྱུ་མིན་པར། བསྟན་རྣམ་དང་བློ་སེང་གཉིས་བསྡུར་གི་ཡིན། གཅིག་ནས། བསྟན་རྣམ་གྱི་ད་བར་གྱི་བྱས་རྗེས་དེ་ཚོ་ཚང་མ་ཁ་ཚ་དགོས་གཏུགས་ཀྱི་གསར་བཏོད་རྐྱང་རྐྱང་རེད། ཁོང་ནི་ནམ་ཡིན་ན་ལམ་ཁ་གསར་བ་ཞིག་ལ་དགོངས་པ་བཞེས་འགྲོ་མཁན་ལྟ་བུ་ཞིག་ཏུ་མཐོང་སོང་།
གཉིས་ནས། བོད་ཀྱི་རྩ་དོན་ཐོག་ནས་བཤད་ན། ཁོང་ཚོ་གསུམ་གྱིས་ལམ་དབུ་མ་བཤད་ཀྱི་ཡོད་པ་རེད། ཡིན་ན་ཡང་། བསྟན་རྣམ་ལ་མཚོན་ན་ཅུང་ཟད་མ་འདྲ་བ་ཞིག་རེད། དུས་དང་སྲིད་ཀྱི་འགྱུར་བ་ལ་བལྟས་ནས། གལ་ལ་ཐུག་པ་ཡིན་ན། བཀའ་ཁྲི་འགུལ་སྐྱོད་ཀྱིས་ཐབས་ཤེས་བྱེད་རྒྱུ་ཡོད་པ་ལྟ་བུ་ཞིག་གསུངས་པ་འདི་ནི་བོད་ཀྱི་རྩ་དོན་ལ་ཐུག་པ་ཞིག་རེད་ལ། དགོས་གལ་བྱུང་ན་གསར་བརྗེ་ཞིག་བྱེད་གི་རེད། ཡིན་ནའང་། ཁོང་རང་གི་ལྟ་བ་རང་གི་ཐོག་ལ་མཁྲེགས་བཟུང་དང་ཨུ་ཚུགས་བྱེད་མཁན་ཞིག་མིན་པར་མི་མང་གི་བསམ་ཚུལ་ལ་བརྩི་འཇོག་དང་གུས་བཀུར་བྱེད་མཁན་ཞིག་རེད།
གཞིས་ཆགས་སྲ་བརྟན་གྱི་སྐོར། རྒྱལ་བའི་སྤྲུལ་སྐུའི་སྐོར་ལའང་ཁོང་གི་དགོངས་ཚུལ་ཟུར་ཙམ་པ་རེ་གསུངས་པ་དེའང་གསར་བཏོད་ཅིག་དང་འབྲེལ་འདུག་བསམས། དེ་ནས་བློ་སེང་གིས་ཀྱང་གསར་བཏོད་ཡང་ཡང་གླེང་ཡོད་པ་རེད། ལས་འཆར་ཞིག་ཀྱང་བཟོས་འདུག བྱུང་ན་གསར་བཏོད་ཀྱི་འདུན་པ་ཡོད་པ་དེ་གསལ་བོ་རེད། གསར་བཏོད་ལ་གྲུབ་འབྲས་ཐོབ་དང་མི་འཐོབ། གསར་བཏོད་ཇི་ལྟར་བྱེད་འདི་དཀའ་གནད་ཆེ་བའི་དྲི་བ་ཞིག་རེད། བསྟན་ལ་གསར་བཏོད་བྱས་པའི་གྲུབ་འབྲས་སྟོན་རྒྱུ་ཡོད་པས་གསར་བཏོད་བྱེད་ཀྱི་ལབ་ན་དེ་ལ་ཡིད་ཆེས་བྱེད་ཆོག་པའི་གཞི་རྩ་ཡོད་པ་མཐོང་གི་འདུག བློ་སེང་ལའང་ཡིད་ཆེས་བྱེད་ཆོག་པ་ཞིག་ཡིན་ཡང་། དངོས་སུ་ལག་ལེན་ཐོག་ཕྱིན་ན། ཁོང་གཉིས་ལ་བར་ཁྱད་ཅིག་འདུག་སྙམ། དེ་བས།
བསྟན་འཛིན་རྣམ་རྒྱལ། ༢་༥
བློ་སེང་། ༢་༣
བཀྲ་དབང་། ༢
མདའ་ཚན་འདི་གདན་སའི་རྒྱུགས་སྤྲོད་བརྒྱ་ཆ་རྒྱག་གི་གདན་དྲངས་ན་འདིས་ཞིབ་མོ་བྱེད་ནོ་ཁོ་ཐག་རེད། རྒད་པོ་འཆི་ཁ་མ་ཎི་རེ་བཏོན་ནས་ཁ་རོག་གེར་བསྡད་དང་ན་མི་ཧྲ་ག ཆབ་སྲིད་ཟེར་བ་འདིས་མྱི་གསོད་ཡ། ངས་ཁྱོད་ལ་ཤ་ཚ་བའི་བཤད་ནི་ཡིན། གཅིག་ཐེངས་ན་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་ས་རེད།
བདུན་པ། ཁ་སང་དེ་རིང་སྤེལ་བཞིན་པའི་བཀའ་ཁྲིའི་ལས་འགུལ།
འདི་ནི། བཀའ་ཁྲིའི་ཆ་རྐྱེན་ཞིག་ཏུ་གླེང་མཁན་ད་སྔ་མཐོང་མ་སོང་ཡང་། འདས་པར་ཅི་བྱས་ལས་ད་ལྟའི་གནས་སྐབས་བྱུང་བ་དང་། ད་ལྟ་ཅི་བྱེད་ལས་མ་འོངས་པར་ཅི་འབྱུང་ཤེས་པ་ལྟར། ང་རང་སྒེར་གྱི་ལྟ་སྟངས་བྱས་ན། ད་ལྟ་ཁོང་ཚོ་གསུམ་གྱིས་སྤེལ་བཞིན་པའི་བཀའ་ཁྲིའི་ལས་འགུལ་དེ། མ་འོངས་པ་ན་ཁོང་ཚོའི་བཀའ་ཁྲི་དངོས་སུ་བྱེད་སྐབས་ཀྱི་སྣང་བརྙན་དེ་སེམས་ལ་གསལ་ཡོང་གི་འདུག ད་ལྟ་ཁོང་ཚོས་བཀའ་ཁྲིའི་ལས་འགུལ་སྤེལ་བཞིན་པ་དེ། ངའི་སེམས་ལ་ཁོང་ཚོས་བཀའ་ཁྲི་དངོས་སུ་གནང་བཞིན་ཡོད་པའི་ཚོར་བ་ཞིག་ཡོང་གི་འདུག
ཉིན་འདི་འགར། ཁོང་ཚོའི་དྲ་ཚིགས་ཁག། དྲི་བ་དྲི་ལན། དྲ་བརྙན་ཁག གཏམ་བཤད་ཁག་ལ་གང་འཚམས་ཤིག་བལྟས་པ་ཡིན། ཡོངས་སུ་ཆ་ཚང་བ་ཞིག་ད་རུང་བལྟ་ཐུབ་མེད་པས་ངའི་དཔྱད་པ་འདིའང་ཡོངས་སུ་ཆ་ཚང་བ་ཞིག་ཡིན་ཟེར་མི་ཐུབ།
ང་རང་གིས་གང་ཞིག་མཐོང་བ་དང་ཐོས་པ་གཞིར་བཞག་ནས་ཡོང་ན། བཀྲས་མཐོང་དང་བློ་སེང་གཉིས་ཀྱི་ལས་འགུལ་དེ་མངོན་གསལ་ཆེ་བ་འདྲ་ཞིག་འདུག དོ་སྣང་ཞེ་དྲག་མི་བྱེད་མཁན་ཞིག་ཡིན་ནའང་མིག་གི་མདུན་དུ་སླེབས་ཡོང་བ་ཞིག་འདུག བཀྲ་དབང་དེ་མངོན་གསལ་དོད་པོ་དང་གང་སར་སླེབས་བསྡད་པ་ཞིག་མིན་ནའང་། བཀྲས་དབང་ལྟར་དངུལ་གྱི་ཡོངས་ཁུངས་དང་བེད་སྤྱོད་གཏོང་སྟངས་སོགས་ཕྱི་གསལ་ནང་གསལ། དྲི་བ་ཁག་ལ་འགན་འཁྱེར་སྟངས་སོགས་ལེགས་པོར་མཐོང་སོང་།
ཕྱོགས་ཡོང་ནས་བལྟས་པ་ཡིན་ན། བསྟན་རྣམ་གྱི་ལས་འགུལ་དེ། སྒྲིག་འཛུགས་ཀྱི་རྣམ་པ་ལྡན་ལ། གོ་རིམ་ཡོད་པ། རྒྱབ་སྐྱོར་གྱི་མི་དཔུང་དང་མིའི་ནུས་པ་ཕུན་སུམ་ཚོགས་པ། ལས་འགུལ་ལ་སྒུལ་ཤུགས་ཀྱི་རྣམ་པ་ཤུགས་ཆེན་པོ་འདུག་པ་འདི། ད་ལྟའི་ལས་འགུལ་ཁྲོད་ཀྱི་བཀའ་ཁྲི་འདིས་མ་འོངས་པའི་བཀའ་ཁྲི་ཡིད་ཆེས་འཁེལ་ཐུབ་པ་དང་ནུས་པ་ཅན་ཞིག་གི་སྣང་བརྙན་ཞིག་བསྐྲུན་གྱི་འདུག
བཀྲ་ཤིས་དབང་འདུས་ཀྱི་ལས་འགུལ་དེ་ཕར་བཙལ་དུ་འགྲོ་དགོས་ཀྱི་འདུག ཡིན་ནའང་། ལས་འགུལ་ཁམས་དྭངས་མོ། གྲག་འགུལ་ཆེན་པོ་མིན་པ། འཇམ་ཆག་གེ་བ་ཞིག་འདུག འདིས་མ་འོངས་པ་ནི། སྡུག་ག་བྱས་སོང་ཡང་ཟེར་རྒྱུ་མེད་པ། ལས་ཀ་གལ་ཆེན་པ་འདི་བྱས་སོང་ཡང་ཟེར་རྒྱུ་མེད་པ། ད་ལྟའི་བོད་གཞུང་གི་སྒྲིག་འཛུགས་དེ་ལ་ཕན་གནོད་ཆེན་པོ་རང་མེད་པར་ཁ་གསལ་ཁམས་དྭངས་ངང་མཐར་སྐྱེལ་མཁན་གྱི་བཀའ་བློན་ཞིག་གི་སྣང་བ་སྟེར་བར་བྱེད།
ད་བློ་སེང་ཟེར་བའི་གསར་བུ་འདིས་ལས་འགུལ་སྤེལ་སྟངས་ཤིག་གླེང་ན། ཚ་འུར་འུར། གང་ས་ཡང་སླེབས་བསྡད་པ། འདིའི་བཀའ་ཁྲིའི་ལས་འགུལ་ཧུར་ཐབས་འབད་ཐབས་ཀྱིས་སྒྲུབ་བཞིན་པ་འདིས། མ་འོངས་པ་ན་བཀའ་ཁྲི་ཆགས་པ་ཡིན་ནའང་གང་ཐུབ་ཐུབ་ཅིག་བྱེད་གི་རེད་བསམ་བསམ་ཞིག་རེད། ཡང་ཕྱོགས་གཞན་ནས་བལྟས་ན། རྙོག་དྲ་ཞིག་ཀྱང་རྗེས་སུ་འབྲེལ་བསྡད་ཡོད་པ་མ་ཟད། ལས་འགུལ་གྱི་དངུལ་གྱི་ཡོངས་ཁུངས་ཀྱང་ཕྱི་གསལ་ནང་གསལ་མི་བྱེད་མཁན། མི་མང་གི་དྲི་བ་གནད་ཅན་དེ་འདྲ་ལའང་ཨུ་ཚུགས་མཐའ་སྐྱེལ་མ་བྱས་ན་འགན་འཁྱེར་ནས་ལན་མི་གནང་བ་། དྲི་བ་ལས་གཡོལ་ཐབས་བྱེད་པ། མཚམས་རེར་རྫུན་ཟེར་དགོས་རེད་དམ་འུད་ཟེར་དགོས་རེད། སྐད་ཆ་བཤད་པའི་སྔ་ཕྱི་ཐོ་མི་ཐུག་པ་འདི་དག་ལ་བལྟས་ཡོང་ན། བཀའ་ཁྲི་ཟེར་བ་ད་ཕ་གིའི་སྤང་ག་རེད་བསམ་བསམ་ཞིག་རེད། ད་ལྟའི་བཀའ་ཁྲིའི་ལས་འགུལ་སྐབས་ཀྱང་ཕྱི་གསལ་ནང་གསལ་མེད་པ་དང་དྲི་བར་འགན་མི་འཁྱེར་ན་རྗེས་མ་ཇི་འདྲ་ཞིག་ཆགས་འོངས་བསམ་བསམ་པ་ཞིག་འདུག ད་སྐར་མ་སྤྲད་གི་ཡིན།
བཀྲས་མཐོང་། ༤་༨
བཀྲ་དབང་། ༤
བློ་སེང་། ༣
༨ འབྱུང་འགྱུར་རྙོག་དྲ་ཡོང་སྲིད་མིན།
འདི་ནི་ཆེས་གླེང་མི་སྤྲོ་བའི་དོན་ཚན་ཞིག་རེད་ལ་འདི་ལྟར་མི་ཡོང་བའི་སྨོན་ལམ་ཡང་འདེབས་ཀྱི་ཡིན། མ་འོངས་པ་ན། ཁོང་གསུམ་སུ་རུང་ཞིག་བཀའ་ཁྲི་ཆགས་པའི་སྐབས་སུ། དོན་དག་གང་ཞིག་ལ་འགལ་བར་བསྟེན་ནས་བཀའ་ཁྲི་ནས་དགོངས་པ་ཞུ་དགོས་པ་དེ་འདྲ་བྱུང་ན། ཡིན་ལུགས་ཚུལ་མཐུན་གྱིས་དགོངས་པ་ཞུས་འགྲོ་མཁན་ཞིག་ཡིན་ན་དོན་ཚན་འདིར་བརྗོད་དགོས་པའི་གཞི་རྩ་ཁོ་རང་མི་འདུག དེའི་སྐབས་དེར། ཁྲིམས་ལུགས་ལྟར། ཚུལ་མཐུན་དགོངས་པ་མ་ཞུས་པར་སྤྱི་འཐུས་ནང་རྒྱབ་དཔུང་བཙལ། མི་དམངས་ནང་རྒྱབ་དཔུང་བཙལ། དགོངས་པ་མ་ཞུས་པ་ཡིན་ན། ཆོལ་ཁ་ཆོས་ལུགས་ཀྱི་རྙོག་དྲ་ཆེན་པོ་ཞིག་གི་མགོ་ཚུགས་པ་མ་ཡིན་ནམ། འདིའི་སྐོར་གྱི་དོགས་གཞི་དེ་ད་ལྟ་ནས་འོས་མི་གསུམ་ལ་དྲི་བ་དྲིས་ནས་དོགས་པ་བསང་དགོས་པ་འདུག
དོན་ཚན་འདི་ལ་སྐར་གྲངས་སྤྲད་ཀྱི་མིན། ཚང་མའི་བསམ་བློ་གཏོང་གཞིར་བཞག་པ་ཡིན།
ད་སྡོམ་འདྲ་བོ་དེ་ཁྱེད་ཚོའི་བསམ་ཚུལ་ལ་ཉན། བཅོས་དགོས་ས་བཅོས། ལེན་དགོས་པ་བླངས། དེ་འདྲ་བྱས་ནས་དེ་རིང་དགོང་མོ་ཡིན་ན་སང་ཉིན་ཡིན་ན་ཅིག་ག་རྒྱག་དགོས།
ཡ་འ་རོ་ཡུལ་ཕྱོགས དེས་ན་ང་ཚོས་རྣམ་རྟོགས་གི་ངང་བཞག་དགོས་རེད་བས ཡང་ན་འགྲིག་པ་དང་དེ་མིན་ནོར་བ་ནི་ཆོས་ཉིད་མ་ཡིན་ནམ་ཁྱོད་ལ་བློ་སྐྱེས་གསར་བ་འདྲ་ཡོད་ན་གསུངས་རོགས་ཞུ། ད་དུང་འགོར་མེད་པས་མི་མང་ལ་ཧ་གོ་ཡ་གནང་ན་ཡག་པོ་རེད་བ།
ཤེས་ཡོན་གྱི་སྐར་གྲངས་ལ་འགྱུར་བ་བཏང་བ།
བློ་སེང་། ༤་༨
བཀྲ་དབང་། ༤
བསྟན་རྣམ། ༣་༥
རྒན་མདའ་ཚན་ལགས་ཀྱིས་གསུང་བའི་ནང་དུ་སྐབས་འགར་བློ་དང་རྣམ་གཉིས་ལ་གདེངས་འཇོག་གཅིག་པ་ལྟར་བྱས་ནས་སྐར་མ་སྤྲོད་སྐབས་རྣམ་ལ་མང་སྤྲོད་པ་ལྟ་བུའི་ཚོར་སྣང་ཞིག་བྱུང་། དཔེར་ནཿ འཛིན་སྐྱོང་གི་ནུས་པ་ལྟ་བུ་ལ། རང་རེའི་གནའ་མིའི་གཏམ་དཔེརཿ ཁ་བདེ་ན་སྡེ་བའི་དཔོན་པོ་ཡིན། ལག་བདེ་ན་སྡེ་བའི་གཡོགས་པོ་ཡིན། ཞེས་པ་འདིས་འཇོན་ཐང་ཡོད་མེད་དེ་ཁ་མཁས་མིན་ལ་རག་མང་པོ་ལས་པ་བསྟན་འདུག་སྙམ། དེས་ན་བློ་སེང་ནི་གཞན་གཉིས་ལས་ཁ་བདེ་བར་མཐོང་། འཛིན་སྐྱོང་གི་ནུས་པ་དེ་འཇོན་ཐང་གི་ནང་དུ་མ་འདུས་པ་ཞིག་མེད་པ་བསམ་ཡོད།
དེ་བཞིན་དྲི་བ་ལས་གཡོལ་མཁན་བློ་སེང་ཡིན་གསུང་པ་ལ་མོས་མཐུན་ཡེ་ནས་མི་འདུག ངས་ནི་ཁོང་མི་གཡོལ་མཁན་རབ་དེ་ཡིན་པར་མཐོང་། མ་གཞི་ཉམས་མྱོང་ཟེར་བ་འདི་ཚོའི་ནང་ནས་ཀྱང་མངོན་པ་ཡིན་པར་མཐོང་། ཆབ་སྲིད་པ་མཁས་མི་མཁས་དེ་དྲི་བ་ལ་གཡོལ་མཁས་མི་མཁས་ལ་གོ་རྒྱུ་མིན་ནམ་ལྟ་བུའི་འཆར་སྣང་སྐབས་རེ་ཡོང་རྒྱུ་ཡོད། འདི་བཟང་རྟགས་ཡིན་མིན་མིན་པར་སྲིད་དོན་པ་ཡིན་མིན་ལ་ཐུག་པ་རེད་སྙམ། དེ་བཞིན་བློ་སེང་གིས་ངག་ལས་འཇམ་ནོར་སོགས་ཤོག་བུ་དཀར་པོ་ཁྱེར་ནས་བོད་ཕེབས་པ་རེད་ཟེར་བ་རྫུན་དུ་སོང་ཡོད་པ་ཡང་ཉམས་མྱོང་མེད་པས་ལན་པ་ཡིན་པར་བསམ་གི་འདུག སྐད་ཆ་འདི་རིགས་ཕ་རོལ་བོས་གནད་དུ་བརྩིས་ན་གཡོལ་དཀའ་མོ་འབྱུང་རྒྱུ་ཡིན་པའི་ཉམས་མྱོང་མེད་སྟབས་མི་བདེ་པའི་སྐད་ཆ་དེ་ཚོ་ཟུར་ཟུར་ནས་དོན་པར་བསམ་ཡོད། འདི་ལ་སྐད་ཆ་རྫབ་ཆེན་ཞེས་པའི་ཐ་སྙད་དེ་འཇུག་མི་འོས་ན་ཡང་ཕ་རོལ་བོས་དེར་བརྩིས་ནས་ཁ་མཆུ་བརྒྱབ་ན་དེ་ལས་གཡོལ་དཀའ་མོ་ཡིན། ཉམས་མྱོང་མེད་པའི་སྐྱོན་ནི་འདི་རིགས་ཡིན་པ་ལས་འཛིན་སྐྱོང་རང་གི་ནང་དུ་ཉེན་ཁ་ཆེན་པོ་དེ་འདྲ་ཅང་ཡོང་ཡོད་ཚོད་མེད་སྙམ།
དྲ་གྲོགས་མདའ་ཚན་པ་ལགས་བཀྲིས་བདེ་ལེགས།
སྐུ་ཉིད་ཀྱིས་དྲ་ནང་འདིར་བཀའ་ཁྲིའི་རྙོག་བཤད་དང་ཚིག་ཚོན་འདེབས་རེས་དང་ཕྱོགས་རིས་དྲི་མས་མ་བགོས་པར།ཅུང་ཟད་དྲང་པོ་དང་འདྲོངས་པོ་ཞིག་བཀོད་འདུག་པས་ཡི་རངས་དང་རྒྱབ་སྐྱོར་ཞུ་རྒྱུ་ལས་མཆིས།
དང་པོ་༽ཤེས་ཡོན་ཐད་ནས་གླེང་དུས་བཀའ་ཁྲི་འདི་བོད་ཀྱི་བཀའ་ཁྲི་ཡིན་པས་ཤེས་ཡོན་ཐད་བོད་དབྱིན་གཉིས་ཀར་བསྡུར་བ་བྱས་ནས་བསྡུར་གྲངས་ཆ་སྙོམ་པོ་ཡོད་དགོས།དཔེར་ན་ཤེས་ཡོན་ཐད་བློ་སེང་ལ་༤་༨ཐོབ་པ་ནི་ཁོང་ལ་འབུམ་རམས་པའི་སློབ་གནས་ཡོད་པའི་ཕྱོགས་གཅིག་ཁོ་ནར་གཟིགས་འདུག་པས་དེ་ནི་འོས་བབ་མ་མཐོང་།
གཉིས་པ༽འཇོན་ཐང་གི་ཐད་ལ་བློ་སེང་༤་༥སྤྲད་འདུག་ཁོང་གིས་ད་བར་འཇོན་ཐང་བཏོན་ལས་དོན་གང་ཞིག་གྲུབ་འབྲས་དང་བྱས་རྗེས་ཡོད་དམ།སྐར་གྲངས་དེ་ཡང་འོས་བབ་མ་མཐོང་།
གསུམ་པ༽ལྷག་བསམ་ཐད་བཀྲས་དབང་ལ་བཀྲས་མཐོང་ལས་སྐར་མའི་བསྡུར་གྲངས་མང་བ་ག་རེ་བྱས་ནས་ཐོབ་པ་རེད་དམ།ད་ཐེངས་འོས་བསྡུའི་ནང་བཀྲས་དབང་གིས་འཚབ་ཚུབ་ངང་སྔོན་འགྲོའི་གོང་ཙམ་དུ་ལངས་ནས་ཆབ་སྲིད་གཏིང་ཟབ་གཅིག་འཁྲབ་པ་དེ་ཁྱེད་ཀྱང་མགོ་འཐོམ་ཡོད་ས་རེད།ཆབ་སྲིད་འཁྲབ་པ་དངོས་གསལ་དོད་པོ་དེ་འདྲ་རེད།དཔེར་ན་ཁོང་བཀའ་ཁྲིའི་འོས་མིར་ཐོག་མར་ལངས་རྩིས་མེད་བཞིན་ཕ་རན་སི་ནས་ལི་ཐང་པ་ཁག་གཅིག་དང་།ནེའུ་ཡོག་ནས་ཆུ་སྒང་རྙིང་པའི་ཚོགས་ཟུར་ཚེ་བརྟན་ལྷ་རྒྱལ་བཅས་་ཀྱིས་བསླངས་པ་ཡིན་པ་གསལ་པོ་ར་འཕྲོད་བྱུང་ཡོད་པ་ཁྱེད་ཀྱིས་མ་མཁྱེན་ནམ།ཁམས་སྐད་སྡེ་ཚན་གྱི་རླུང་འཕྲིན་ནང་ཚེ་བརྟན་ལྷ་རྒྱལ་གྱི་སྐད་ཆ་ག་རེ་བཤད་པ་གོ་མ་བྱུང་ངམ།དངོས་གནས་བློ་ཕམ་རེད།
བཞི་པ།༽ཉམས་མྱོང་ཐད་ལ་བློ་སེང་ལ་སྐར་མའི་བསྡུར་གྲངས་༣གང་འདྲ་ཟེ་ཐོབ་པ་རེད་དམ།ཁོང་ལ་ཉམས་མྱོང་མེད་པ་ཡོངས་གྲགས་ཡིན་པས་སྐར་མའི་བསྡུར་གྲངས་༡ཏག་ཏག་རེད།
ལྔ་པ༽དེ་བཞིན་འཛིན་སྐྱོང་གི་ནུས་པར་ཡང་བློ་སེང་ལ་བསྡུར་གྲངས་༣དེ་མང་དྲགས་པ་རེད།ཁོང་ལ་འཛིན་སྐྱོང་གི་ནུས་པ་ཕར་ཞོག་ཁོང་གིས་ཁྲིའི་ལས་འགན་ཐད་ལ་འཛིན་སྐྱོང་དོ་དམ་པ་མིན་ཚུལ་ཁོང་ལ་དྲི་བ་བཅུ་བཏང་བའི་དྲིས་ལན་༦་ནང་གསལ་པོ་གསུངས་ཡོད།དེ་ན་ཁོང་གི་འཛིན་སྐྱོང་ལ་ངོས་འཛིན་ཡང་དག་ཅིག་གནང་ཐུབ་མེད་པས་དེར་ཡང་སྐར་གྲངས་༡གཏོང་མིན་ཙམ་རེད།
དྲུག་པ༽དེ་བཞིན་གསར་གཏོད་ཀྱི་ཐད་བློ་སེང་ལ་བསྡུར་གྲངས་༢་༣སྤྲད་པ་དེ་ཡང་མང་དྲགས་འདུག་གང་ཡིན་ཞེས་ན།ཁོང་གིས་ད་བར་གསར་གཏོད་བྱས་ནས་འགོ་བརྩམས་པའི་ལས་དོན་དང་།ཚོགས་པ་སྒྲིག་འཛུགས་གང་ཡང་མཐོང་མི་འདུག་ལས་དོན་གང་ཞིག་གསར་གཏོད་བྱས་སམ།སུ་ལ་གསུང་རྒྱུ་ཡོད་དམ།
བདུན་པ༽བློ་སེང་གིས་འོས་བསྡུའི་ལས་འགུལ་སྤེལ་སྟངས་ན་མཚོན་ན།དང་པོ་འགོ་འཛུགས་ནས་མི་རབས་གསར་རྙིང་དང་།སྐུ་དྲག་དང་ཕལ་པ།རྒན་པ་དང་གཞོན་པ།རྒྱ་མིར་བརྡ་ལན་སྤྲོད་ཚུལ་སོགས་ཀྱི་འབོད་ཚིག་འདྲ་མིན་བསྒྲགས་ནས་ང་ཚོའི་སྤྱི་ཚོགས་འདིར་འཐབ་རྩོད་གསར་པ་མང་པོ་འཁྱེར་ང་ཚོའི་ཆིག་སྒྲིལ་ལ་གནོད་པ་ཆེན་པོ་བཏང་སོང་།
༡༽བློ་སེང་ལ་རྒྱབ་སྐྱོར་བའི་ངོས་ནས་ཀྱང་བློ་སེང་ལ་བཀའ་ཁྲིའི་སྐུ་སྟེགས་མ་རེག་ན་ཁོང་གིས་བོད་གཞུང་ནང་ལས་ཀ་བྱེད་ཀྱི་མ་རེད་ཟེར་བ་།
༢༽བློ་སེང་ལ་འོས་མ་ཐོབ་ན་མི་མང་སེམས་ཤུགས་ཆགས་ཀྱི་རེད་ཟེར་བ།
༣༽བློ་སེང་ལ་འོས་མ་ཐོབ་ན་སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་ཡིན་ཟེར་བ།
༤༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆོལ་ཁའི་ཞེན་འགོག་རེད་ཟེར་བ།
༥༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་སྐུ་དྲག་གི་རྒྱུག་ཁྱི་རེད་ཟེར་བ།
༦༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་བོད་ལ་རེ་བ་མེད་ཚུལ་བརྗོད་པ།
༧༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཆིག་སྒྲིལ་ལ་གནོད་ཀྱི་ཡོད་སྐོར་བརྗོད་པ།
༨༽བློ་སེང་ཕམ་ན་བོད་ཕམ་པ་རེད་ཟེར་བ།
༩༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་ཤ་རུས་གཅིག་པའི་སྤུན་ཟླའི་འབྲེལ་བ་ཡང་གཅོད་རྩིས་ཀྱི་སྐོར་བརྗོད་པ།
༡༠༽བློ་སེང་ལ་རྒྱབ་སྐྱོར་མ་བྱས་ན་རྙིང་ཞེན་རེད་ཟེར་བ་བཅས་ལ་བལྟས་ན་བོད་མི་མང་འཇིགས་བསྐུལ་བྱེད་པ་དང་།མི་མང་གི་མང་གཙོའི་བསམ་བློར་དུག་སྐྱོན་ཤུགས་ཆེན་བཏང་བ་ཞིག་རེད།
ང་ཚོས་མང་གཙོའི་ལམ་སྲོལ་བཟང་པོ་དེ་བེད་སྤྱད་ནས་ལུགས་མཐུན་གྱི་འོས་བསྡུའི་འགྲན་རྩོད་ནང་མི་མང་ཚང་མས་མཉམ་ཞུགས་བྱས་པ་དང།རང་རང་ཕྱོགས་གཏོགས་སམ་ཁ་གཏད་ལ་དགེ་སྐྱོན་བརྗོད་རྒྱུ་ཡིན་པ་སྨོས་མེད་དགོས་པ་རེད།དེར་སེམས་སྦུག་དོག་པོས་བཟོད་མི་ཐུབ་པ་གང་ཡོད་དམ།
ང་ཚོས་ད་ལྟའི་དུས་འདིར་བཀའ་ཁྲིའི་འོས་མི་གསུམ་པོ་སོ་སོའི་དགེ་སྐྱོན་རྣམས་་བཀའ་ཁྲིའི་རྩ་བའི་འོས་ཆོས་བརྒྱད་དང་འབྱར་ནས་དགེ་སྐྱོན་ཤུགས་ཆེན་གླེང་དགོས་པའི་དུས་ཚོད་ཅིག་རེད།
ལྷག་པར་དགེ་རབ་ཀྱིས་འཁྱེར་ཡོང་བའི་བརྗོད་གཞི་ནང་བཞིན་འོས་མི་གསུམ་པོའི་ཆབ་སྲིད་ལྟ་བ་དང་ལངས་ཕྱོགས།ཆབ་སྲིད་ཀྱི་གནད་དོན་བཅས་ལ་བརྡར་ཤ་གཅོད་རྒྱུ་གལ་ཆེན་པོ་རེད།
མཐའ་མ་བརྡར་ཤ་བཅད་པའི་རྗེས་ལ་བཙན་བྱོལ་མང་གིས་འོས་མང་ཤོས་ཐོབ་མཁན་གྱི་སྐྱེ་བོ་དེ་གཟི་བརྗིད་ལྡན་པའི་བཀའ་ཁྲི་ཞིག་བྱེད་ཐུབ་ཀྱི་རེད།
བརྒྱད་པ།༽དོན་ཚན་དེར་སྐུ་ཉིད་ཀྱིས་སྨོན་པས་མཚམས་སྦྱར་བ་ནང་བཞིན་ངས་ཀྱང་དེ་བཞིན་གྱི་རེ་བ་བྱེད་ཀྱི་ཡོད།ཁོང་གསུམ་བཀའ་ཁྲི་སུ་ཆགས་པ་ཡིན་ནའང་མ་འོངས་པར་རྙོག་ཕྲ་མེད་པ་དང་།ལས་དོན་ལེགས་གྲུབ།བོད་དོན་བདེན་མཐའ་གསལ་ཐུབ་པའི་རེ་བ་དང་།བཀའ་ཁྲི་གསར་པ་སུ་ཡིན་ནའང་དེའི་ལས་དོན་ལ་རྒྱག་རོགས་མེད་ནའང་འཕྱར་རོགས་ཞེས་པ་ལྟར་རྒྱབ་སྐྱོར་མཐའ་གཅིག་ཏུ་ཞུ་རྒྱུའི་ཆོད་སེམས་དྲག་པོ་བཅངས་ཡོད།
ངས་ལས་ཞོར་ལ་དྲ་ཐོག་དུ་འཛུལ་བས་དག་སྡེབ་ནོར་བ་དང།་དོན་ནོར་བྱུང་ན་དགོངས་སེལ་ཞུ་རྒྱུ་ཡིན།
རྒན་མདའ་ཚན་ལགས་སྐུ་ཉིད་ཀྱི་དྲ་ནང་འདིར་ བཀའ་ཁྲིའི་རྙོག་བཤད་དེར་ཚིག་ཚོན་འདེབས་རེས་སོགས་མེད་པར་ ཅུང་ཟད་དྲང་པོ་དང་འདྲོངས་པོ་ཞིག་གསུང་འདུག་
བཀའ་དྲིན་ཆེ་བཞུ་རྒྱུ་ཡིན་
འདི་ལ་གླེང་སྟངས་ལེགས། དུས་ཚོད་མེད་པས་རྩོམ་ལས་གོང་དུ་མཆན་ག་རེ་བྲིས་ཡོད་མེད་ཞིབ་ཕྲ་ཀློག་མ་ཁོམ། བསམ་ཚུལ་ཁ་ཤས་ཡོད།
དང་པོ་ཤེས་ཡོན།
ཀ) ལག་འཁྱེར་གྱི་ཐད་ནས་ཤེས་ན་བློ་བཟང་སེང་གེ་འབུམ་རམ་པ་དང་། བཀྲ་ཤིས་དབང་འདུད་བྷི་ཨེ། བཀྲས་མཐོང་སློབ་གྲྭའི་ཚད་གཞི་ག་ཚོད་ཐོན་མིན་གསལ་པོ་མེད། འཛིན་རིམ་ ༡༢ གྱི་ཚོད་ནི་ཐོན་ཡོད་སྲིད།
ཁ) སྦྱང་བྱའི་ཆ་ནས་བཤད་ན་བློ་སེང་ཁྲིམས་འཛིན་རིག་པ་དང་། བཀྲ་ཤིས་དབང་འདུད་སྤྱི་ཚོགས་རིག་པ་དང་སྲིད་དོན་ཚན་རིག བཀྲས་མཐོང་གི་ཆེད་ལས་ཅི་ཡིན་གསལ་པོ་མེད།
ག) སྐད་ཡིག་གི་ཐད་ནས་བཤད་ན། གསུམ་སྐད་དབྱིན་སྐད་དང་བོད་སྐད་ཤེས་པ་མ་ཟད། ཧིན་དི་ཡང་ཏོག་ཙམ་ཤེས། བཀྲས་མཐོང་དང་བཀྲ་ཤིས་དབང་འདུད་གཉིས་ཀྱིས་བོད་ཡིག་འབྲི་ཀློག་ཤེས། བློ་སེང་བོད་ཡིག་འབྲི་རྩལ་ཞན་ཙམ་རེད།
དེར་བརྟེན་ཤེས་ཡོན་གྱི་ཐད་ནས་བཤད་ན་བློ་སེང་དང་པོར་འཇོག་དགོས་པ་འདྲ། གཉིས་པ་བཀྲ་དབང་ཡིན་འདུག གསུམ་པ་བཀྲས་མཐོང་རེད། འོན་ཀྱང་བཀྲས་མཐོང་གི་བྷི་ཨེ་བར་སྦྱངས་ཡོད་ན་བཀྲ་ཤིས་དབང་འདུད་དང་གཅིག་པ་རེད།
གཉིས་པ། ཉམས་མྱོང་།
འཛིན་སྐྱོང་གི་ཉམས་མྱོང་ནི་བཀྲས་མཐོང་གི་གོང་ན་མེད། གང་ཡིན་ཟེར་ན། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པ། བོད་པའི་ནང་དང་ཕྱི་རྒྱལ། རྒྱལ་སྤྱི་བཅས་སུ་སྒྲིག་འཛུགས་འདྲ་མིན་ནང་ལོ་ཆུང་དུས་ནས་ལས་འགན་མང་ཤོས་ཁུར་བས་ཉམས་མྱོང་ཆེ་ཤོས་རེད། དེ་ནས་བཀྲ་ཤིས་དབང་འདུད་ཀྱིས་གཙོ་བོ་བོད་གཞུང་དང་བོད་གཞུང་གི་དོན་གཅོད་ཀྱི་ཕྱག་ལས་འདྲ་མིན་གནང་བས་དེའི་ཐད་ཕུན་སུམ་ཚོགས་པོ་རེད། འོན་ཀྱང་རྣམ་གྲངས་མང་པོ་མ་རེད་ལ་ཁྱབ་ཁོངས་དེ་བོད་གཞུང་གི་ཉི་གདུགས་འོག་ལ་རེད། བློ་སེང་གིས་ཆུ་བཞི་སྒང་དྲུག་གསར་པའི་དྲུང་ཆེ་བྱས་པ་དང་། དེ་ནས་རྒྱ་བོད་མཁས་པའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱེད་མྱོང་བ་རེད། དེས་ན། ཉམས་མྱོང་ཨང་དང་པོ་བཀྲས་མཐོང་དང་གཉིས་པ་བཀྲ་ཤིས་དབང་འདུད། གསུམ་པ་བློ་སེང་རེད།
གསུམ་པ་མཐོང་རྒྱ། འོས་མི་གསུམ་ཀས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་གནས་སྟངས་ཡག་པོ་མཐོང་ཡོད་རེད། བཀྲ་དབང་དང་བཀྲས་མཐོང་གིས་བོད་ཀྱི་སྤྱི་ཚོགས་རྙིང་པ་མཐོང་མྱོང་ཡོད། ཡང་བཀྲས་མཐོང་བོད་དང་རྒྱ་ནག་ལ་ངོ་བསྐྱོད་མྱོང་བ་དང་བློ་སེང་གིས་ཉེ་དུས་རྒྱ་ནག་ལ་ཉིན་ཤས་བསྐྱོད་མྱོང་ཡོད། དེར་བརྟེན་མཐོང་རྒྱ་ཆེ་ཤོས་བཀྲས་མཐོང་དང་དེ་ནས་བཀྲ་དབང་བློ་སེང་གཉིས་ཀ་ཨང་གཉིས་པར་འཇོག་གི་ཡིན།
བཞི་པ། འཇོན་ཐང་དང་གསར་གཏོད། བཀྲས་མཐོང་གིས་ཤེས་བྱ་དང་གཞོན་ལྷན། བོད་གནས་བསྐྱར་ཞིབ། ཨ་རི་དོན་གཅོད། ཨ་རི་བོད་ཀྱི་ཐེབས་རྩ། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། ཨ་རིར་ལོ་ལྟར་བོད་མི་སློབ་སྦྱོང་དུ་གཏོང་བའི་ལས་རིམ། ཨ་རིར་བོད་མི་ ༡༠༠༠ གཞིས་ཆགས་སུ་བཏང་བ། བོད་ནང་ལོ་བདུན་གྱི་གློག་བརྙན། བོད་དོན་ཚོགས་པ་༡༠༠ ཏཱ་ལའི་བླ་མའི་ཐེབས་རྩ་སོགས་བཙུགས་པ་དང་། དགེ་རྒན་དང་སྐད་སྒྱུར། དྲུང་ཡིག དོན་གཅོད། བཀའ་བློན། བཀའ་ཁྲི། ཚོགས་གཙོ། སློབ་དཔོན་སོགས་སྣ་མང་གནང་མྱོང་བས་ཨང་དང་པོ། བཀྲ་དབང་གིས་བཀའ་བློན་ཐེངས་མང་དང་དོན་གཅོད་ལན་མང་གནང་བས་གཉིས་པ། བློ་སེང་གིས་བོད་རྒྱ་ཚོགས་འདུ་གོ་སྒྲིག་ཐེངས་ཁ་ཤས་གནང་བས་གསུམ་པར་འཇོག་གི་ཡིན།
ལྔ་པ། བློ་ཁོག བློ་ཁོག་ཆེ་ཆུང་བཤད་ཐུབ་ཀྱི་མི་འདུག བློ་སེང་གིས་ཐེ་ཝན་ཕོགས་ཟན་འཆི་མེད་ཚེ་རིང་བཀག་སྟེ། ལས་ལ་བཤན་པ་བསྐོས་ནས། སྡིག་ལ་འཛེམས་དོན་མེད་ཅེས་བཤད་པ་དང་། དེ་མིན་གྱི་བྱ་སྤྱོད་ལ་གཞིགས་ན་བློ་ཁོག་ཆེན་པོ་རེད་འདུག བཀྲས་དབང་གིས་དོལ་རྒྱལ་ཚོགས་པའི་མདུན་དུ་ཐོན་ནས་སྐད་ཆ་བཤད་པར་བསམས་ནའང་བློ་ཁོག་ཆེན་པོ་རེད། བཀྲས་མཐོང་གིས་ཆུ་སྒང་གིས་འུར་མང་པོ་རྒྱག་དུས། སྔོན་མའི་བྱས་རྗེས་ཀྱི་ཡུད་འཁྱེར་ནས་ད་ལྟ་སྐད་ཆེན་པོ་རྒྱག་དོན་མེད་ལུགས་བཤད་པར་གཞིགས་ན་བློ་ཁོག་ཆེན་པོ་ཡིན་འདྲ། འདི་ལ་བརྒྱ་ཆ་སྤྲོད་ཤེས་མ་སོང་།
དྲུག་པ། དགོངས་ཞུ། བཀྲ་ཤིས་དབང་འདུད་ཀྱིས་ ༡༩༩༠ ལོར་བཀའ་བློན་ནས་དགོངས་པ་ཞུས་པ་དང་། བཀྲས་མཐོང་གིས་ ༡༩༩༥ ལོར་བཀའ་ཁྲི་ནས་དགོངས་པ་ཞུས་པ། བློ་སེང་གིས་གཞོན་ལྷན་དབུས་རྒྱུན་དང་ཆུ་སྒང་གསར་པའི་དྲུང་ཆེ། བྱང་ཨ་རིའི་སྤྱི་འཐུས་འོས་མི་བཅས་ནས་དགོངས་པ་ཞུས་པས་འདྲ་འདྲ་ཞིག་རེད། བཀྲས་མཐོང་བཀའ་ཁྲི་ནས་དགོངས་པ་ཞུ་བའི་སྐབས་ཀྱི་བཀའ་ཤག་དེའི་གནས་སྟངས་ལ་ཞིབ་འཇུག་གཟབ་ཙམ་བྱེད་དགོས་འདུག གང་ཡིན་ཟེར་ན། བཀའ་ཤག་དེའི་ནང་ནས་ལོ་དང་པོ་དེ་གར་ཐོག་མར་རྒྱ་ལོ་དོན་གྲུབ་དགོངས་པ་ཞུ་དགོས་བྱུང་བ་དང་། དེའི་རྗེས་རྗེ་བཙུན་པདྨ་དགོངས་པ་ཞུ་དགོས་བྱུང་། དེ་ནས་བཀྲས་མཐོང་དགོངས་པ་ཞུས་པ་རེད། དེ་ལ་གནད་འགག་ཁ་ཤས་ཏན་ཏན་འདུག ད་དགོངས་ཞུའི་ཐད་བཀྲ་ཤིས་དབང་འདུད་ཨང་དང་པོ་དང་། བཀྲས་མཐོང་གཉིས་པ། བློ་བཟང་སེང་གེས་དགོངས་ཞུ་བྱས་པ་མང་བར་གསུམ་པར་བཞག
བདུན་པ། ནོར་འཁྲུལ་འཐུས་ཤོར། འདིའི་ཐང། བཀྲ་ཤིས་དབང་འདུད་ཀྱིས་ལྡི་ལི་དོན་གཅོད་གནང་སྐབས་༸གོང་ས་མཆོག་གི་གནམ་གྲུའི་འཛིན་བྱང་ཡིག་སྐྱེལ་གྱི་ལག་པར་བཞག་པ་དང་། གནམ་གྲུའི་འཕུར་ཚེས་ལ་འགྱུར་བ་ཕྱིན་པ་ཧ་མ་གོ་བས། ༸གོང་ས་མཆོག་གནམ་ཐང་དུ་བཞུགས་དགོས་བྱུང་བ། དེ་སྔོན་ཀུན་བཟང་བླ་མའི་རྙོག་དྲ་ལངས་དུས། གཞུང་གི་གསང་བ་སྲུང་མ་ཐུབ་པར་ཁྲོམ་བསྒྲགས་གནང་བའི་འཐུས་ཤོར་བྱུང་ཡོད། བཀྲས་མཐོང་གི་སྐབས་སུ། གཞུང་དངུལ་བར་ཟོས་བྱས་པ་མེད་ཀྱང་དངུལ་རྩིས་ཁ་མ་འདུམ་པ། ལ་དྭགས་སུ་ཁུ་ལུའི་ཚོང་ཉེས་བྱུང་བའི་འཐུས་ཤོར་བྱུང་ཡོད། བློ་བཟང་སེང་གེས་ལས་ཀ་མང་པོ་བྱས་མེད་སྟབས་འཐུས་ཤོར་འདི་བྱས་ཞེས་བརྗོད་དཀའ་བ་ཡིན་དགོས་ཀྱང་། དོན་ཆུང་ཞིག་གི་ཆེད་དུ་ཀྲུང་གོའི་ཕྱིར་སྡོད་རང་མིའི་ལག་འཁྱེར་བླངས་པ་དང་། རྩོམ་ཡིག་ཁ་ཤས་ནང་བོད་ཀྱི་སྤྱི་ཚོགས་རྙིང་པ་དེ། རྒྱ་ནག་གཞུང་གིས་བཤད་པ་བཞིན་བཀས་བཀོད་རྒྱུན་འཛིན་ཞིང་བྲན་རིང་ལུགས་རེད་ཅེས་བྲིས་ཐལ་བྱས་པ། འོས་འགྲན་གྱི་བརྒྱུད་རིམ་ནང་རྫུན་དང་ཧམ་པ་བཤད་པ་བཅས་བྱུང་ཡོད། དེར་བརྟེན་འཐུས་ཤོར་གྱི་ཆ་ནས་ཨང་ཀི་སྤྲོད་དགོས་ན། བཀྲས་མཐོང་ཨང་དང་པོ། བཀྲས་དབང་གཉིས་པ། བློ་སེང་གསུམ་པར་འཇོག་གི་ཡིན། གང་ཡིན་ཟེར་ན། ལས་ཀ་སྣ་མང་དང་མང་ཤོས་བྱེད་མཁན་དེ་ལ་འཐུས་ཤོར་དང་ནོར་འཁྲུལ་འབྱུང་བའི་རང་བཞིན་ཆེ་བ་ཡོད། བློ་སེང་ལྟ་བུའི་གསར་བུ་ཞིག་ལ་ནོར་འཁྲུལ་དང་འཐུས་ཤོར་དེ་ཙམ་ཡོད་དུས། ལས་ཀ་མང་པོ་བྱས་ན་དེ་བས་ཀྱང་མང་བ་ཡོང་ངེས་པ་རིག་པས་གྲུབ།
སྡེ་ཚན་འདི་ལ་ལྟད་མོ་ཆེན་པོ་འདུག ཐོས་རྒྱ་ཆེ་ཀི དཔྱད་པ་རྣོ་ཀི སྒྲོ་འདོགས་ཉུང་ཀི དོན་ལ་གཞོལ་ཀི བཀའ་ཁྲི་འཚོལ་དགོས་ན་སྡེ་ཚན་འདི་ལ་བལྟས་ནས་འོས་དངོས་གཞི་དེ་འཚོལ་དགོས་ས་རེད་འདུག
བློ་ཁོག་ཆེ་ཆུང་ཡང་ཆ་རྐྱེན་ལ་རྩིས་ན། མང་པོ་ཡོད་རེད། ཆབ་སྲིད་པ་ཞིག་ཡིན་ན་ལྟོས་མདོག་ཡོད་མེད་དངརྣམ་
རིགགྲུང་མིན་གཏམ་བཤད་མཁས་མིན་ཡང་གལ་ཆེན་པོ་རེད།ན་གཞོན་དར་མ་དང་མི་སེར་དཀྱུས་མ་ནས་སླེབ་པ་ཡིན་ན།ཆ་རྐྱེན་མིན་ནའང་དེའི་སྟེང་ནས་རྩ་དོན་ཀྱི་གསོན་ཤུག་དང་རྒྱུན་འཛིན་ཀྱི་ངར་ཡལ་གི་མེད་པའི་མཚོན་རྟགས་སམ་སྤོ་པ་ཞིག་མཐོང་ཐུབ། བཀའ་ཁྲིའི་འོས་མི་ལ་གསར་གཏོད་ཅན་ཞིག་དགོས་ན། མི་མང་ལ་ཡང་གསར་གཏོད་ངེས་བར་དུ་ལྡན་དགོས་ངེས་རེད།
ཆབ་སྲིད་པ་ལ་ལྟོས་མདོག་དེ་གཟིག་མེད་ན།སྔོན་མ་འཇུ་ཆེན་གཙོ་བྱོས་བའི་སྐུ་ཚབ་ལ་ཚོང་པ་འདྲའོ་ཁ་ཤས་ཞིག་བཏང་བཞག་ལབ་བ་རེད་ཟེར།བཀྲས་མཐོང་གཙོ་བྱོས་པའི་སྐུ་ཚབ་ལ་སློབ་ཕྲུག་འདྲའོ་ཁ་ཤས་ཞིག་བཏང་བཞག་ལབ་པ་རེད་ཟེར།
ཡ་ད་དེ་རིང་། བཀའ་ཁྲིའི་འོས་མི་རེ་རེར་སྐར་གྲངས་ག་ཚོད་རེ་ཐོབ་ཡོད་མི་སྡོམ་རྒྱག་གི་ཡིན། གོང་དུ་བསམ་ཚུལ་རྗོད་མཁན་ཚང་མར་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་གི་ཡིན།
སྐར་མ་ཁ་ཤས་ཤིག་སྒུག་ཨ།
བཀའ་ཁྲིའི་ཆ་རྐྱེན་གཙོ་བོ་བརྒྱད་ཀྱི་ཐོག་ནས་བཀའ་ཁྲིའི་འོས་མི་གསུམ་ཆ་བསྡུར་ནས་སྐར་གྲངས་སྤྲད་པའི་གྲུབ་འབྲས་གཤམ་གསལ། ཡིན་ནའང་དོན་ཚན་བརྒྱད་པར། སྐར་གྲངས་སྤྲད་མེད།
ཨང་དང་པོ། བསྟན་འཛིན་རྣམ་རྒྱལ། ༢༨་༦
ཨང་གཉིས་པ། བཀྲ་ཤིས་དབང་འདུས། ༢༧་༤
ཨང་གསུམ་པ། བློ་བཟང་སེང་གེ། ༢༥་༡
ད་འདིར་གསལ་བཤད་ཅིག་ལ།
འཇམ་དཔལ་ཚུལ་ཁྲིམས་ཀྱི་དགོངས་འཆར་ལྟར། ཤེས་ཡོན་ལ་བསྟན་རྣམ་གྱི་སྐར་གྲངས་ ༠་༥ མར་བཅག་པ་ཡིན།
ལ་རྒྱའི་བདག་པོའི་དགོངས་འཆར་ལྟར། ཉམས་མྱོང་དང་། དེ་ནས་མགོ་ཁྲིད་དང་འཛིན་སྐྱོང་གི་ནུས་པ་ལ། བློ་སེང་ལ་སྐར་གྲངས་ ༠་༥ རེ་བཅག་པ་ཡིན།
ཁང་གསར་ལགས་ཀྱིས་གསུང་ཧ་ཅང་སྣང་བར་འགྲོ།
ད་ལས་རིམ་འདི་རྫོགས་ཟིན་པ་ཡིན་ནམ། ད་དུང་དགོངས་ཚུལ་གསུང་མཁན་མེད་པ་གང་ཡིན།