{བཀའ་ཁྲིའི་འོས་མི་སྐུ་ཞབས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནས་ཊི་པི་ཨར་(Tibetan Political Review)གྱི་བཀའ་ཁྲི་དང་འབྲེལ་བའི་དྲི་བ་ཞུས་པ་ཁག་ལ་ལན་འདེབས་གནང་བ་གཤམ་གསལ།}
མཁོ་སྤྲོད་པ་བསྟན་འཛིན་འཇིགས་མེད།
སྤྱིར་བཏང་།
དྲི་བ། ༡༽ བཀའ་བློན་ཁྲི་པ་ནི་འཛིན་སྐྱོང་ཡིག་ཚང་ནང་གི་གོ་གནས་མཐོ་ཤོས་དེ་ཆགས་ཀྱི་ཡོད། སྐུ་ངོ་མཆོག་ནས་རང་ཉིད་ཀྱི་གནས་འབབ་ལ་གཞིགས་ནས་གོ་གནས་དེའི་ཐོག་ཇི་ལྟར་ཞབས་ཞུ་བསྒྲུབ་ཐུབ་པར་དགོངས་སམ།
བཀའ་ལན། ངོས་ནས་འགོ་འཁྲིད་ཀྱི་གོ་དབང་དང་། ལྷག་བསམ། ཉམས་མྱོང་བཅས་ཀྱི་སྒོ་ནས་ཞབས་ཞུ་སྒྲུབ་རྒྱུ་ཡིན། ངོས་ནས་བོད་གཞུང་གི་དབྱིན་དྲུང་ནས་བཀའ་བློན་གྱི་བར་ལས་ཀའི་ངོ་བོ་སྣ་ཚོགས་ཐོག་རྡ་ས་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རང་གཞུང་གི་ལས་ཁུངས་ཁག་ནང་ཞབས་ཕྱི་ཞུས་ཡོད་ལ། གཞན་ཡང་ཚོགས་སྡེ་སྣ་ཚོགས་དང་སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་རིགས་ཁག་གི་འགན་འཁུར་ཡང་ལན་མང་ཞུ་མྱོང་ཡོད། ངོས་ནས་ད་བར་དེ་ལྟར་ཞབས་ཕྱི་ཞུ་སྐབས་ཕན་འབྲས་མི་དམན་པ་བྱུང་བར་འདོད་བློ་ཚིམ་པའི་བསྔགས་བརྗོད་ཐོབ་ཐུབ་པ་བྱུང་།
ཉམས་མྱོང་དེ་དག་གི་བརྒྱུད་ངོས་ནས་དབུ་འཁྲིད་དང་མཁས་དབང་ཁག་དང་འབྲེལ་ལམ་གྲོས་བསྡུར་བརྒྱུད་ང་ཚོའི་གནས་ཚུལ་དང་དཀའ་ངལ་ལ་གདོང་ལེན་བྱེད་རྒྱུའི་སྲིད་བྱུས་བཟང་པོ་འདིང་རྒྱུའི་གདེང་ཚོད་རྙེད་བྱུང། ངོས་ནས་མི་མང་གི་དཀའ་ངལ་དང་དགོས་མཁོ་བཅས་ལ་བློ་རྒྱ་ཡངས་པོ་བྱེད་རྒྱུ་བྱུང་། དཀའ་ངལ་བསྟུད་མར་གནས་པའི་གནས་ཚུལ་རིགས་ལ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་བ་སོགས་སྤྱི་ཚོགས་ནང་འགོ་འཁྲིད་དང་མདུན་བསྐྱོད་བྱེད་རྒྱུ་བཅས་ལ་ཞབས་འདེགས་མི་དམན་པ་བསྒྲབས་ཡོད།
དྲི་བ། ༢༽ སྐུ་ཉིད་ཀྱི་ཞན་ཆ་ཆེ་ཤོས་གང་ཡིན་ནམ། བཀའ་ཁྲི་གནང་སྐབས་དེ་དག་ལ་གདོང་ལེན་ཇི་ལྟར་གནང་རྒྱུ་ཡིན་ནམ།
བཀའ་ལན། སུད་སི་བགྲོ་གླེང་སྐབས་ཊི་པི་ཨར་ནས་བསྐྱར་ཞིབ་གནང་བའི་ནང་གུས་པའི་ཞན་ཆར་རང་ཉིད་དེ་སྔ་བོད་ཀྱི་གཞོན་ནུའི་ལྷན་ཚོགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པའི་ནང་ལས་འཆར་འདིང་རྗེས་དེ་གར་མུ་མཐུད་མི་གནས་པ་དེ་ཡིན། ཁོང་རྣམ་པས་དེ་ལྟར་མི་གནས་པའི་རྒྱུ་མཚན་དྲིས་ཡོད། ཐོག་མར་ཞུ་རྒྱུར། དངོས་ཡོད་གནས་ཚུལ་ལ་གང་ཟག་ཞིག་གི་ལས་འཆར་དང་ཚོགས་སྡེ་གང་རུང་ལ་ཞབས་འདེགས་ཆེ་ཤོས་དེ་ནི་རང་ངོས་ནས་ལས་འཆར་ས་བརྟན་འདིང་བ་དང་ཚོགས་པ་དེ་ཉིད་རང་ཚུགས་ཐུབ་པ་ཞིག་ཏུ་བསྐྲུན་རྗེས་རང་ཉིད་ལས་གནས་ཐོན་ཐུབ་པ་བྱ་རྒྱུ་དེ་ཚོགས་སྡེའི་ནང་དབུ་འཁྲིད་གསར་པ། ཚོགས་མི་གསར་པ། ནུས་པ་གསར་པ་ཐོན་སྐབས་དེ་དག་ལ་གོ་སྐབས་སྤྲད་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཐོག་མའི་མི་རབས་ཀྱི་འགོ་འཁྲིད་ཚོས་དེ་ལྟར་གནང་ཡོད། དེས་འབྱུང་འགྱུར་གྱི་འགོ་འཁྲིད་རྣམས་ནས་མུ་མཐུད་ཚགས་ཚུད་ཐོག་གནས་ཐུབ་རྒྱུར་དཔེ་མཚོན་བཞག་ཡོད། ང་ཚོས་རང་ཉིད་ལས་གནས་ནས་ཁ་བྲལ་དགོས་བྱུང་ནའང་རྟག་ཏུ་གཞོན་སྐྱེས་ལས་རོགས་རྣམས་ལ་སེམས་ཤུགས་སྤར་རྒྱུ་དང་། དབང་ཚད་དང་། གོ་སྐབས་ཡོད་པའི་ལས་གནས་ཁག་ལ་ཞུགས་རྒྱུའི་གོ་སྐབས་བསྐྲུན་དགོས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཚོགས་པ་ལྟ་བུར་མཚོན་ན་རང་ཉིད་ཨ་རི་ཝ་ཤིང་ཀྲོན་ཌི་སིར་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་ལས་གནས་སྐབས་གསར་འཛུགས་ཞུས་པ་དང་། དེར་ངོས་ནས་འགན་གཙོ་བོ་ཞུས་ཡོད། འོན་ཀྱང་རང་ཉིད་བོད་གཞུང་གི་གཞུང་ཞབས་པ་ཞིག་ཡིན་པའི་ཆ་ནས་རྡ་རམ་ས་ལར་ཕྱིར་ལས་བཅར་ཞུ་སྐབས་རང་གི་རྗེས་འཛིན་པ་དེར་རྩིས་སྤྲོད་བྱ་རྒྱུ་དེ་ལུགས་མཐུན་ཞིག་ཡིན། གཞན་གུས་པའི་ཞན་ཆ་བརྗོད་པར་རང་གིས་རང་ལ་ཚོད་དཔག་དཀའ་བས་གུས་པར་ཐད་ཀར་སྐྱོན་བརྗོད་བྱུང་ཚེ་དེ་དང་འབྲེལ་བར་གསལ་བཤད་ཞུ་ཆོག་པ་ཞུ། །
དྲི་བ། ༣༽ བཀའ་ཤག་ནང་དང་། དེ་བཞིན་གོ་གནས་ཆེ་ཁག་ལ་བསྐོ་བཞག་གནང་རྒྱུའི་མི་སྣ་འོས་པ་སུ་དང་སུ་ཡོད་དམ། དེ་དག་ལ་རྒྱུ་མཚན་ཞིག་གསུངས་རོགས།
བཀའ་ལན། བཀའ་ཤག་ནང་ནང་སྲིད་དང་། ཤེས་རིག ཆོས་རིག དཔལ་འབྱོར། བདེ་སྲུང་། ཕྱི་དྲིལ། འཕྲོད་བསྟེན་བཅས་ལྷན་ཁང་ཁག་བདུན་ཡོད་པའི་ནང་དབུ་འཁྲིད་མི་སྣ་རྣམས་རང་རང་སོ་སོའི་སྡེ་ཚན་དང་མཚམས་པའི་ཤེས་འཇོན་ལྡན་པ་དགོས། སྤྱིར་རང་རེ་བོད་མིའི་སྤྱི་ཚོགས་ནི་ཤིན་ཏུ་ཆུང་བས་ལས་གནས་དེའི་རིགས་ལ་མཁས་པ་མི་སྣ་སུ་ཡོད་ཤེས་རྟོགས་ཐུབ་སླ་ལ། ལྷག་པར་གཞུང་ཞབས་བགྲེས་པ་ཕལ་མོ་ཆེ་ལས་སྣེ་དེར་འོས་ཆོས་ཚང་བ་ཡོད། དེ་བཞིན་གཞུང་ཞབས་མ་ཡིན་པའི་མི་སྣ་མཁས་པའང་མི་ཉུང་བ་ཞིག་ཡོད་པས་ཁོང་རྣམ་པར་ཡང་གོ་སྐབས་སྦྱིན་ཚེ་ལས་གནས་འདིར་ཞུགས་རྒྱུའི་འདུན་པ་དང་ནུས་པ་ཡོད་ངེས་ཡིན། དེའི་ཕྱིར་ལྷན་ཁང་སོ་སོར་མི་གང་དྲག་དྲག་དང་འོས་ཤིང་མཚམས་པ་དགོས་ཀྱི་ཡོད། གཞུང་ཞིག་འཛིན་པར་ཆབ་སྲིད་ཀྱི་གོ་རྟོགས་དང་། རང་རེ་བོད་མིའི་ཚོགས་སྡེ་དང་། ས་གནས། ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་མི་མང་ཀུན་གྱི་སྐུ་ཚབ་མཚོན་ཐུབ་པ་ཞིག་དགོས་ཀྱི་ཡོད།
དྲི་བ། ༤༽ ཉིད་ཀྱི་དགོངས་པར་བོད་གཞུང་ལ་གནད་དོན་གལ་ཆེ་བ་གང་དང་གང་འཕྲད་ཀྱི་ཡོད་པ་དེ་དག་གལ་ཆེའི་གོ་རིམ་གྱི་སྒོ་ནས་གསུངས་རོགས་གནང་།
བཀའ་ལན། བོད་གཞུང་ལ་གནད་དོན་གལ་ཆེ་ཤོས་ནི་བོད་ཀྱི་གནད་དོན་དེ་ཡིན། དེ་ཡང་བོད་ཀྱི་བདེན་པའི་འཐབ་རྩོད་དེ་མདུན་བསྐྱོད་བྱ་ཐབས་དང་། བོད་མི་ཡོངས་ཀྱི་རེ་བ་དང་སྨོན་ལམ་བསྒྲུབ་རྒྱུ་དེ་ཡིན། གནད་དོན་གལ་ཆེ་བ་གཉིས་པ་ནི། བོད་གཞུང་གི་ཚོགས་སྡེ་ཁག་རྒྱ་དམར་གྱི་ངན་བྱུས་ལས་སྲུང་སྐྱོབ་བྱ་རྒྱུ་དང་། བོད་མི་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་དང་། རེ་བ། འཐབ་རྩོད་ལེགས་གྲུབ་ཡོང་བར་གཞུང་ཚགས་ཚུད་པ་ཞིག་བསྐྲུན་དགོས་རྒྱུ་དེ་ཡིན། བོད་གཞུང་གི་གནད་དོན་ཆེ་ཤོས་ཤིག་ནི་རང་རེ་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཀྱི་དགོངས་དོན་ལྟར་༸གོང་ས་མཆོག་གིས་དབུ་འཁྲིད་པའི་གཞུང་དེ་ཉིད་ཡིན། གནད་དོན་གལ་ཆེ་བ་གསུམ་པ་ནི། བཙན་བྱོལ་སྤྱི་ཚོགས་ཀྱི་བདེ་རྩ་དང་འདོད་དོན་ལ་ལྟ་རྟོག་བགྱི་བའི་སླད་དུ་གང་བཤད་པ་དང་། ལས་གཞི་གང་སྤེལ་བ་དེ་ཉིད་བྱེས་སུ་གནས་པའི་བོད་མི་རྣམས་ལ་ཕན་པ་ཞིག་ངེས་པར་དགོས། ང་ཚོས་གང་བཤད་པ་དེ་ཉིད་བཙན་བྱོལ་བོད་མི་ཁོ་ནའི་ཆེད་མིན་པར་བོད་གཞིས་བྱེས་གཉིས་ཀའི་སྐུ་ཚབ་མཚོན་པའི་སྒོ་ནས་ཡིན་པ་རྒྱ་ནག་གཞུང་དང་འཛམ་གླིང་མི་མང་ནས་ཤེས་རྟོགས་ཐུབ་པ་བཟོ་དགོས་ཀྱི་ཡོད།
དྲི་བ། ༥༽ འབྱུང་འགྱུར་འཕོ་རྒྱུའི་བཀའ་ཁྲི་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཐད་དགོངས་ཚུལ་ཅི་ཡོད་དམ། ཁོང་གིས་གནང་བའི་ཕྱག་ལས་འགྲིག་པའི་དཔེ་མཚོན་ཉུང་མཐར་གཅིག་དང་། མི་འགྲིག་པ་ཞིག་ལ་ཉིད་ནས་དེ་ལས་ལེགས་པར་འདི་ལྟར་བྱ་སྙམ་པའི་དཔེ་མཚོན་ཉུང་མཐར་གཅིག་གསུང་རོགས།
བཀའ་ལན། ངོས་ནས་བཀའ་ཁྲིའི་འོས་མི་རྣམས། བཀའ་ཁྲིར་དངོས་སུ་འགྱུར་མཚམས་བཅས་སུ་འཕོ་འགྱུར་་ཟིན་པའི་བཀའ་ཁྲིར་དཔྱད་ཞིབ་བྱ་རྒྱུ་དེ་མཚམས་པ་ཞིག་མཐོང་གི་མེད། ང་ཚོའི་གོམས་སྲོལ་དང་མི་མཐུན་པ་མ་ཟད་དམིགས་བསལ་གནས་ཚུལ་བྱུང་ན་ལས་དེ་མིན་དེ་ལྟར་བརྗོད་རྒྱུ་འོས་པོ་དང་ཕན་ཐོགས་ཡོད་པ་ཞིག་ཏུའང་མཐོང་གི་མེད། དེ་ནི་རྒྱལ་རབས་དང་། ཡིག་ཆ། གསར་འགོད་པ། དེ་བཞིན་མཁས་དབང་ཁག་གིས་མ་འོངས་དེ་ལྟར་ཞིབ་འཇུག་གནང་ངེས་ཡིན་ལ། དེ་ལྟར་མ་གནང་རུང་མི་མང་ངོས་ནས་ཀྱང་གཞུང་འབྲེལ་མ་ཡིན་པའི་ཐོག་བརྗོད་རྒྱུ་ཉག་ཅིག་ཡིན།
བོད་ནང་གི་གནས་སྟངས།
དྲི་བ། ༦༽ བཙན་བྱོལ་གནས་པའི་བོད་མིའི་ས་ཆའི་ཐོབ་ཐང་དང་། དཔལ་འབྱོར་དབང་ཚད། ཤེས་ཡོན་བཅས་ལ་བཟང་ཕྱོགས་ཀྱི་འགྱུར་བ་སྲ་བརྟན་ཡོང་རྒྱུར་བཙན་བྱོལ་བོད་མིའི་ངོས་ནས་གནང་དགོས་པའི་ཐབས་ལམ་གང་གཟིགས་སམ།
བཀའ་ལན། བོད་ནང་འགྱུར་བ་བཟང་པོ་སྲ་བརྟན་ཡོང་བར་བཙན་བྱོལ་བོད་མིའི་ངོས་ནས་ལུས་ངག་གཉིས་དང་། གཞན་གྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་ཐབས་ཤེས་གང་ཡོང་ཅི་ཡོང་ངེས་པར་བྱེད་དགོས། དེ་ཡང་ང་ཚོས་ས་ཆའི་ཐོབ་ཐང་དང་། དཔལ་འབྱོར་དབང་ཚད། ཤེས་ཡོན་ཙམ་མ་ཡིན་པར་རྒྱ་མིའི་དབང་འཛིན་པས་དམ་བསྒྲགས་དང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་ཐོབ་ཐང་གཞན་མཐའ་དག་གི་ཆེད་དུའང་འཐབ་རྩོད་བྱེད་དགོས། སྤྱི་ལོ་ ༢༠༠༨ ལོར་བོད་མི་མང་པོས་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་རོགས་ཅེས་སྐད་འབོད་རེ་བསྐུལ་ཞུས་ཡོད། དེ་ནི་ཁྲིམས་མཐུན་ཞིག་ཡིན་པས་ངེས་པར་ཤུགས་གནོན་རྒྱབ་དགོས། ལྷག་པར་དུ་ང་ཚོས་བོད་མིའི་ཆབ་སྲིད་ཀྱི་ཐོབ་ཐང་ལ་རྩོད་རྒྱུ་དེ་གལ་ཆེ་ཤོས་ཡིན། དེ་ནི་རྒྱ་མིས་རྡོག་རོལ་གཏོང་བཞིན་པའི་རྨང་གཞི་ལྟ་བུར་འགྱུར་ཡོད། བོད་ནང་གི་བོད་མིའི་གནས་སྟངས་འགྱུར་བ་བཟང་པོ་སྲ་བརྟན་ཡོང་བར་ཐབས་ལམ་གཞན་ཞིག་ནི་ད་ལྟ་འགྲོ་བཞིན་པའི་ལས་འགུལ་ཁག་གི་ནུས་ཤུགས་དེ་ཉིད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསར་གཏོད། འཐབ་བྱུས་གསར་པའི་རིགས་ཀྱང་འདིང་རྒྱུ་དེ་ཡིན། ཉེ་བའི་ཆར་ང་ཚོའི་ངོས་ནས་འབྲེལ་ལམ་བརྒྱུད་ནས་གུ་ཡངས་བྱེད་རྒྱུར་ཤུགས་སྣོན་རྒྱབ་ཡོད། འོན་ཀྱང་དེས་ང་ཚོའི་གནད་དོན་དེ་ཉིད་ཤུགས་ཆེ་རུ་གཏོང་རྒྱུ་དང་གོང་འཕེལ་དུ་འགྱུར་རྒྱུའི་འགལ་སྐྱོན་དུ་མི་འགྲོ་བ་བྱེད་དགོས། ང་ཚོ་བོད་མི་སྒེར་གྱི་ངོས་ནས་རྒྱ་ནག་གི་གཞུང་དེ་ཉིད་ཁྲིམས་ལ་སྦྱོར་ཐབས་ཡོད་མེད་ཐད་བསམ་གཞིགས་བྱེད་དགོས་པ་དཔེར་ན། ང་ཚོའི་ཐོབ་ཐང་དང་། ཁང་ཁྱིམ་རྒྱུ་དངོས་པོ་སོགས་ལ་དོ་ཕོག་བྱུང་བ། ཤེས་ཡོན་དང་ཆོས་དད་རང་མོས་མེད་པ། བརྙས་བཅོས། བཙོན་འཇུག སྡུག་སྦྱོང་། ཐ་ན་ནང་མི་སྤུན་མཆེད་ལ་སྲོག་སྐྱོན་བྱུང་བ་སོགས་ཞུ་གཏུགས་བྱེད་དགོས་པ་ལྟ་བུ་ཡིན། མི་སྒེར་ནས་རིམ་པས་ཐུན་མོང་གི་ནག་ཉེས་རིགས་ཁྲིམས་གཏུགས་བྱེད་ཐབས་ཀྱང་ཡོང་སྲིད་པ་ཡིན། དེ་ཡང་རྒྱ་ནག་དང་། སི་པེན། རྒྱལ་སྤྱིའི་ཁྲིམས་ཁང་། ཡང་ན་དམིགས་བསལ་ཁྲིམས་ཞིབ་ལྷན་ཚོགས་སོགས་གང་ལ་ཞུ་གཏུགས་ཐུབ་མིན་མྱུལ་ཞིབ་བྱེད་དགོས།
དྲི་བ། ༧༽ བོད་རྒྱའི་འབྲེལ་མོལ་ཐད་སྐུ་ཉིད་ཀྱི་ལངས་ཕྱོགས་ཇི་ལྟར་ཡིན་ནམ། ད་ལྟའི་ཆར་རྒྱ་ནག་གཞུང་གི་ཕྱོགས་ནས་༸གོང་ས་མཆོག་སྐུ་སྒེར་གྱི་གནས་ཚུལ་ལས་གཞན་པའི་གནས་ཚུལ་ཐད་གྲོས་བསྡུར་བྱེད་ཀྱི་མེད་པ་དང་། བོད་གཞུང་གི་ཕྱོགས་ནས་ད་ལྟའི་གནས་བབས་ལས་ལྷག་པའི་གུ་ཤངས་བྱ་རྒྱུར་འདུན་པ་མེད་ཅེས་གསུངས་ཀྱིས་ཡོད་པས། བོད་ཀྱི་གནད་དོན་སེལ་ཐབས་སུ་སྐུ་ཉིད་ཀྱི་ཕུག་རྒྱང་རིང་པོའི་དགོངས་གཞི་ཅི་ཡིན་ནམ།
བཀའ་ལན། རྒྱ་གཞུང་ནས་༸གོང་ས་མཆོག་སྐུ་སྒེར་གྱི་གནས་བབས་དང་ཐུགས་འདོད་ཁོ་ནའི་ཐད་སྐད་ཆ་ཤོད་འདོད་བྱེད་ཀྱི་ཡོད་པ་དང་། དབུ་མའི་ལམ་གྱི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གྲོས་འཆར་ལ་ངོས་ལེན་ཞུས་ཀྱི་མེད་སྟབས་ད་ལྟའི་ཆར་བོད་རྒྱའི་འབྲེལ་མོལ་མཚམས་ཆད་ནས་ལུས་ཡོད། དེས་ན་ང་ཚོའི་ལངས་ཕྱོགས་ཐད་བསམ་གཞིགས་གཟབ་ནན་བྱེད་དགོས། ཐ་ན་ཐབས་ཤེས་གསར་པའི་ཐད་ལའང་དགོངས་པ་བཞེས་དགོས། དྲང་བདེན་གྱི་ཐོག་ལ་ཐེ་ཚོམ་མེད་པར་ཤུགས་གནོོན་རྒྱབ་དགོས། ཕུག་རྒྱངས་རིང་པོའི་བོད་དོན་དཀའ་ངལ་སེལ་ཐབས་ནི་ནམ་ཞིག་རྒྱ་མིའི་འགོ་འཁྲིད་ཚོས་རྒྱ་མིས་བོད་དབང་བསྒྱུར་བྱེད་པ་དེ་ནོར་འཁྲུལ་ཞིག་ཏུ་ལྟ་ཐུབ་པ་དང་། ད་བར་མི་ལོ་ལྔ་བཅུའི་རིང་རྒྱ་ཕྱོགས་ནས་བོད་ཀྱི་ཐོག་འཛིན་པའི་སྲིད་བྱུས་སྐྱོན་ཅན་དེ་དག་གིས་བོད་དང་རྒྱ་མི་གཉིས་ཀར་སྐྱོན་བྱུང་བ་དང་། བོད་མིའི་མངོན་འདོད་རྩ་བར་བཟུང་ནས་རྒྱ་གཞུང་གི་སྲིད་བྱུས་ཆ་ཚང་བསྐྱར་བཅོས་དགོས་པར་གཟིགས་མཚམས་བོད་ཀྱི་གནད་དོན་དེ་ཉིད་སེལ་འགོ་ཚུགས་པ་ཡིན། དེ་ལྟ་བུའི་འཁོར་ཡུག་དངོས་སུ་བསྐྲུན་པར་རྒྱ་ཕྱོགས་ཀྱི་བསམ་བློར་འགྱུར་བ་འགྲོ་བ་ང་ཚོ་བོད་མི་ཚོར་རག་ལུས་ཡོད། དབུ་མའི་ལམ་གྱི་གྲོས་འཆར་ནང་གཙོ་བོ་བོད་མི་རྣམས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཇི་ལྟར་གནས་མིན་སྐོར་གསལ་ཡོད། ད་ལྟའི་ཆར་གལ་ཆེའི་གནད་དོན་གླེང་དགོས་པ་ནི་ང་ཚོས་སྒྲོམ་གཞི་ཇི་འདྲ་ཞིག་གི་ཐོག་མུ་མཐུད་འཐབ་རྩོད་བྱེད་དགོས་མེད་ལ་ཐུག་ཡོད། ང་རང་ཚོའི་འཐབ་རྩོད་དེ་ནི་རྒྱ་མིའི་འགོ་འཁྲིད་ཚོའི་མདུན་ནས་གང་རག་ཐུབ་པ་ཙམ་མ་ཡིན་པར་ད་ཡོད་འཛམ་གླིང་ཡོངས་ཀྱི་ཚོགས་སྡེ་ཁག་གི་འཐབ་རྩོད་བྱེད་བཞིན་པ་ལྟར་ང་ཚོས་ཀྱང་ཁྲིམས་མཐུན་དང་དྲང་བདེན་འོག་ཐོབ་ཐང་ལེན་རྒྱུ་དེ་ཡིན། རྒྱ་ནག་གཞུང་ལ་དམིགས་བསལ་མེད་པར་ཁོང་རྣམས་དང་འཛམ་གླིང་ཡོངས་ལ་གནད་དོན་དེ་དག་ཁ་གསལ་ར་སྤྲོད་ཐུབ་པ་བྱ་དགོས་པ་ནི་ང་ཚོའི་ལས་འགན་ཡིན། བོད་ནི་རྒྱ་མིའི་དབང་འོག་ཏུ་མཐའ་གཅིག་ཏུ་ཚུད་ཡོད་སྟབས་ཚུར་འཕྲོག་ཐབས་མེད་ཀྱང་རྒྱ་མིའི་བསམ་བློར་འགྱུར་བ་གཏོང་ཐབས་འཚོལ་དགོས། བོད་མིར་རང་དབང་དང་ཐོབ་ཐང་ཅུང་ཐོབ་ཚེ་རྒྱ་ནག་གི་ལྷིང་འཇགས་ལ་གནོད་འཚེ་ཡོང་བའི་རྒྱ་གཞུང་ལ་འཇིགས་སྣང་ཡོད་པ་དེ་ནོར་འཁྲུལ་ཡིན་པ་ཁོང་ཚོར་ཡིད་ཆེས་སྐྲུན་དགོས། དེ་ནི་གཡོ་ཐབས་བྱེད་པ་ལྟ་བུར་སྣང་ཡང་སྣང་ཆུང་དུ་མ་སོང་བར་མུ་མཐུད་འབད་བརྩོན་གནང་དགོས་པ་ཡིན། ང་ཚོས་ཕུག་རྒྱངས་རིང་པོའི་དམིགས་ཡུལ་གྱི་ལས་གཞིར་འཇུག་སྐབས་གྲུབ་འབྲས་དེ་ཉིད་མ་འོངས་པར་འགྲུབ་རྒྱུ་ཙམ་གྱི་བསམ་བློ་འཁྱེར་རྒྱུ་མེད་ལ། མུ་མཐུད་རྒྱ་དམར་གཞུང་ལ་ཁོང་ཚོས་འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་རིག་གཞུང་རྩ་གཏོར་ཚད་མེད་བཏང་དང་གཏོང་བཞིན་པ་དང་བོད་ནང་གི་བོད་མིས་དཀའ་སྡུག་མྱང་དང་མྱོང་བཞིན་པའི་ནག་ཉེས་དེ་རྒྱ་དམར་གཞུང་གིས་འགན་འཁྱེར་དགོས། འདས་པའི་གནས་ཚུལ་བགྲངས་པ་དེ་ནི་མཚོན་དོན་ཙམ་མ་ཡིན་པར་རྒྱུ་མཚན་དེ་དག་ལས་མ་འོངས་པར་དྲང་བདེན་གོང་འཕེལ་ཡོང་རྒྱུའི་ཆེད་ཡིན། དེ་ཙམ་མ་ཟད་འདས་པའི་གནས་ཚུལ་ཁུངས་ལྡན་བརྒྱུད་རྒྱ་དམར་ངོས་ནས་འདས་པའི་མི་ལོ་ལྔ་བཅུའི་ནང་བོད་མིར་ཕོག་ཐུག་གྱོང་གུན་ཚད་མེད་བཏང་བར་ངོས་ལེན་དང་། གུན་གསབ། དགོངས་སེལ་ཞུ་དགོས་པར་ངག་སྒྲ་ཤུགས་ཆེ་དང་ཛ་དྲག་ཐོག་དོ་ནན་ཞུ་དགོས།
དྲི་བ། ༨༽ དབུ་མའི་ལམ་གྱི་སྲིད་བྱུས་དེ་གྲོས་ཚོགས་ནས་གྲོས་ཆོད་གཏན་འབེབས་གནང་མེེད་ལ། རྩ་ཁྲིམས་དང་གྲོས་ཆོད་གང་གི་ནང་དུའང་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཐ་སྙད་དེ་གསལ་མེད། དེ་ལྟར་ནའང་ད་ལྟའི་བཀའ་ཤག་ངོས་ནས་སྲིད་བྱུས་དེའི་འོག་ཤུགས་དྲག་པོར་བསྐྱོད་པ་དང་། སྲིད་བྱུས་དེ་ཉིད་བོད་མིི་མང་མོས་དང་སྤྱི་འཐུས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པར་གསུངས་བཞིན་ཡོད། སྐུ་ཉིད་སྲིད་བྱུས་དེ་གའི་ཐོག་བསྐྱོད་རྒྱུ་ཡིན་ནམ། ཡིན་ན་རྒྱུ་མཚན་གསུངས་རོགས། མིན་ན་་ཉིད་ནས་བོད་ཀྱི་གནད་དོན་སེལ་བར་སྲིད་བྱུས་ཐག་གཅོད་གཏན་འབེབས་ཇི་ལྟར་གནང་འཆར་ཡོད་དམ།
བཀའ་ལན། དེ་ནི་བདེན་པ་ཡིན། གྲོས་ཚོགས་ནས་དེ་ལྟར་གསལ་པོ་གསུངས་མེད་དུས་དབུ་མའི་ལམ་གྱི་སྲིད་བྱུས་དེ་བོད་མི་མང་གི་མང་མོས་ཡོད་ཅེས་བརྗོད་པར་ཅུང་མི་བདེ་བ་ཡིན། ངའི་བསམ་པར་ང་ཚོས་དེ་སྔ་འཛིན་པའི་སྲིད་བྱུས་ལ་དམིགས་བསལ་འཇུག་དགོས་པར་མཐོང་གི་མེད། གང་ལ་ཞེ་ན་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་མ་ཟད་མ་འོངས་གྲོས་མོལ་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་གནས་ཚུལ་ཁོ་ན་ལས་གནད་དོན་གཞན་ཐོག་གྲོས་མོལ་བྱེད་རྒྱུར་འདོད་པ་མེད་པ་བསལ་པོར་བརྗོད་ཡོད། ༸གོང་ས་མཆོག་ནས་ཀྱང་སྤྱི་ལོ་ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་ཀྱི་གནད་དོན་ཐོག་བསྐྱར་ཞིབ་ཆེད་དམིགས་བསལ་ཛ་དྲག་ཚོགས་ཆེན་བསྐོང་གནང་བ་དང་། དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ཡར་རྒྱས་ཀྱི་མདུན་བསྐྱོད་བྱ་དགོས་པའི་སེམས་ཤུགས་བསྐྲུན་གནང་བ་དང་། རང་སོར་གནས་མི་རུང་བའིི་བཀའ་སློབ་གནང་ཡོད། བོད་ཀྱི་གནད་དོན་སེལ་ཐབས་ཀྱི་སྲིད་བྱུས་ཐག་གཅོད་གཏན་འབེབས་དེ་ཡང་རྒྱུ་མཚན་གཙོ་བོ་ནི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྤྲོད་པའམ་རྡོག་རོལ་གཏོང་བར་རྒྱ་མིར་བདག་དབང་མེད་པ་དང་། ང་ཚོ་བོད་མི་ཐུན་མོང་ལ་རང་རེའི་མ་འོངས་མདུན་ལམ་ཐོག་རང་ཐག་རང་གཅོད་ཀྱི་རང་དབང་ཡོད། འདི་ནི་འཛམ་གླིང་ཡོངས་ཀྱི་ཐོབ་ཐང་ཡིན་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་ཡིག་ནང་བརྩི་འཇོག་ཆེན་པོ་གནང་བ་དང་། རྒྱལ་ཁབ་ཡོངས་ནས་ངོས་ལེན་ཡོད་པ་ཞིག་ཡིན་ཚེ་རྒྱ་གཞུང་ལ་དེའི་ཐད་ངོས་ལེན་མི་བྱེད་པའི་དམིགས་བསལ་བདག་དབང་ཡོད་པ་མ་རེད། ང་ཚོས་འཛམ་གླིང་ཡོངས་དང་ལྷན་དུ་རྒྱ་གཞུང་ལ་བདེན་པ་དེའི་ཐོག་གོ་རྟོགས་ར་སྤྲོད་ཐུབ་པ་བྱེད་དགོས་ལ། གནས་ཚུལ་དེའི་ཐད་དཀའ་ཐུབ་མང་དག་ཞིག་གི་གདོང་ལེན་བྱེད་དགོས་པ་དང་། ལས་གཞི་གསར་པ་རིགས་སྤེལ་དགོས་པ་བཅས་མང་དག་ཡོད་པས་འདིར་རེ་རེ་བཞིན་བརྗོད་པ་དཀའ།
དྲི་བ། ༩༽སྐུ་མཆོག་བཀའ་ཁྲིར་ཕེབས་པ་གཞིར་བཞག་ཐོག་གལ་ཏེ་ཟླ་དྲུག་མཚམས་སུ་ཉིད་ལ་ཨ་རིའི་སྲིད་འཛིན་མཆོག་ནས་འཛམ་གླིང་རྒྱལ་སྤྱིའི་ཚོགས་འདུའི་ཟུར་དུ་རྒྱ་ནག་གི་སྲིད་འཛིན་ལྷན་དུ་ཐུག་འཕྲད་གནང་རྒྱུའི་གོ་སྐབས་ཞིག་བསྐྲུན་ཡོད་ཚེ་ཉིད་ཀྱིས་འཆར་གཞི་ཇི་འདྲ་ཞིག་སྤེལ་རྒྱུ་ཡིན་ནམ།
བཀའ་ལན། འདི་ལྟ་བུའི་གོ་སྐབས་ཡོད་ཚེ་ངོས་ནས་ཐེ་ཚོམ་མེད་པར་མཇལ་འཕྲད་ཞུ་རྒྱུ་ཡིན། ངོས་ནས་བོད་མི་མང་གི་ཚབ་ཞུས་ཏེ་བོད་མིའི་རེ་བ་དང་ཕུགས་འདུན། བོད་མིའི་དཀའ་སྡུག་ལ་ཛ་དྲག་ཐོག་དགོངས་བཞེས་གནང་དགོས་པ་སོགས་ཐད་ཀར་ཁ་རེ་ཁ་ཐུག་བཀའ་མོལ་ཞུ་རྒྱུ་ཡིན། ངོས་ནས་བཙན་བྱོལ་བོད་མི་ཡོངས་ཀྱིས་འདེམས་ཐོན་གནང་བའི་འགོ་འཁྲིད་ཞིག་གི་ངོ་བོ་དང་། རང་རེའི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་འཁྲིད་དང་བློ་རྩེ་གཅིག་བསྒྲིལ་གྱི་སྐྱབས་མགོན་༸གོང་ས་མཆོག་གི་བཀའ་དགོངས་བསྩལ་གནང་བའི་འོག་གྲོས་མོལ་ཞུ་རྒྱུ་ཡིན། ངོས་ནས་རྒྱ་གཞུང་ལ་ཁོང་ཚོའི་ཁེ་ཕན་ཆེ་ཤོས་ནི་༸གོང་ས་མཆོག་ལ་ཐད་ཀར་བཀའ་མོལ་ཞུ་རྒྱུ་དེ་ཡིན་པ་དང་། དེས་བོད་མིའི་འདོད་བློ་ཁེངས་པའི་རྒྱབ་སྐྱོར་ཐོབ་རྒྱུར་རེ་བ་ཆེན་པོ་ཡོད་ཅེས་གསལ་པོར་ཞུ་རྒྱུ་ཡིན།
དྲི་བ། ༡༠༽ སྐུ་མཆོག་བཀའ་ཁྲིར་ཕེབས་པ་གཞིར་བཞག་ཐོག་གལ་ཏེ་ལོ་གཅིག་མཚམས་སུ་ལྷ་སར་རྔམ་སྟོན་ཆེན་པོ་བྱུང་ནས་རིམ་པས་མདོ་དབུས་ཁམས་གསུམ་དུ་ཁྱབ་ཚེ་ཉིད་ནས་གང་གནང་རྒྱུ་ཡིན་ནམ།
བཀའ་ལན། གལ་ཏེ་སྤྱི་ལོ་ ༢༠༠༨ ལྟ་བུ་བོད་ཀྱི་ས་ཁུལ་ཡོངས་ལ་རྔམ་སྟོན་ཁྱབ་འཕེལ་བྱུང་ཚེ་ང་ཚོས་དེ་མ་ཐག་ཏུ་ཕྱོགས་ཡོངས་ནས་ཁོང་ཚོར་རྒྱབ་སྐྱོར་བྱེད་རྒྱུའི་ཐབས་ལམ་འཚོལ་རྒྱུ་ཡིན། ང་ཚོས་འཛམ་གླིང་ཡོངས་ཀྱི་མི་སྣ་ལ་གནས་ཚུལ་དེའི་ཐད་གོ་རྟོགས་སྤེལ་ནས་མཉམ་བཞུགས་ཡོང་ཐབས་ཀྱིས་རྒྱ་གཞུང་ནས་དྲག་རྩུབ་བཙན་གནོན་རིགས་བྱ་རྒྱུར་ངོ་ཚ་དང་འཛེམ་གཟོན་གྱི་གནས་སྟངས་བཟོ་ཐུབ་པ་བྱེད་དགོས། ང་ཚོས་དངོས་ཡོད་བདེན་པའི་གནས་ཚུལ་རྣམས་རྒྱ་གཞུང་གི་དཔོན་རིགས་ཁག་དང་རྒྱ་ནག་གི་མི་མང་རྣམས་ལ་ གང་མྱུར་ར་སྤྲོད་ཐུབ་པ་བྱེད་དགོས། སྤྱི་ལོ་ ༢༠༠༨ ལོའི་རྔམ་སྟོན་སྐབས་རྒྱ་གཞུང་ནས་དམིགས་བཀར་གྱིས་གཞུང་འབྲེལ་གསར་འགོད་ཐོག་གནས་ཚུལ་ལོག་པ་སྤེལ་ཏེ་རྒྱ་མི་རིགས་ཀྱི་བློ་ངོར་བོད་མིར་སྡང་སེམས་བསྐྲུན་ཡོད། ང་ཚོས་དེའི་རིགས་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་སྔོན་ཚུད་ནས་འཆར་གཞི་འགོད་དགོས།
དྲི་བ། ༡༡༽ ཉིད་ནས་བོད་གཞུང་གི་མཛད་འཆར་ཐོག་ཕྱི་གསལ་ནང་གསལ་དང་འགན་འཁུར་གོང་འཕེེལ་འགྱུར་ཐབས་ཇི་ལྟར་བྱེད་དམ།
བཀའ་ལན། ངོས་ནས་བོད་གཞུང་དེ་འཛམ་གླིང་གི་གཞུང་ནང་ནས་ཕྱི་གསལ་ནང་གསལ་ཡག་ཤོས་ཀྱི་གཞུང་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ཡིན་ནའང་ཡར་རྒྱས་ལ་མཐའ་མེད་པས་དེའི་ཐད་ལེགས་བཅོས་ཀྱི་རིག་པ་གསར་པ་ཡོད་ཚེ་ང་ཚོས་མི་མང་དང་ལྷན་དུ་གོ་བསྡུར་སྦས་གསང་མེད་པར་བྱེད་དགོས། གལ་ཏེ་གནས་ཚུལ་རེ་ཞིག་ཐོག་བོད་གཞུང་ནས་འགན་འཁུར་དང་ཕྱི་གསལ་ནང་གསལ་མི་གནང་བའི་བློ་འཚབ་རིགས་བྱུང་ཚེ་གནས་ཚུལ་ཇི་ཡིན་ཁ་གསལ་ངང་བཤད་ཐུབ་པར་བྱེད་ཀྱི་ཡིན། དཀའ་ངལ་དེ་ཡང་བཀའ་ཤག་གམ་འབྲེལ་ཡོད་ལས་ཁུངས། གཞན་ཡང་སྤྱི་འཐུས། གསར་འགོད་བཅས་ཀྱི་བརྒྱུད་ལམ་ནས་ཞུ་དགོས། དེ་དག་བརྒྱུད་ནས་ཀྱང་དམིགས་བསལ་གཟིགས་རྟོག་མ་བྱུང་ཚེ་ཁྲིམས་ཞིབ་ཁང་དུ་ཞུ་གཏུགས་བྱེད་རྒྱུའི་གོ་སྐབས་ཡོད། ང་ཚོས་རྒྱལ་ཡོངས་བསམ་ཚུལ་བླུག་སྣོད་བཅས་ཀྱི་ཐབས་ལམ་སྐྲུན་ཏེ་གཞུང་ཡར་རྒྱས་གཏོང་ཕྱོགས་ཐད་མི་མང་གི་དགོངས་ཚུལ་བསྡུ་རུབ་ཡང་བྱ་འོས་པ་ཡིན།
དྲི་བ། ༡༢༽ སྐུ་ཉིད་ནས་༸གོང་ས་༸སྐུ་ཕྲེང་བཅོ་ལྔའི་ཡང་སྲིད་ངོས་འཛིན་དང་རྒྱལ་ཚབ་འདེམ་རྒྱུ་བཅས་ཀྱི་ལས་གཞི་ཚགས་ཚུད་ཡོང་སླད་༸གོང་ས་མཆོག་དང་བླ་ཆེན་ཁག་ལྷན་དུ་འབྲེལ་བ་ཇི་ལྟར་ཞུ་རྒྱུ་ཡིན་ནམ། དེ་བཞིན་རྒྱ་གཞུང་ངོས་ནས་༸སྐུ་ཕྲེང་བཅོ་ལྔའི་ཡང་སྲིད་རྫུན་མ་ངོས་འཛིན་བྱེད་རྒྱུའི་ངན་བྱུས་ཤུགས་ཆེ་བྱེད་པར་ཉིད་ནས་དེར་གདོང་ལེན་ཇི་ལྟར་བྱེད་དམ།
བཀའ་ལན། ད་ལྟའི་ཆར་༸གོང་ས་༸སྐུ་ཕྲེང་བཅོ་ལྔའི་ཡང་སྲིད་ངོས་འཛིན་ཚགས་ཚུད་ཡོང་སླད་གཙོ་བོ་༸གོང་ས་མཆོག་གི་དགོངས་པར་རག་ལུས་ཡོད་མོད་ཀྱང་། རིམ་པས་བོད་གཞུང་དང་སྐྱབས་བཅོལ་ནང་ཡོད་པའི་བོད་མི་རྣམས་ཀྱི་འགན་དེ་བཞེས་རྒྱུར་དམ་གཟབ་བྱེད་དགོས། ང་ཚོའི་ལོ་རྒྱུས་ནང་ད་ལྟའི་ཆར་ང་ཚོ་སྐྱབས་བཅོལ་ནང་ཡོད་པའི་བོད་མི་ཡོངས་ཀྱི་ལས་འགན་ཆེ་ཤོས་དེ་ནི་༸གོང་ས་མཆོག་གིས་དབུ་འཁྲིད་པའི་གཞུང་འདི་ཉིད་སྲུང་སྐྱོབ་དང་བདག་ཉར་བྱ་རྒྱུ་དེ་ཡིན། གནད་དོན་དེའི་ཐད་༸སྐུ་སྒེར་ཡིག་ཚང་དང་བོད་གཞུང་ངོས་ནས་ལངས་ཕྱོགས་བརྟན་པོ་ཞིག་འཛིན་པའི་ཐོག་མི་མང་ལ་གོ་རྟོགས་སྤེལ་དགོས། རྒྱ་གཞུང་ངོས་ནས་མ་འོངས་བོད་ཀྱི་བླ་ཆེན་ཁག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་གྱི་ངན་བྱུས་གང་ཡོད་པ་ང་ཚོས་ཤེས་བཞིན་པ་ལ་གཞིགས་ཏེ་ང་ཚོ་སྐྱབས་བཅོལ་གཞུང་གི་རྩ་ཁྲིམས་ནང་རྒྱལ་ཚབ་ཞེས་པའི་གསལ་བར་བསྐྱར་ཞིབ་མཐིལ་ཕྱིན་པ་བྱེད་རྒྱུའི་དུས་ལ་བབས་ཡོད། རྒྱ་གཞུང་ནས་༸སྐུ་ཕྲེང་བཅོ་ལྔ་རྫུན་མ་བསྐོ་བཞག་གནང་རྒྱུའི་གདོང་ལེན་དུ་ང་ཚོས་རྒྱལ་ཡོངས་ནང་པའི་ཆོས་ཚོགས་ཁག་གི་རྒྱལ་སྤྱིའི་ཚོགས་པ་གཙོོ་བོ་ཞིག་བཙུག་སྟེ་ང་ཚོས་༸གོང་ས་མཆོག་གིས་དབུ་འཁྲིད་པའི་གཞུང་དང་འབྲེལ་བའི་ངོས་འཛིན་དང་སྟངས་འཛིན་བྱེད་ཐུབ་པའི་དབང་ཚད་ཞིག་སྐྲུན་དགོས། ང་ཚོས་རྒྱལ་སྤྱིིའི་ཚོགས་པ་དེ་ཉིད་ཀྱི་སྒྲོམ་གཞི་ཚགས་ཚུད་ཞིག་བསྐྲུན་ཏེ་འཛམ་གླིང་ཡོངས་ཀྱི་ནང་པའི་ཆོས་ཚོགས་དང་འཛམ་གླིང་ནང་གི་བོད་མིིའི་ཚོགས་སྡེ་ཁག་ནས་བློ་སེམས་གཅིག་བསྒྲིལ་དང་ཁྲིམས་ཐོག་ངང་ནས་དབང་ཚད་འཇོག་ཐུབ་པ་དགོས། དེ་ཙམ་མ་ཟད། ༸གོང་ས་མཆོག་ནི་བོད་ཀྱི་ནང་པའི་དབུ་འཁྲིད་ཙམ་མ་ཡིན་པར་དེ་ལས་ཆེས་ལྷག་པ་ཡིན་པས་་༸གོང་ས་མཆོག་གི་བཙན་བྱོལ་གྱི་གཞུང་དེ་ཉིད་ཀྱི་ངོས་ལེན་གནང་རྒྱུར་ནང་པ་གཞན་དང་། ཆོས་ལུགས་གཞན། དེ་བཞིན་རྒྱལ་ཁབ་གཞན་གྱི་གཞུང་ཁག་ནས་ཀྱང་རྒྱ་གཞུང་གི་ཁྲིམས་དང་དབང་ཚད་ལ་ལྟོས་མི་དགོས་པའི་ངོས་འཛིན་དང་རོགས་རམ་གནང་དགོས་ངེས་ཡིན། ང་ཚོས་སྔོན་ཚུད་ནས་གློ་བུར་དཀའ་ངལ་མ་འཕྲད་གོང་ལས་གཞི་དེའི་རིགས་ཚགས་ཚུད་ཡོང་སླད་སྒྲོམ་གཞི་བརྟན་པོ་དང་གོམ་པ་ཏག་ཏག་རྒྱབ་དགོས།
དྲི་བ། ༡༣༽ ཉིད་ནས་བོད་ཀྱི་གཞུང་ཞབས་ཀྱི་ལས་སྣེར་འཛུལ་བཞུགས་དང་། ཐོབ་ཐང་དང་གུན་གསབ། མདུན་བསྐྱོད་བཅས་ཀྱི་སྤུས་ཚད་ལ་ཡར་རྒྱས་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
བཀའ་ལན། གཞུང་ཞབས་པའི་སྤུས་ཚད་ཡར་རྒྱས་གཏོང་རྒྱུ་ནི་ཇི་ལྟར་མངོན་པ་ཙམ་གྱིས་དཀའ་ངལ་ཆེན་པོ་མིན། སྤྱིར་བཏང་ཆ་ནས་བོད་མི་ཕལ་མོ་ཆེས་༸གོང་ས་མཆོག་དང་བོད་ཀྱི་གནད་དོན་ལ་ལྷག་བསམ་བསླུ་བ་མེད་པ་དེ་ནི་གཞུང་ཞབས་པའི་མ་རྩ་གཙོ་བོ་ཞིག་ཡིན།
གནད་འགག་ཞིག་ལ་ལས་བྱེད་འདེམ་བསྐོ་དང་། གཟབ་སྦྱོང་། དེ་བཞིན་མུ་མཐུད་ལས་བྱེད་ལ་གཟབ་སྦྱོང་སྤྲོད་རྒྱུར་ང་ཚོས་དོ་སྣང་ཆེན་པོ་བྱེད་དགོས།་ དོན་དངོས་ལག་ལེན་སྐབས་ད་ལྟའི་གཞོན་སྐྱེས་སྲི་ཞུ་བ་ཚོར་ཐོབ་ཐང་ངམ་ཆ་རྐྱེན་ཅུང་ཟད་མེད་པར་དེ་སྔ་བཙན་བྱོལ་བོད་གཞུང་དབུ་ཚུགས་ནས་ལོ་ངོ་བཅུ་ཕྲག་འགའ་རེའི་ནང་གི་སྲི་ཞུ་བ་ལྟར་ལྷག་བསམ་ཡོང་རྒྱུའི་རེ་བ་བྱེད་རྒྱུ་མེད། སྲི་ཞུ་བ་རྣམས་ལའང་སྐྱབས་བཅོལ་གྱི་ཞབས་ཞུའི་ཆེ་མཐོང་ཙམ་མ་ཡིན་པར་ཁོང་ཚོར་ཆེད་ལས་པ་ལྷག་བསམ་ཅན་ཞིག་གི་ངོ་བོར་གཟིགས་ཏེ་ཁོང་རྣམ་པའི་ལྷག་བསམ་དང་ལས་ཀའི་ངོ་བོར་གཞིགས་ཏེ་ཆེ་མཐོང་དང་གཟིགས་རྟོག་གནང་དགོས། ཉེ་བའི་ཆར་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྒན་གཞོན་མི་ཉུང་བ་ནས་མ་བསྐུལ་དྭང་བླངས་ཐོག་དུས་ཚིགས་རིང་བོད་ཀྱི་གཞིས་སྒར་ཁག་དང་། ལས་ཁུངས་ཁག སློབ་གྲྭ། དགོན་སྡེ། ཚོགས་པ་བཅས་ལ་ཞབས་ཞུའི་ཆེད་རྒྱ་གར་དུ་ཕེབས་ཀྱི་ཡོད། ཁོང་རྣམ་པས་ཞབས་ཕྱི་དང་དམིགས་བསལ་གྱི་ལས་སྣེ་ཁག་ལ་ཆེད་ལས་པའི་རིག་རྩལ་དེ་བཞིན་བོད་མི་མང་དང་ཚོགས་སྡེ་ཁག་ལ་ཁེ་ཕན་སྒྲུབ་པའི་ཆེད་དུ་གོ་སྐབས་འདིའི་རིགས་ངེས་པར་དུ་ལེན་ཐུབ་པའི་ལས་གཞི་ཁག་ཀྱང་བརྩམ་དགོས་ངེས་སུ་མཐོང་།
དྲི་བ། ༡༤༽ ཉིད་ནས་བོད་གཞུང་གི་དཔལ་འབྱོར་གཞི་རྟེན་དེ་ཉིད་སྲ་བརྟན་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
བཀའ་ལན། མ་འོངས་བཀའ་བློན་ནས་བོད་གཞུང་གི་དཔལ་འབྱོར་གཞི་རྟེན་ཐད་གྲོས་བསྡུར་མཐིལ་ཕྱིན་པ་གནང་བ་དང་ལྷན་དུ་ཉེ་ཆར་གྱི་སྲིད་བྱུས་དང་དེའི་ཤུགས་གནོན་སོགས་ལ་བསྐྱར་ཞིབ་མཐིལ་ཕྱིན་པ་གནང་དགོས་ངེས་རེད་ཅེས་བརྗོད་ན་འགྲིག ང་ཚོས་ཁྲལ་བསྡུ་རྒྱུ་དང་རང་སྐྱ་འཕེར་བའི་དཔལ་འབྱོར་མཁོ་སྒྲུབ་བྱ་རྒྱུ་སོགས་ཀྱི་ལས་གཞི་ང་ཚོའི་འདོད་པ་ལྟར་བྱེད་པའི་ནུས་པ་མེད་པར་སོང་རང་རེའི་གཞུང་གི་དཔལ་འབྱོར་ཡོང་ཁུངས་དེ་སྲ་བརྟན་གང་ལེགས་ཡོང་ཐབས་ཀྱི་དོ་སྣང་དང་འབད་བརྩོན་གང་མཚམས་བྱེད་དགོས་ངེས་ཡིན།
བཙན་བྱོལ་ནང་གི་གནས་སྟངས།
དྲི་བ། ༡༥༽ ཉིད་ནས་བོད་མིའི་གཞིས་སྒར་ཁག་ནང་ནུས་པ་སླར་གསོ་ཡོང་བ་དང་། ས་གནས་གང་སར་ལས་ཀ་འཚོོལ་བཞིན་པའི་བོད་མི་ཚོའི་གནས་སྟངས་ཡར་རྒྱས་ཇི་ལྟར་གནང་འཆར་ཡོད་དམ། དེ་བཞིན་བོད་མི་ནུབ་ཕྱོགས་སུ་གཞི་སྤོས་བྱེད་བཞིན་པའི་ཐད་དགོངས་ཚུལ་གང་ཡོད་དམ།
བཀའ་ལན། གཞིས་སྒར་ཁག་ནང་ནུས་པ་སླར་གསོ་ཡོང་བར་ཐབས་ལམ་ལས་སླ་པོ་དེ་འདྲ་མེད་པ་མངོན་གསལ་ཡིན། ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་སྒར་ནི་སོ་ནམ་ཞིང་ལས་ཡིན་ཞིང་། འཚོ་གནས་གཙོ་བོ་ནི་མི་རེར་ས་ཆ་ཨེ་ཀ་རེ་ལས་མེད་པ་དང་། དེ་ཡང་ནམ་མཁའི་ཆར་པར་རག་ལུས་ཡོད། རིམ་པས་ས་ཆ་དེར་བདག་དབང་འཛིན་ཏེ་བོག་མར་བཏང་བ་དང་། ནམ་དུས་ཀྱི་ལས་མི། ཞིང་འདེབས། སྟོན་ཐོག་རྔྭ་བ། མཐར་ཁྲོམ་རར་ཚོང་འགྲེམ་བྱ་རྒྱུ་བཅས་ཀྱི་ལས་གཞི་ཤིན་ཏུ་ནས་མགོ་རྙོགས་པ་དང་རིན་ཚད་ལོ་རེར་ཇེ་ཆེར་འགྲོ་ཡོད། ཐོག་མ་ནས་ཀྱང་ཞིང་ལས་ཀྱི་དུས་ཡུན་མ་ཡིན་པའི་སྐབས་བོད་མི་རྣམས་ནས་འཚོ་བའི་ཁ་སྣོན་ཆེད་སུད་ཚོང་དང་ཚོང་ལས་གཞན་རིགས་ལ་སྤྱོད་དགོས་ཀྱི་ཡོད། དེས་ན་གཞིས་ཆགས་ཀྱི་འཚོ་བའི་གནས་སྟངས་ནི་ལས་སླ་རུ་རྩ་བ་ནས་ཕྱིན་མེད།
ལྷག་པར་བྱང་ཕྱོགས་གཞིས་སྒར་ཁག་ནང་དཀའ་སྡུག་གི་གནས་སྟངས་མི་འདྲ་བ་ཞིག་ཡོད། དེ་བཞིན་བལ་ཡུལ་ནང་ཡོད་པའི་གཞིས་སྒར་ཁག་ནང་ལུང་པའི་ཆབ་སྲིད་དང་དཔལ་འབྱོར་གྱི་གནས་སྟངས་ལྷིང་འཇགས་མེད་པའི་རྐྱེན་གྱིས་དཀའ་ངལ་འཕར་མ་ཞིག་གི་ནང་ཚུད་ཡོད། ཡིན་ནའང་གཞིས་སྒར་དེའི་ནང་ས་ཆ་གང་མཚམས་ཡོད་པའི་སྟེང་ང་ཚོས་སློབ་གྲྭ་གསར་འཛུགས་དང་། དགོན་པ་དང་། བོད་མིའི་གཞིས་གནས་སླར་གསོ་བྱེད་ཐུབ་པ་བྱུང་ཡོད།
གཞིས་སྒར་་དེ་དག་ནང་ནུས་པ་སླར་གསོ་བྱེད་པར་རྡ་རམ་ས་ལ་རྐྱང་པས་ནུས་པས་སྐྲུན་མི་ཐུབ། ནུས་པ་སླར་གསོ་བྱེད་པར་ས་གནས་དེ་གའི་མི་མང་དང་ཕྱིའི་ནུས་པ་ཐུན་མོང་གི་སྒོ་ནས་བྱེད་དགོས། དེ་ལ་མཁས་ལས་པའི་འཆར་གཞི་གསར་པ་དང་ལས་འགུལ་གསར་པ་སྤེལ་བ་ཙམ་མ་ཡིན་པར་དུས་ཡུན་བསྲིང་ནས་འགྱུར་བ་འགྲོ་དགོས།
ཡིན་ནའང་ལན་ཐད་ཀར་ཞུས་ན། སོ་ནམས་ཞིང་ལས་ལ་བརྟེན་པའི་གཞིས་སྒར་ཆེ་ཁག་གི་ནུས་པ་གསོ་བར་གཙོ་བོ་ང་ཚོས་མཉམ་འབྲེལ་ཚོགས་པ་ཁག་གི་སྟངས་འཛིན་བྱ་བཞག་ལ་ཆེད་ལས་པའི་ངོས་ནས་རིག་པ་བསྒྲིམ་དགོས་ཀྱི་རེད་བསམ་ཀྱི་འདུག ཚོང་ལས་ཀྱི་ལྟ་བ་ངོ་སྤྲོད་བྱེད་པའི་འོག་མཉམ་འབྲེལ་ཚོགས་པའི་དཔལ་འབྱོར་ཡར་རྒྱས་བཏང་སྟེེ་ལས་གཞི་སྤེལ་རྒྱུ་དང་། དཔལ་འབྱོར་ཡར་རྒྱས་དེ་བཞིན་བེད་སྤྱོད་ཚུལ་བཞིན་གཏོང་རྒྱུ་བཅས་མཐར་མཉམ་འབྲེལ་ཚོགས་པ་དེ་ཉིད་ལ་ཡར་རྒྱས་ཡོང་རྒྱུ་དེ་ཡིན།
དེར་ཚོང་ལས་ཀྱི་འཆར་གཞིའི་ཟབ་སྦྱོང་སྤྲོད་རྒྱུ་དང་། མཉམ་འབྲེལ་འཛིན་སྐྱོང་བ་རྣམས་ལ་ཐབས་ལམ་དང་ཆ་རྐྱེན་འདྲ་མིན་སྤྲོད་རྒྱུ་སོགས་སྔར་ཡོད་སྲུང་སྐྱོབ་ཀྱི་ལྟ་བ་ལས་ཡར་རྒྱས་མདུན་བསྐྱོད་ཀྱི་ལྟ་བ་གསར་པའི་རིགས་ཀྱིས་འགྱུར་བ་སྐྲུན་དགོས། དེའི་རིགས་ཀྱི་གསར་གཏོད་ལ་མཉམ་འབྲེལ་ཚོགས་པ་དང་འབྲེལ་བ་ཡོད་པའི་ཚོགས་སྡེ་ཁག་ནས་ནུས་པ་མཉམ་བཞུགས་གནང་དགོས་པ་མ་ཟད་ཕུག་རྒྱང་རིང་པོར་གཞིས་སྒར་དང་མཉམ་འབྲེལ་གཉིས་ཀྱི་ཁེ་ཕན་ལ་དམིགས་ནས་མདུན་བསྐྱོད་མ་གཏོགས་མི་གཡོ་སྒྱུ་ཅན་རེ་འགའི་འཕྲལ་སེལ་གྱི་ཁེ་ཕན་བརྗོད་པའི་མགོ་སྐོར་ལས་ཐར་ཐུབ་པ་དགོས། ས་གནས་མི་མང་རྣམས་ལ་ཕུག་རྒྱང་རིང་པོར་གཞིས་སྒར་ཡར་རྒྱས་ཡོང་བའི་ཐབས་ལམ་བཟང་ཤོས་ནི་མཉམ་འབྲེལ་ཚགས་ཚུད་སྲ་བརྟན་ཡོང་བ་ལ་རག་ལུས་པའི་གོ་རྟོགས་སྤེལ་དགོས།
ས་གནས་གཞིས་འགོ་ཁག་ས་གནས་སོ་སོ་ནས་འོས་འདེམས་ཞུ་གི་ཡོད་པའམ་བཞུགས་སྒར་ནས་བསྐོ་བཞག་གནང་གི་ཡོད་པ་བཅས་ཀྱི་འགྱུར་བ་ལ་གཞིགས་ཏེ་ཐབས་བྱུས་གསར་པའི་རིགས་ལག་བསྟར་ནམ་བྱེད་པར་དུས་ཚིགས་རན་པོ་ཞིག་ལ་བསམ་གཞིགས་ནན་ཏན་ངང་འཇུག་དགོས།
ས་གནས་གང་སར་ལས་ཀ་འཚོོལ་བཞིན་པའི་བོད་མི་ཚོའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་མཚོན་ན་ཁོང་རྣམས་ས་གནས་གཞན་དུ་བསྐྱོད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་མི་འབོར་གོང་འཕེལ་ལ་དཔག་པའི་སྔར་ཡོད་ཀྱི་ས་གཞི་དེ་བཞིན་ཆུང་དྲགས་པ་དང་ས་གནས་སུ་དཔལ་འབྱོར་འཚོ་ཐབས་ཀྱི་གོ་སྐབས་མེད་པའི་རྐྱེན་གྱིས་བྱེད་པ་ཡིན། དེ་ཙམ་མ་ཟད་ང་ཚོའི་མི་རབས་གཉིས་པ་དང་དེའི་རྗེས་ཀྱི་མི་རབས་རྣམས་ལ་འཛིན་རིམ་བཅིུས་ཀྱི་སློབ་སྦྱོང་གི་གོ་སྐབས་ཕུལ་ཡོད་པ་དང་། རེ་འགར་དེ་ལས་ལྷག་པའི་ཆེད་ལས་པའི་རིག་གཅིག་རྐང་འཛིན་གྱི་ཤེས་ཡོན་དང་ལག་རྩལ་ཐོབ་ཡོད་སྟབས་ས་གནས་གཞིས་སྒར་འཚོ་བའི་གོ་སྐབས་མེད་པའི་གནས་སུ་རང་མུར་སྡོད་རྒྱུའི་རེ་བ་བྱེད་པ་ནི་རྒྱུ་མཚན་དང་མ་མཚམས་པ་ཞིག་ཡིན།
ནུབ་ཕྱོགས་སུ་གཞིས་སྤོས་བྱེད་བཞིན་པ་དེ་ནི་ང་ཚོ་བོད་མི་ཙམ་མ་ཡིན་ཞིང་། ཁོང་ཚོས་ཀྱང་དཀའ་ངལ་མང་དག་ཞིག་ལ་གདོང་ལེན་བྱེད་དགོས་ཀྱི་ཡོད། སྤྱིར་ང་ཚོས་དེའི་རིགས་ལ་ཐད་ཀར་རོགས་རམ་བྱེད་ཐུབ་མེད་ཀྱང་བོད་མི་སྤྱིའི་ཐད་འཛམ་གླིང་ནང་རྒྱབ་སྐྱོར་ཤུགས་ཆེ་ཡོད་དུས་གང་མཚམས་ཕན་ཐོགས་ཡོད། ཕྱོགས་ཡོངས་ནས་གཞིགས་ནའང་ས་གནས་སྐྱོ་པོ་ཞིག་ནང་གནས་ནས་རང་གི་འཚོ་བའི་དཀའ་ངལ་དང་། གཞི་རྩའི་དགོས་མཁོ་ཆུང་ཙག་རིགས་ལའང་དཀའ་ཐུབ་མང་དག་སྤྱད་ནས་རང་གི་ཚོགས་སྡེ་ཁག་དང་། གཞུང་། དེ་བཞིན་རོགས་རམ་ཁག་ལ་སྐྱབས་བཅོལ་བ་ལས་ཤར་ནུབ་གང་དུ་བསྐྱོད་ཀྱང་བོད་མིིའི་འཚོ་བའི་གནས་སྟངས་བཟང་སར་འགྲོ་རྒྱུ་དེ་འོས་པ་ཡིན།
གལ་ཆེ་བ་ཞིག་ལ་ནུབ་ཕྱོགས་སུ་གཞིས་སྤོས་བྱེད་པའི་ཕྲུག་གུ་ཚོར་ཤེས་བྱ་ཡོན་ཏན་བཟང་བ་དང་འཚོ་བའི་གོ་སྐབས་ཀྱང་ལེགས་པར་ཡོད་པས་དེ་ནི་ཁེ་ཕན་ཞིག་ལ་ངོས་འཛིན་བྱེད་དགོས་སྙམ།
དྲི་བ། ༡༦༽ བོད་པའི་སློབ་མ་ཚོས་སོ་སོའི་རིག་གཞུང་རྨང་གཞིར་ཡོད་པའི་ཐོག་དེང་དུས་ཀྱི་འཛམ་གླིང་དེར་ལམ་ལྷོང་ངང་ཁ་བསྒྱུར་ཐུབ་རྒྱུའི་ཆེེད་ཉིད་ནས་ཤེས་ཡོན་གྱི་ལམ་ལུགས་ལ་ཡར་རྒྱས་ཇི་ལྟར་གཏོང་རྒྱུ་ཡིན་ནམ།
བཀའ་ལན། སྤྱིར་ཚོགས་པ་དང་། ཆབ་སྲིད། རིག་གཞུང་། དཔལ་འབྱོར་བཅས་ནི་འགྱུར་བ་འགྲོ་རྒྱུ་ཆོས་ཉིད་ཡིན་པར་བརྟེན་ཤེས་ཡོན་གྱི་གནས་སྟངས་ལ་ཡང་ནས་ཡང་དུ་ཞིབ་འཇུག་དང་འགྲིག་ཐབས་བྱེད་དགོས། བོད་པའི་སློབ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱེད་དེ་འཛིན་རིམ་བཅིུས་ཐོན་རྗེས་རྒྱ་གར་དང་ནུབ་ཕྱོགས་ཡུལ་གྱི་གཙུང་ལག་སློབ་གྲྭ་ཁག་ལ་འཛུལ་བཞུགས་ཐུབ་ཀྱི་ཡོད་པས་དེས་ཤེས་ཡོན་གྱི་གནད་འགག་དེ་འགྲུབ་ཀྱི་ཡོད་པ་ར་སྤྲོད་ཐུབ།
འོན་ཀྱང་ཤེས་ཡོན་ནི་གྲངས་དང་ཆེད་ལས་པའི་འབྱོན་ཐང་ཙམ་ལ་གོ་རྒྱུ་མེད། འདས་པའི་ལོ་བཅུ་གྲངས་ནས་ང་ཚོའི་བློ་འཚབ་ཆེ་ཤོས་ནི་སྐྱབས་བཅོལ་ནང་གི་སློབ་ཕྲུག་ཚོའི་བོད་སྐད་འབྲི་ཀློག་གི་གནས་ཚད་ཇེ་ཞན་དུ་འགྱུར་བ་དེ་ཡིན། དེའི་ཐད་ཐབས་ལམ་འདྲ་མིན་བསྐྲུན་དང་སྐྲུན་བཞིན་པ་ཡིན་ཡང་དམིགས་ཡུལ་ཉུང་ཤས་ལས་གྲུབ་ཐུབ་མེད། དེས་ན་གསར་གཏོད་རིག་པ་དང་། ནུས་ལྡན་གྱི་རིག་པ། དེ་བཞིན་ཡིད་འཕྲོག་པའི་ཐབས་ལམ་རིགས་སྤེལ་དགོས་ངེས་ཡིན་པ་གསལ་པོ་ཡིན།
གསར་གཏོད་རིག་པ་དང་འགོ་འཁྲིད་ཀྱི་རྩལ་སོགས་སློབ་གྲར་སྐབས་རེ་སློབ་ཀྱི་ཡོད་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཀྱང་གཏིང་གཟབ་པོའི་ངང་ནས་དེའི་རིགས་ཤེས་བྱ་ཡོན་ཏན་སྤྱི་ལྟར་སྐྲུན་རྒྱུ་ནི་དེ་ཙམ་ལས་སླ་བ་ཞིག་མིན། དེ་ནི་ཕྲུག་གུ་དེ་དག་འཚར་ལོངས་བྱུང་བའི་སྐབས་སུ་སྤྱིའི་འཁོར་ཡུག་གི་གནས་སྟངས་དང་། ཤེས་བྱ་ཡོན་ཏན་སློབ་གསོ་སྤྲོད་སྟངས་བཅས་ལ་རག་ལས་ཀྱི་ཡོད་ལ། ཕྲུ་གུའི་དགོས་མཁོ་དང་བསམ་བློའི་འཚར་ལོངས་སྐབས་གསོ་སྐྱོང་ཇི་ལྟར་བྱེད་མིན་ལའང་རག་ལུས་ཀྱིི་ཡོད།
སྤྱིར་རིན་ཐང་ལྡན་པའི་ཤེས་ཡོན་དང་འཚོ་ཐབས་ཀྱི་ལས་རིགས་ལ་འཇུག་རྒྱུ་ནི་མི་ཞིག་གི་མི་ཚེའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཐབས་ལམ་བརྟན་ཤོས་ཤིག་ཡིན་པ་གསལ་པོ་རེད། དེར་བརྟེན་སློབ་ཕྲུག་ཕོ་མོ་དབྱེར་མེད་ནས་རང་ཉིད་ཀྱི་ནུས་རྩལ་གང་ཡོད་པ་དེ་མཐར་སོན་ཐུབ་པའི་གོ་སྐབས་སྐྲུན་རྒྱུ་ནི་ང་ཚོའི་གཞུང་གི་ལས་འགན་ཆགས་ཡོད། ལས་འགན་དེ་ལེགས་གྲུབ་ཡོང་བར་ང་ཚོས་ཤེས་ཡོན་གྱི་བསྟི་གནས་དང་། ཚོགས་སྡེ། དེ་བཞིན་རྒྱ་གར་དང་འཛམ་གླིང་ནང་ཡོད་པའི་གཞུང་འབྲེལ་ཚོགས་པ་ཡང་རྩེར་འགྱུར་པ་ཁག་ལ་འབྲེལ་ལམ་དང་། མཐུན་འབྲེལ། འབད་བརྩོན་བཅས་ལྷོད་མེད་བྱེད་དགོས་སྙམ།། །།
very
བཀྲས་མཐོང་ཞེས་པ་དེའི་འབྱུང་ཁུངས་ཞུས་ན། སྟོད་མངའ་རིས་གུ་གེའི་ཁོངས་ཁ་རག་ཞེས་པ་ནས་ཡིན།
རྒྱལ་དབང་དགེ་འདུན་གྲུབ་པས་གདན་ས་བཀྲ་ཤིས་ལྷུན་པོ་བཞེངས་སྐབས་ཁོང་ཚོའི་མེས་པོ་ཞིག་ནས་ཞབས་འཕྱི་ལྷུར་ཐག་ཞུས་པར་རྟེན། རྒྱལ་དབང་མཆོག་ཐུགས་མཉེས་ནས་ཁྱེད་རང་གི་འདོད་པ་ཡོད་ས་ཞིག་ཏུ་ཁང་པ་བརྒྱབས་ནས་གཞིས་ཆགས་ན་ས་ཆ་གནང་གི་ཡིན་གསུངས་པར། མེས་པོ་དེས་གུས་པར་གདན་ས་བཀྲ་ཤིས་ལྷུན་པོ་མཐོང་ས་ཞིག་ཏུ་ས་ཆ་གནང་རོགས་ཞུས་པར། རྒྱལ་དབང་མཆོག་ནས་གཞིས་རྩེའི་ཉེ་འགྲམ་སེར་མ་ཞེས་པར་ས་ཆ་གནང་ནས་དེར་གཞིས་ཆགས་ནས་ཁ་རག་བཀྲས་མཐོང་བ་ཞེས་པའི་མིང་ཆགས་། མི་རྒྱུད་དེ་ནས་སྔ་ཕྱིར་གཞུང་ས་དགའ་ལྡན་ཕོ་བྲང་གི་ཞབས་ཞུ་བ་མང་དུ་བྱུང་།
དྲི་བ་དང་དྲིས་ལན་གཉིས་ཀ་ཡག་གི དྲི་བ་དྲིས་ལན་འདི་བཀླགས་རྗེས་ཆབ་སྲིད་དབུ་ཁྲིད་བྱེད་པའི་རྨང་གཞི་གང་ལེགས་ཡོད་པའི་ཚོར་སྣང་སྟེར་བྱུང་། ཡིན་ཡང་། མི་ངོ་མ་ལ་ཆ་རྒྱུས་གང་ཡང་མེད་པ་མ་ཟད། དངོས་སུ་གཏམ་བཤད་བྱས་པ་ཡང་མཐོང་ཐོས་མེད། གང་ལྟར། མུ་མཐུད་སྤྱི་ཚོགས་ནང་ཕེབས་ནས་བློ་བཟང་སེང་གེ་བཞིན་རང་ཉིད་བཀའ་ཁྲིར་ཐོབ་ན་ལས་འཆར་ཅི་ཡོད་དང་། གཞུང་དམངས་ཀྱི་སྲི་ཞུ་ཇི་ལྟར་བསྒྲུབ་མིན་སོགས་མང་གཙོའི་འགྲོ་ལུགས་ལྟ་བུའི་འོས་བསྡུའི་སྔོན་འགྲོ་དེ་རྒྱ་གང་ཆེ་དང་། ཞིབ་གང་ཚགས་བྱེད་རྒྱུ་གལ་ཆེན་དུ་མཐོང་། ཐུགས་རྗེ་ཆེ།
དྲ་གྲོགས་ཚོར་གསལ་བཤད་ཞུ་རྒྱུ་ཞིག་ལ་གོང་གི་(Tibetan Political Review)བོད་ཀྱི་ཆབ་སྲིད་སྐྱར་ཞིབ་ཀྱི་དྲི་བ་དེ་དག་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཁོ་ན་བཏང་བ་ཞིག་མ་རེད་དེ་ནི་ཁོང་ཚོའི་དྲ་ཐོག་ལ་བཀའ་ཁྲིའི་འོས་མི་རྣམས་ལ་དྲི་བ་བཏང་བ་ཞིག་རེད། བཀའ་ཁྲིའི་འོས་མི་གཞན་པ་ཚོས་དྲི་བ་དེ་དག་ལ་ལན་བརྒྱབ་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མཐར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་བཀའ་ཁྲིའི་འོས་ནང་ནས་རྣམ་པར་རྒྱས་གྱུར་ཅིག
དངོས་གནས་བཀའ་ལན་ཡག་པོ་བཀྱོན་འདུག
ངའི་བཀའ་ཁྲི་འོས་ཤོས་ནི་བཀྲས་མཐོང་ལགས་ཡིན་པར་འདོད།
སྐུ་ངོ་བློ་སེང་ལགས་ཁྱེད་རང་དངོས་གནས་མི་གང་འདྲ་ཡིན་ནམ། ངས་ཁྱེད་རང་ལ་ཡིད་མཆེད་བྱས་ནས་སྡོན་འགྲོའི་འོས་ཤོག་དེ་བླུག་པ་ཡིན། ཡིན་ན་ཡང་ངས་ཤེས་པ་ཞིག་ལ་ཁྱེད་རང་བསྟན་དགྲ་འཇུ་ཆེན་ཆེན་གྱི་རྒྱུགས་ཁྱི་རེད་འདུག འཇུ་ཆེན་ཁོ་་༡༩༧༩་ལོར་རྒྱ་ནག་ཏུ་ཕྱིན་ནས་་ཏིང་ཞོའུ་ཕིང་གི་རྐུབ་འཇིབས་ནས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ལ་ཁ་གཏོང་མཁན་མི་ངན་ཐོད་དཀར་ཁོ་མི་ངའི་གསོན་ན་དགྲ་དང་། ཤི་ན་འདྲེ་ཡིན།
ཐོད་དཀར་ལགས་ཁྱེད་ཀྱིས་བཤད་པ་དེ་བདེན་ཡིན་ནི་རེད།
བློ་བཟང་སེང་གེ་ལགས་སུ་རྤོ་བོ་འཇུ་ཆེན་གྱིས་རྒྱབ་སྐྱོར་བྱེད་ནི་རེད།
ཁྱེད་ཅག་གིས་རེ་བ་ཆེན་པོས་བཀྲས་མཐོང་ལ་བཀའ་ཁྲིའི་འོས་ཤོག་ཐོབ་རྒྱུ་མོས་འདུན་བྱེད་ཀྱིན་འདུག་མོད། ངས་བལྟས་ན་ཁོང་ཉིད་ད་ལྟའི་གནས་བབ་ལ་བཀའ་ཁྲི་ཕེབས་འདོད་ཡོད་མ་རེད། གང་ཡིན་ཟེར་ན་ད་ལྟར་བོད་གཞུང་ལ་དཔལ་འབྱོར་གྱི་གནས་བབ་ཧ་ཅང་སྐྱོ་བས་ཁོང་ཉིད་ལ་ལྐོག་ཟ་གནང་རྒྱུ་མེད་པ་དང་། ད་དུང་ཁོང་རང་ཨ་རི་ཡུལ་མིའི་ལག་ཁྱེར་ཡང་རག་ཚར་སྟབས་དེར་ཕེབས་ཆེད་བོད་གཞུང་ལ་བརྟེན་མི་དགོས་པ་བཅས་ཕྱོགས་གང་ཐད་ནས་ཁོང་དྷ་རམ་ས་ལ་ཕེབས་ཀྱི་མ་རེད
མིའུ་ཕྲུག་ལགས་མི་དཀར་པོར་ཞ་ནག་པོ་གཡོག་མི་ཉན།
ཁྱེད་ཀྱི་མིག་ཤེས་ལ་སྐྱོན་མེད་པའ་ཡང་ན་འཇུ་ཆེན་གྱི་དངུལ་གྱིས་བསླུས་མེད་ན།
བོད་མིའི་རང་དབང། བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་བ་ ༣ ཚེས་ ༢ རེས་གཟའ་ཟླ་བ།
ཕྱི་ལོ་ ༡༩༩༥ སྤྱི་ཟླ་ ༥ ཚེ་ ༡ དེར་ཐེངས་ཤིག་ལྟོས་དང་ཁྱེད་ཚོའི་ཚོམ་ཉི་ཐ་དག་ཕྱི་མའི་ལམ་དུ་འགྲོ་རྒྱུར་ངེས།
ངས་བཀའ་ཁྲིའི་འོས་མི་ཁོང་གཉིས་ཀྱི་སྐོར་ལ་མང་པོ་ཞིག་ཀློག་སྟེ་བསམ་གཞིགས་ཀྱང་མང་པོ་ཞིག་བྱས་པ་ཡིན། བློ་བཟང་སེང་གེ་ལྟ་བུ་མཚོན་ན། ང་ཚོ་བོད་རིགས་ཤིག་དངོས་གནས་ཧར་ཝར་ཌེ་གཙུག་ལག་ལ་ཁྲིམས་ཀྱི་སློབ་ཐོན་བྱུང་པ་ནི་ཧ་ཅང་གི་ཡག་པོ་རེད་བསམ། ཡིན་ན་ཡང་ཁོང་རང་གི་སྟག་ཏུ་འུར་ཤོབ་ཆེན་པོ་བཤད་འདུག དཔེར་ན་ཁོང་རང་གི་ངོ་སྤྲོད་དེབ་ལྗང་ཁུ་དེའི་ནང་ལ་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཆུང་ཤོས་ཡིན་ཟེར་བ་དང་༢༠༠༣་ལོར་སྔོན་དུས་སུ་གང་གིས་གོ་སྒྲིག་བྱེད་མ་མྱོང་༸གོང་ས་མཆོག་དང་རྒྱ་ནག་གི་མཁས་དབང་དབར་མཇལ་འཕྲད་ཀྱི་གོ་སྒྲིག་བྱས་ཟེར་བ་སོགས་མང་པོ་ཞིག་བྲིས་འདུག དེ་དག་དངོས་ཡོད་གནས་ཚུལ་མ་རེད།
བློ་བཟང་སེང་གེ་ལགས་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་མྱོང་བའི་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་བཀོད་མི་འདུག
ལྡི་ལི་མན་ཇུ་ཁྲི་ལི་སོགས་ལ་་བཀའ་ཁྲི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་གྱང་སྡེབས་སོགས་ལ་རྩ་བ་ནས་མཐོང་རྒྱུ་མེད། ལྡི་ལི་ཆོས་བཞི་སྒང་དྲུག་གིས་ཆེད་མངག་ཕོ་གསར་དྲུག་བདུན་ཞིག་ལ་དངུལ་སྤྲད་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་འདྲ་པར་དེར་མཐོང་རྒྱུ་མེད་པ་བཟོས་ཡོད། དེའི་ཐོག་ནས་ང་ཚོས་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་དང་བློ་བཟང་སེང་གེའི་བར་གྱི་འབྲེལ་བ་བསམས་གཞིགས་ཤིག་མ་བྱས་རང་བྱས་འཁེལ་སོང།
དངོས་གནས་འཆར་གཞི་ཡག་པེ་འདུག
བློ་བཟང་སེང་གེ་ལགས་ཀྱི་དངོས་ཡོད་ཀྱི་གནས་ཚུལ་རྡ་ས་ཆོས་བཞི་སྒང་དྲུག་གི་དྲུང་ཆེ་ལོ་གཅིག་དང་ཕྱེད་ཀ་ཙམ་བྱས་པའི་སྐོར་ཁོང་རང་གིས་མི་བཤད་པ་མ་ཟད་དེབ་ལྗང་ཁུ་དེའི་ནང་ལ་ཡང་རྩ་བ་ནས་བཀོད་མི་འདུག
ངས་དེ་སྔ་ཕན་ཆོད་ངས་བློ་སེང་དེ་མི་ཤིས་ཡོན་ལྷག་བསམ་ཅན་ཞིག་དང་མ་ཟད་མི་དྲང་པོ་ཞིག་ལ་རེ་བ་ཧ་ཅང་ཆེན་པོ་བྱས་པ་ཡིན། ད་ཡིན་ན་ཁོས་བཤད་ཚད་བརྒྱ་ཆ་སུམ་ཅུ་ལ་ཡིད་ཆེས་སླེབས་མ་སོང་། གང་ཡིན་ཟེར་ན་ཁོ་རང་གི་གཏམ་བཤད་བྱེད་སར་མང་པོར་བཅར་བ་ཡིན་ཏེ་ཁོ་རང་གི་དམིགས་ཡུལ་ལང་ཕྱོགས་ངེས་གཏན་ཅན་གང་ཡང་མི་འདུག ལར་ནི་ཁོ་རང་བཀའ་ཁྲིར་འོས་ལངས་པ་དེ་གཅིག་བྱས་ན་ཁོ་རང་གི་སྐད་གྲགས་དང་ཁེ་ཕན་གྱི་ཆེད་དུ་ལས་བོད་མི་ས་ཡ་དྲུག་པོའི་ཆེད་དུ་མིན་པ་གསལ་པོར་དཔེར་ན་ནམ་ལངས་རིམ་བཞིན་དུ་རི་གསལ་ཞེས་པའི་དཔེ་ལྟར་རམ། སྐད་ཆ་དྲིས་ན་མི་གསལ་སྒུག་ན་གསལ་ཞེས་པ་ལྟར་རེད་འདུག
བོད་པ་ཚང་གཟབ་གཟབ་ཡག་པོ་ཞིག་བྱས་ན་མ་གཏོགས་མི་དེའི་ང་ཚོ་མགོ་བསྐོར་ཞབས་ལ་ཚུད་ས་རེད།