རིག་སྒྲོན།
དེང་སང་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་།
བཀའ་ཁྲིའི་འོས་བསྡུའི་ལས་འགུལ་ཚུགས།
འོས་མིར་བལྟས་ན་སྤྱིར་བཏང་རེད།
དེ་ཡི་དོན་སྙིང་ཆེན་པོ་ལྡན།
དང་པོ་བོད་ཀྱི་ལོ་རྒྱུས་ཐོག
སྔོན་མེད་ལམ་ལུགས་གསར་དུ་གཏོད།
གངས་ཅན་པ་ཡི་རྗེས་རབས་ཚོས།
རྒྱལ་སྤྱི་ཀུན་དང་མཉམ་བགྲོད་ཐུབ།
གཉིས་པ་ཆབ་སྲིད་ལམ་ལུགས་ལ།
དེང་དུས་ཅན་གྱི་རྣམ་པ་མངོན།
བོད་འདི་ཆོས་སྲིད་ཟུང་འབྲེལ་ནས།
རིམ་བཞིན་ཚད་ལྡན་དམངས་གཙོར་གྱུར།
གསུམ་པ་སློབ་གསོ་ཤེས་རིག་ཐད།
སྲོལ་རྒྱུན་དེང་རབས་རིག་གཞུང་རྣམས།
ཁོང་དུ་ཆུད་ཅིང་གང་ཐུབ་ཀྱིས།
རང་ནུས་རང་སྤོབས་སྤྱི་དོན་འགྲུབ།
བཞི་པ་རིས་མེད་ཆོས་ལུགས་དང་།
ཕོ་མོ་རྒན་གཞོན་རིགས་རུས་སོགས།
རྩ་ཁྲིམས་དག་གི་དགོངས་དོན་འོག
འདྲ་མཉམ་རང་དབང་བརྩི་སྲུང་ཐུབ།
འོས་མི་གསུམ་གྱི་གཤིས་འཇོན་ལ།
རགས་ཙམ་དཔྱད་པར་འདོད་པ་ནི།
རང་གི་བློ་ལ་གང་ཤར་ལས།
འོས་མི་སུ་ལའང་བསྟུན་དགོས་མེད།
བཀའ་ཟུར་བཀྲ་དབང་ན་ཚོད་རྒས།
མི་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན།
འགྲུབ་འབྲས་མངོན་གསལ་སྟོན་རྒྱུ་མེད།
ཡིན་ནའང་ལྷག་བསམ་ཉམས་མྱོང་ཕྱུག
ད་ཕན་བཙན་བྱོལ་སྤྱི་ཚོགས་ཁྲོད།
ལོ་མང་འགན་ཁུར་བཞེས་མྱོང་ཡང་།
དབུ་ཁྲིད་བྱེད་པའི་མི་སྣ་མིན།
གསར་གཏོད་བསྒྱུར་བཅོས་བློ་སྟོབས་ཆུང་།
ཕ་མ་བཟང་པོའི་སྐུ་འགྲམ་ནས།
གང་ཐོབ་འདི་ལ་འདོད་བློ་ཚིམས།
རང་གི་མཐུ་རྩལ་བློ་སྟོབས་ལས།
འཇིག་རྟེན་གསར་བསྐྲུན་སྙིང་སྟོབས་མེད།
བཀའ་ཁྲི་ཟུར་པ་བསྟན་རྣམ་ལགས།
འདས་པའི་བཙན་བྱོལ་སྤྱི་ཚོགས་ཁྲོད།
སྔར་མེད་ལས་དོན་འགའ་ཞིག་བརྩམས།
དེ་ཡི་ཕན་འབྲས་ཡོངས་སུ་གྲགས།
ཁོང་ཡང་བཀའ་ཟུར་བཀྲ་དབང་ལྟར།
སྐུ་ཚེ་བོད་ཀྱི་བདེན་དོན་ཆེད།
འབད་བརྩོན་གནང་ཞིང་ལས་དོན་གྱི།
ཉམས་མྱོང་ཕྱུག་པའི་རྒན་རབས་རེད།
ཁོང་ལ་གསར་གཏོད་བློ་ལྡན་ཡང་།
ཐུགས་ཐག་མ་ཆོད་ཕན་ཚུན་གཡོ།
སྐབས་རེ་སྤྱི་སྒེར་གཙོ་ཕལ་ཐོག
རང་གི་ངོ་སྲུང་གཙོ་བོར་འཛིན།
སྐུ་ཞབས་བློ་བཟང་སེང་གེ་ནི།
ཁྱིམ་ཚང་ཕལ་པའི་བོད་ཕྲུག་ཞིག
རང་གི་བློ་སྟོབས་སྤོབས་པ་ཡིས།
བཀའ་ཁྲིའི་འོས་མིའི་ནང་དུ་ཚུད།
ཁོང་ནི་བཙན་བྱོལ་གཞོན་སྐྱེས་ཁྲོད།
གཟེངས་སུ་ཐོན་པའི་མི་ཞིག་དང་།
དེང་སྐབས་ཆབ་སྲིད་མི་སྣ་ཡི།
ཆ་རྐྱེན་ལྡན་པ་ཞིག་རེད་སྙམ།
འོན་ཀྱང་བཀའ་ཁྲིའི་ལས་དོན་ལ།
ཉམས་མྱོང་ཉུང་ཞིང་མི་གཞན་ལ།
སྐབས་རེ་ཁེངས་དྲེགས་རྣམ་པ་ཐོན།
དེ་ནི་ཐེ་ཚོམ་སྐྱེ་གཞི་ཆགས།
མི་ལ་སྐྱོན་དང་ཤིང་ལ་མཛེར།
ཁྱོན་ནས་མེད་པ་ཡོང་མི་སྲིད།
འོས་མི་སུ་ཞིག་གདམ་ཀ་བྱེད།
ཁྱེད་ལ་རང་དབང་ཆ་ཚང་ཡོད།
ངེས་པར་བློ་ལ་འཇགས་རྒྱུ་ནི།
ཆོལ་ཞེན་ལུང་ཞེན་སྤུན་ཉེའི་ཞེན།
སྤྱི་དོན་རང་དོན་འཕོངས་གཞི་ལ།
འགྲོ་དང་མ་འགྲོ་རང་ལག་ཡོད།