སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན།
འདིར་ཉེ་སྔོན་ཁོ་བོས་སྔ་འགྱུར་བཀའ་མའི་དཀར་ཆག་གསར་དུ་བྲིས་པ་དང་འབྲེལ། ངོ་དེབ་དང་། ཁ་བརྡ་སོགས་ཀྱི་ཐོག་ཏུ་སྐབས་ཀྱི་དོན་དང་འབྲེལ་བའི་འདྲི་བ་འགའ་ཞིག་བྱུང་བ་རྣམས་ལ། རང་གིས་གོ་ཚོད་དང་ཤེས་ཚོད་ལྟར་གྱི་ལན་མདོ་ཙམ་དཀྱུས་གཅིག་ཏུ་ཞུ་ན།
༡༽ ཡར་འཕེལ་གྱིས། སྔ་འགྱུར་བཀའ་མའི་ནང་དུ་འདུལ་བ་དང་ཚད་མ་སོགས་ཀྱི་སྐོར་མེད་དོན་ཅི་རེད་ཅེས་པའི་ལན།
འཇམ་མགོན་ཀོང་སྤྲུལ་གྱིས། སྔ་འགྱུར་གཞུང་ཤིང་མདོ་སྒྱུ་སེམས་གསུམ་སྟེ།། ཞེས་གསུངས་པ་ལྟར། གསང་སྔགས་སྔ་འགྱུར་བ་རྣམས་ཀྱི་ཕ་ཆོས་ཐུན་མོང་མ་ཡིན་པ་མདོ་སྒྱུ་སེམས་གསུམ་པོ་ཡིན་པས། སྔོན་གྱི་ཡིག་ཆ་མཛད་པ་པོ་རྣམས་ཀྱིས་ཀྱང་གཙོ་བོ་མདོ་སྒྱུ་སེམས་གསུམ་གྱི་ཕྱོགས་ལ་ཡིག་ཆ་མང་པོ་བཞག་པ་ལས། དབུ་ཕར་འདུལ་མཛོད་ཀྱི་སྐོར་ལ་ཡིག་ཆ་མཛད་པ་ཉུང་ཉུང་ཡིན། དེར་བརྟེན་སྔ་འགྱུར་བཀའ་མ་ཕྱོགས་བསྡུ་གནང་སྐབས་ཀྱང་མདོ་སྒྱུ་སེམས་གསུམ་གྱི་ཡིག་ཆ་རྣམས་ཕྱོགས་བསྡུ་བྱེད་རྒྱུ་གཙོ་བོ་གནང་འདུག་ཅིང་། དེ་དག་གི་སྔོན་འགྲོར་ལམ་གྱི་རྨང་གཞི་སྐྱབས་འགྲོའི་སྐོར་དང་། ལམ་གྱི་གཞི་མ་སོ་ཐར་ལས་སོ་སོར་ཐར་བའི་མདོ་དང་། གཞི་གསུམ་གྱི་ཆོ་ག་སོགས་འགའ་ཞིག ཁ་ལམ་གྱི་སྙིང་པོ་བྱང་སེམས་སྐོར་ལས་སྡུད་པ་སོགས་ཉུང་ངུ་ཞིག་བཀའ་མ་ཕྱོགས་བསྡུས་ཀྱི་ནང་དུ་བཅུག་པ་ལས། བླ་མ་མི་ཕམ་ཚང་གིས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་འགྲེལ་ཆེན་ལེགས་བཤད་སྣང་བའི་གཏེར་ལྟ་བུ་དང་། རྒྱལ་གོང་གཞན་དགས་མདོ་ཕྱོགས་ཀྱི་གཞུང་ཆེན་བཅུ་གསུམ་ལ་མཆན་འགྲེལ་མཛད་པ་སོགས་ཀྱང་བཀའ་མའི་ནང་དུ་བཅུག་མི་འདུག
༢༽ ཆོས་མཚོ་སྐྱིད་ནས། བཀའ་གཏེར་གཉིས་ཀྱི་ཁྱད་པར་གཙོ་བོ་གང་གི་ཐོག་ནས་འཇོག་དགོས་སམ། གཏེར་ནས་བཏོན་མ་བཏོན་གྱིས་འཇོག་གམ་སོགས་ཀྱི་ལན།
སྤྱིར་བཀའ་གཏེར་གཉིས་ཀ་གང་ཡིན་རུང་རྡོ་རྗེ་འཆང་དང་། རྒྱུད་འཆད་པའི་སྐྱེས་བུ་དང་རྒྱུད་ཀྱི་བསྡུ་བ་པོ། བདག་ཅག་གི་སྟོན་པ། སློབ་དཔོན་རིན་པོ་ཆེ། འཕགས་བོད་ཀྱི་པཎ་གྲུབ་སོགས་ཀྱི་བཀའ་མིན་པ་གཅིག་ཀྱང་མེད། འོན་ཀྱང་བཀའ་འགའ་ཞིག་ཐོག་མར་གསུང་པ་པོ་དང་བསྡུ་བ་པོ་སོགས་ནས་བཀའ་ནས་བཀའ་འབའ་ཞིག་ལ་བརྒྱུད་དེ་ཡོང་བ་ལས་གཏེར་ཁུང་དུ་མ་སོང་བ་དང་། བཀའ་འགའ་ཞིག་བར་སྐབས་གཏེར་ཁུང་དུ་སོང་ཞིང་། དེ་ནས་སླར་ཕྱུངས་པ་གཉིས་ཀྱི་ཁྱད་པར་གྱིས་བཀའ་མ་དང་གཏེར་མའི་ཁྱད་པར་ཕྱེ་བ་ཡིན། དེས་ན་གཏེར་མ་རྣམས་ཀྱང་མཐར་གཏུགས་ན་བཀའ་མ་ཡིན་པ་ཤེས་དགོས།
༣༽ སྐྱུར་རྩི་ནས། སྔ་འགྱུར་རྙིང་མའི་བཀའ་མ་ཞེས་པ་དེ། སྔ་འགྱུར་རྙིང་མའི་སྔ་ཕྱིར་བྱོན་པའི་མཁས་གྲུབ་གསེར་རིའི་ཕྲེང་བ་ཡོངས་རྫོགས་ཀྱི་མགུལ་ཡངས་ལས་ཐོན་པའི་ལེགས་བཤད་ཀྱི་སྦྲང་རྩི་ས་བླའི་ལྗོངས་ལ་ཡོད་དོ་ཅོག་ལ་གོ་དགོས་པ་ཡིན་ནམ། སྔོན་དུ་ལོ་པཎ་བཀའ་དྲིན་ཅན་ཚོས་ངལ་བརྒྱ་དུ་མའི་རྔུལ་ཆུའི་ཐིགས་ཕྲེང་ལས་འཁྲུངས་པའི་བཀའ་བསྟན་འགྱུར་མ་རྣམས་ལ་གོ་དགོས་ཞེས་པ་དང་། ཡང་ཀླུ་ཚང་ནས། བཀའ་མ་ཞེས་པ་དེ་ཚད་གཞི་གང་འདྲ་འཛིན་གྱིན་ཡོད་དམ་ཞེས་པའི་ལན།
༤༽ སྤྱིར་བཤད་ན། འཇམ་མགོན་མི་ཕམ་རིན་པོ་ཆེས། བཀའ་དང་དགོངས་པ་འགྲེལ་བའི་གཞུང་ཀུན་རྫོགས།། མཚོ་སྐྱེས་རྒྱལ་བའི་བསྟན་པ་ཞེས་གསུངས་པ་ལྟར། གསང་སྔགས་སྔ་འགྱུར་གྱི་སྐབས་སུ་བསྒྱུར་བའི་བཀའ་མདོ་སྔགས་གཉིས་དང་། བསྟན་བཅོས་ཡོད་དོ་ཅོག་ཀྱང་བཀའ་མ་ཡིན། འོན་ཀྱང་སྒྲ་ལ་བཤད་འཇུག་ཡོད་མེད་མུ་བཞི་བརྩི་རྒྱུ་ཡོད་པ་ལྟར། ད་སྐབས་བཀའ་མ་ཕྱོགས་བསྡུས་ཀྱི་ནང་དུ་མེད་པའི་བཀའ་དང་བསྟན་བཅོས་རྣམས་ལ་དོན་ལ་བཀའ་མ་ཞེས་པའི་སྒྲ་འཇུག་པ་ཡོད་ཀྱང་བཤད་པ་མེད་པས་བཀའ་འགྱུར་དང་བསྟན་འགྱུར་ཟེར་བ་ལས་བཀའ་མ་མི་ཟེར། བཀའ་མ་ཕྱོགས་བསྡུས་ཀྱི་ནང་དུ་ཡོད་པའི་བཀའ་བསྟན་བཅོས་རྣམས་ལ་བཀའ་མ་ཞེས་པའི་བཤད་འཇུག་གཉིས་ཀ་ཡོད་པ་ཡིན།
༥༽ སྤྲུལ་སྐུ་ཚུལ་ཁྲིམས་ཀྱིས། ཁྱེད་ཀྱི་དཀར་ཆག་གི་ནང་དུ་གསལ་བ་ལྟར་ན། བཀའ་མའི་ནང་དུ་བཻ་རོ་ཙ་ནས་མཛད་པའི་རྫོགས་ཆེན་མན་ངག་སྡེའི་སྐོར་མེད་པར་སྣང་བས་དེའི་རྒྱུ་མཚན་ཅི་ཡིན། ཡང་བི་མ་སྙིང་ཐིག་གཏེར་མ་མིན་ནམ་བཀའ་མའི་ནང་དུ་བཞག་དོན་གང་ཡིན་ཞེས་པའི་ལན།
རྫོགས་ཆེན་སྡེ་གསུམ་གྱི་ཐོག་ལ་བཀའ་གཏེར་གྱི་ཁྱད་པར་ཅུང་མི་འདྲ་བ་ནི། བཀའ་མའི་ལུགས་ལ་བོད་དུ་རྫོགས་ཆེན་སེམས་སྡེའི་བརྒྱུད་པ་གཙོ་བོ་བཻ་རོ་ཙ་ན་ཡིན་ཞིང་། གསང་བ་མན་ངག་གི་སྡེ་ནི་གཙོ་བོ་སློབ་དཔོན་རིན་པོ་ཆེ་དང་། བི་མ་ལ་མི་ཏྲ་ནས་བརྒྱུད་པ་ཡིན། སློབ་དཔོན་རིན་པོ་ཆེས་གཞོ་སྟོད་ཏི་སྒྲོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས་ལ་གདམས་པ་མཁའ་འགྲོ་སྙིང་ཐིག་པདྨ་ལས་འབྲེལ་རྩལ་ནས་བརྒྱུད་པ་དང་། སློབ་དཔོན་བི་མ་ལས་སྦས་བློ་གྲོས་དབང་ཕྱུག་དང་། འབྲོམ་རིན་ཆེན་འབར་བ་གཉིས་ལ་གསུངས་པའི་གསང་བ་མན་ངག་གི་སྡེའི་དཔེ་བརྒྱུད་གནས་བརྟན་ལྡང་མ་ལྷུན་གྲུབ་རྒྱལ་མཚན་ལ་བབས་ཤིང་། ཡང་ལྡང་མ་ལྷུན་རྒྱལ་གྱིས་བི་མ་ལས་ཆོས་རྒྱལ་ཁྲི་སྲོང་དང་། མྱང་ཏིང་འཛིན་གཉིས་ལ་གསུངས་པའི་མན་ངག་སྙན་བརྒྱུད་ཀྱང་གསན་དེ། སློབ་དཔོན་བི་མ་ལའི་ལུགས་ཀྱི་གསང་བ་མན་ངག་གི་སྡེའི་བཀའ་གཏེར་གྱི་ཆུ་བོ་གཉིས་གཅིག་ཏུ་འདྲེས་པ་བི་མ་སྙིང་ཐིག་ཏུ་གྲགས་པ་འདི་ཡིན་ཞིང་། དེ་ལྟར་མཁའ་འགྲོ་སྙིང་ཐིག་དང་བི་མ་སྙིང་ཐིག་གཉིས་ལ་སྔ་དུས་སུ་རྫོགས་ཆེན་མན་ངག་སྡེའི་ཁྲིད་ཆེན་གཉིས་ཞེས་གཏེར་ཆེན་འགྱུར་མེད་རྡོ་རྗེ་སོགས་ཀྱིས་གསུངས་པ་དང་། དེང་སང་བོད་དུ་བཞུགས་པའི་རྫོགས་པ་ཆེན་པོ་གསང་བ་མན་ངག་གི་སྡེའི་མན་ངག་ཐམས་ཅད་ཀྱི་རྩ་བ་ཡང་འདི་གཉིས་ཡིན། གཏེར་མའི་ལུགས་སུ་བཻ་རོ་ལ་ཡང་མན་ངག་སྡེའི་ཡིག་ཆ་མང་དུ་སྣང་མོད། བཀའ་མའི་ནང་དུ་བཻ་རོ་ལས་བཀའ་ནས་བཀར་བརྒྱུད་པའི་རྫོགས་ཆེན་སེམས་ཕྱོགས་རྣམས་མ་གཏོགས། མན་ངག་གི་སྡེའི་ཕྱོགས་གཏེར་མ་ལས་བྱུང་བ་རྣམས་བཅུག་མི་འདུག བི་མ་སྙིང་ཐིག་གནས་བརྟན་ལྡང་མས་གཏེར་ནས་བཏོན་པ་ཡིན་ཡང་། གོང་ལྟར་ཁོང་གིས་མན་ངག་སྙན་བརྒྱུད་ཀྱང་གསན་དེ་བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྱུར་བས་བི་མ་སྙིང་ཐིག་བཀའ་མར་བཅུག་པ་ཡིན་ནམ་སྙམ།
༦༽ བློ་བཟང་དར་རྒྱས་ཀྱིས། བཀའ་མ་དང་གཏེར་མཛོད་ཀྱི་ནང་དུ་རྙིང་མའི་གཞུང་ཡོངས་རྫོགས་ཡོད་པ་རེད་དམ་ཡང་ན་གལ་ཆེན་རྣམས་གཅེས་བསྒྲིགས་གནང་བ་རེད་ཅེས་པའི་ལན།
གོང་དུ་བཤད་པ་ལྟར། དོན་ལ་གསང་སྔགས་སྔ་འགྱུར་གྱི་སྐབས་སུ་བསྒྱུར་བའི་བཀའ་མདོ་རྒྱུད་གཉིས་དང་། བསྟན་བཅོས་ཡོད་དོ་ཅོག་ཀྱང་བཀའ་མ་ཡིན་མོད། བཀའ་མ་ཕྱོགས་བསྡུས་ཀྱི་ནང་དུ་དེ་དག་ཐམས་ཅད་འདུས་མེད། དེར་མ་ཟད། ཀུན་མཁྱེན་ཀློང་ཆེན་པའི་མཛད་པའི་བླ་མ་ཡང་ཏིག་དང་། མཁའ་འགྲོ་ཡང་ཏིག ཟབ་མོ་ཡང་ཏིག མཛོད་ཆེན་བདུན། རྫོགས་ཆེན་པ་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད་པའི་མདོ་རྒྱུད་མཛོད་སོགས་བཀའ་མའི་ནང་དུ་ཡོད་ན་ཅི་མ་རུང་སྙམ་པ་མང་པོ་བཀའ་མའི་ནང་དུ་བཅུག་མི་འདུག དེ་དག་ནི་གཅིག་བྱས་ན་བཀའ་མ་ཕྱོགས་བསྡུ་གནང་སྐབས་དཔེ་དཀོན་རྣམས་འཚོལ་བསྡུ་མཛད་པ་ཡིན་པས། མཛོད་ཆེན་བདུན་སོགས་དཔེ་དཀོན་མིན་པས་མ་བཅུག་པའམ། ཡང་ན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེས་མཛད་པའི་མདོ་རྒྱུད་མཛོད་སོགས་མང་པོ་ཞིག་གི་དཔེ་མ་འབྱོར་བ་ཡིན་སྲིད། གང་ལྟར་ད་སྐབས་ཡོད་པའི་བཀའ་མ་དང་གཏེར་མཛོད་གཉིས་ཀ་དོན་ལ་བཀའ་མ་དང་། གཏེར་མ་འགའ་ཞིག་ཕྱོགས་བསྡུས་མཛད་པ་ཙམ་ལས། སྔ་འགྱུར་བ་ལ་བཀའ་གཏེར་གྱི་ཆོས་ཡོད་དོ་ཅོག་ད་སྐབས་ཀྱི་བཀའ་མ་དང་། གཏེར་མཛོད་ཀྱི་ནང་དུ་འདུས་ཐུབ་མེད། གཏེར་མཛོད་ལ་མཚོན་ན་ཡང་གཏེར་སྟོན་ཆེན་པོ་རྣམས་ཀྱི་གཏེར་ཁ་ལས་བླ་རྫོགས་ཐུགས་གསུམ་སོགས་གལ་ཆེ་བ་འགའ་རེ་ཕྱོགས་གཅིག་ཏུ་བསྡུས་པ་ལས་གཏེར་ཆོས་ཡོད་ཚད་འདུས་མེད་ལ། གཏེར་སྟོན་མང་པོ་ཞིག་གི་གཏེར་ཆོས་ཡང་དེར་འདུས་ཐུབ་མེད། དེ་ནི་སྔ་དུས་སུ་དེང་སྐབས་ལྟ་བུའི་ཡིག་ཆ་རག་སླ་པོ་མིན་པ་དང་། ཡང་འགའ་རེ་ལ་དབང་ལུང་གི་རྒྱུན་ནུབ་ཚར་བ་སོགས་ཀྱིས་ཡིན་ངེས།
༧ ༽ ཀླུ་ཚང་ནས། འདིའི་ཁྲིད་ལུང་གི་རྒྱུན་ཚང་མ་ད་ལྟ་ཡོད་དམ་ཞེས་པའི་ལན།
ད་སྐབས་ཁོ་བོས་མཇལ་བའི་སྔ་འགྱུར་བཀའ་མ་རྒྱས་པ་དང་ཤིན་ཏུ་རྒྱས་པ་གཉིས་ལས། བཀའ་མ་རྒྱས་པ་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་མཛད་པ་པོ་ཏི་ལྔ་བཅུ་རྩ་བརྒྱད་ཀྱི་ནང་དུ། བཀའ་མའི་རྩ་གཞུང་དང་རྒྱབ་ཆོས་ཞེས་དུམ་བུ་གཉིས་སུ་ཕྱེས་ཡོད་ཅིང་། དེ་ཡང་ཐུན་མོང་པ་སྐྱབས་སུ་འགྲོ་བ་དང་ཁྱིམ་པ་རྗེས་སུ་འཛིན་པའི་སོ་ཐར་སོགས་ནས། ཐུན་མོང་མ་ཡིན་པ་ནང་རྒྱུད་བླ་ན་མེད་པའི་ཟབ་ཆོས་མདོ་སྒྱུ་སེམས་གསུམ་གྱི་བར། མན་ངག་ལས་ཆོག་ཕྲིན་སྒྲུབ་ཡན་ལག་དང་བཅས་པའི་སྐོར་ལ་རྩ་གཞུང་ཟེར་ཞིང་གླེགས་བམ་དང་པོ་ནས་ཉེར་གཅིག་པ་ཡན་ཆད་དུ་ཡོད། དེ་བཞིན་རྒྱ་བོད་མཁས་གྲུབ་དུ་མས་བཀྲལ་བའི་དགོངས་འགྲེལ་རྣམ་བཤད་སྤྱི་ཆིངས་མན་ངག་གི་བསྟན་བཅོས་དང་བཅས་པའི་སྐོར་ལ་རྒྱབ་ཆོས་ཟེར་ཞིང་། གླེགས་བམ་ཉེར་གཉིས་པ་མན་ཆད་ཡོངས་རྫོགས་ཡིན། དེ་དག་ལས་བཀའ་མའི་དབང་ལུང་གནང་སྐབས་གཙོ་བོ་རྩ་གཞུང་གི་ཐོག་ནས་གནང་བའི་ཕྱག་བཞེས་ཡོད་ཅིང་། རྩ་གཞུང་དུ་བཞུགས་པའི་དབང་ལུང་གི་རྒྱུན་རྣམས་སྔོན་ནས་ད་བར་མ་ནུབ་པར་ཡོད་པ་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་དང་། ༧སྐྱབས་རྗེ་དིལ་མཁྱེན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་གསན་ཡིག་ཏུ་བྱུང་བ་ལྟར་ཡིན་ཞིང་། རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་ལོར་བལ་ཡུལ་དུ་༧སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་བཀའ་མའི་དབང་དང་། ༧སྐྱབས་རྗེ་རབ་འབྱམས་རིན་པོ་ཆེས་བཀའ་མའི་ལུང་ཡོངས་རྫོགས་གནང་བ་ལྟ་བུ་ཡིན། བཀའ་མ་རྒྱས་པ་རུ་གྲགས་པ་ཀཿཐོག་བཀའ་མའི་ནང་དུ་གླེགས་བམ་དང་པོ་ནས་གླེགས་བམ་བཞི་བཅུ་པ་ཡན་ཆད་ལ་སྐོར་ཚོ་སྔ་མ་དང༌། གླེགས་བམ་ཞེ་གཅིག་པ་མན་ཆད་སྐོར་ཚོ་ཕྱི་མར་བྱས་ཡོད་པའི་སྐོར་ཚོ་སྔ་མ་ལ་དབང་ལུང་གི་བརྒྱུད་པ་ཆ་ཚང་ཡོད་པར་གསུངས་ཤིང་། ཕྱི་མ་ལས་ཟུར་ཧཾ་ཤཱཀྱ་འབྱུང་གནས་ཀྱི་མདོ་དབང་གི་སྐོར་དང་། དམྱལ་བ་བདེ་ལེགས་དཔལ་གྱི་མདོ་དབང་གི་སྐོར་སོགས་ལ་དབང་ལུང་སོགས་ཀྱི་རྒྱུན་ད་སྐབས་མི་བཞུགས་ཀྱང་། དཔེ་རྒྱུན་མི་ནུབ་པའི་ཆེད་དུ་བཀའ་མའི་ནང་དུ་བཞུགས་སུ་གསོལ་ཡོད་ཅེས་བྲིས་འདུག
༨༽ འབྲི་གུང་རྡོ་རྗེ་ནས། བཀའ་མའི་ཆོས་སྡེར་བཞུགས་པ་རྣམས་རྙིང་མ་ཁོ་ནའི་ཆོས་ཡིན་ནམ་ཞེས་པའི་ལན།
སྤྱིར་གསང་སྔགས་གསར་རྙིང་ལ་བཞེད་ཚུལ་མི་འདྲ་བ་མང་དུ་མཆིས་པ་འདིར་སྤྲོས་པ་སྐབས་སུ་མ་བབ་ཀྱང་། རཏྣ་གླིང་པའི་གཏེར་འབྱུང་ཆེན་མོ་ལས། བོད་ན་བཀའ་བརྒྱུད་ཀྱི་བབས་སོ་དང་། བསྟན་པ་སྔ་དར་ཕྱི་དར་དང་། འགྱུར་སྔ་ཕྱིའི་དབང་དང་། མན་ངག་གི་མཚན་ཉིད་ཀྱིས་གསར་རྙིང་དུ་གྲགས་སོ།། ཞེས་གསུངས་པ་འདི་ཉིད་ཁོ་ན་ཤིན་ཏུ་འཐད་པར་མངོན་ཞིང་། དེ་ཡང་བསྟན་པ་སྔ་དར་ཕྱི་དར་དང་། འགྱུར་སྔ་ཕྱིའི་དབང་དུ་བྱས་ན། རྒྱུད་སྡེ་ལ་གསར་རྙིང་ཡིན་མིན་གྱི་མུ་བཞི་བརྩི་རྒྱུ་ཡོད་དེ། དཔེར་ན་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་ལྟ་བུ་རྙིང་མ་ཡིན་ལ་གསར་མ་མ་ཡིན་པའི་མུ་དང་། རོག་བན་ཤེས་རབ་འོད་སོགས་ཀྱིས་གསུངས་པ་ལྟར། དུས་འཁོར་དང་། འཇིགས་བྱེད། དགྱེས་རྡོར། བདེ་མཆོག མ་ཧཱ་མ་ཡ། གདན་བཞི་ལ་སོགས་པའམ། ཡང་ན་ཐར་ལོའི་གསར་འགྱུར་བཅུ་གསུམ་དུ་གྲགས་པ་ལྟ་བུ་ནི་གསར་མ་ཡིན་ལ་རྙིང་མ་མིན་པའི་མུ། དཔལ་གསང་བ་འདུས་པ་ལྟ་བུ་ནི་གསར་རྙིང་གཉིས་ཀའི་རྒྱུད་སྡེ་ཡིན་པའི་མུ། ཡང་ད་བར་བོད་དུ་མ་འགྱུར་བ་མཁའ་འགྲོའི་གསང་མཛོད་སོགས་ན་བཞུགས་བཞིན་པའི་རྒྱུད་སྡེ་རྣམས་ནི་གསར་རྙིང་གཉིས་ཀ་གང་ཡང་མ་ཡིན་པའི་མུ་ཡིན། དེས་ན་ད་སྐབས་སྔ་འགྱུར་བཀའ་མའི་ནང་དུ་རྙིང་མའི་རྒྱུད་སྡེ་དང་། གསར་རྙིང་ཐུན་མོང་གི་རྒྱུད་གསང་འདུས་ཀྱི་སྐོར་དང་། གདུགས་དཀར་གྱི་སྐོར་སོགས་ཡོད་ལ། བརྗོད་བྱའི་དབང་གིས་བུ་སྟོན་རིན་པོ་ཆེ་སོགས་གསར་མའི་མཁས་པ་འགའ་རེའི་མཛད་པའི་བསྟན་བཅོས་ཀྱང་བཞུགས། ཀཿཐོག་བཀའ་མའི་ནང་དུ་ཟབ་གཅོད་ཀྱི་སྐོར་ཀྱང་སྔ་འགྱུར་བཀའ་མའི་ཕྱོགས་གཏོགས་ཞེས་བཞག་འདུག དེ་ལས་གཞན་རྣམས་ནི་ཁོ་བོས་བྲིས་པའི་སྔ་འགྱུར་བཀའ་མའི་དཀར་ཆག་དང་། རྒྱུད་འབུམ་དཀར་ཆག་གི་སྤྱིའི་བཤད་པའི་སྐབས་སུ་གསལ་བོར་བྲིས་ཡོད་ལས་དེར་གཟིགས་རོགས།
བཀྲ་ཤིས་ཞལ་གྲོ། སྤྱི་ལོ་ ༢༠༡༡ ཟླ་ ༨ ཚེས ༣༡ ལ།
དྲིས་ལན་ཞལ་གསལ་གནད་དུ་ཁེལ་བ་ཕན་ཐོགས་ཆེ་བ་འབའ་ཞིག་གནང་འདུག་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ།
བདེན་པའི་རང་གཟུགས་ཤིག་སྟོན་ཀྱིན་འདུག་གདའ། བདག་གིས་དྭོགས་པ་དེ་ཚོ་སྔོན་ནས་བསལ་ཟིན་ཀྱང་དྲ་སློབ་པ་ལས་དང་པོ་པ་འདི་ཚོ་ལ་ཕན་ས་རེད། མཁས་པ་དངོས་རེད་ཡ། འབྲེལ་མེད་ཀྱི་ལན་ཞིག་བཏབ་མི་འདུག ཅོ་འདྲི་བ་རིག་གྲོལ་ཁོ་སྣང་མེད་བྱས་བཞག ཧ ཧ
གང་ལྟར་སློབ་དཔོན་མཆོག་ལ་ངོ་སོར་བསྟོད། །
ཨོཾ་སྭ་སྟི།
སློབ་དཔོན་སྣ་ཚོགས་གཟུགས་ཅན་རིན་པོ་ཆེ། །
འཇིགས་མེད་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི། །
སྐུ་ཚེ་བརྟན་ཅིང་འགྲོ་དོན་ལྷུན་གྱིས་གྲུབ། །
བཀའ་གཏེར་གདམས་པས་འགྲོ་ཀུན་སྨིན་གྲོལ་ཤོག །
ལྷག་པ་ཡེ་ཤེས་ནས
ལན་འབྲི་སྟངས་ལ་བལྟས་ན་ཁོང་མཁས་པ་འདྲན་ཟླ་དང་བྲལ་བ་ཞིག་ཡིན་ས་རེད།
ནམ་རྒྱུན་ང་ཚོས་མདོ་སྔགས་སེམས་གསུམ་ཞེས་ཡོངས་གྲགས་བེད་སྤྱོད་གཏོང་གི་ཡོད།
འདིར་ཕ་ཆོས་ཐུན་མོང་མ་ཡིན་པ་མདོ་སྒུ་སེམས་གསུམ་གསུངས་འདུག་པས་མདོ་སྒུ་སེམས་
གསུམ་ཞེས་པའི་བརྗོད་དོན་ཇི་ལྟར་གོ་དགོས་ཡོད་ན་སྒུ་འདི་སྔགས་ལ་གོ་དགོས་ཡོད་ན་
འདྲ་འདིར་རྗོད་ཐབས་མི་བདེ་བ་ཞིག་འདུག
ཧ ཧ། ཡ་ཡ། འཚུབ་དགའ་ཁྱོད་ཉོན་དང་། སྔོན་དཔལ་ལྡན་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་བྱོན་སྐབས་སུ་དགེ་སློང་འགའ་རེས་ཆོས་འབྲེལ་གསུང་བར་ཞུས་ཀྱང་ཇོ་བོས་ཤེར་སྙིང་འདོན་པས་ཁོ་ཚོས་རྣ་བ་ལག་པས་བཀབས་ནས་ཤེས་རབ་སྙིང་པོའི་མདོ་མ་གསུངས་པར་མཁྱེན་ཞུས་པ་ནང་བཞིན། ནང་རྒྱུད་ཡོ་ག་སྡེ་གསུམ་མམ་སྔ་འགྱུར་པའི་ཆོས་སྒྲ་རྣ་བས་ཐོས་མ་མྱོང་པ་ཚོ་ལ་མདོ་སྒྱུ་སེམས་ཀློང་མན་ངག་གི་སྡེ་བཤད་དུས་མིག་སེར་རམ་སྐྲག་པར་སྐྱེ་བ་ཁག་མི་འདུག་མོད། འོན་ཀྱང་བྲེལ་འཚུབ་དང་ཨུ་ཚུགས་ལ་མ་དགའ་བར་རིས་མེད་གྲུབ་མཐར་གཟིགས་ཞིབ་གནང་དང་བློ་རྒྱ་ཆེ་རུ་འགྲོ་རྒྱུ་རེད།
དེ་རིང་དངོས་ནས་ཉི་མ་ཤར་ནུབ་གང་ནས་ཤར་ཡོད་མེད་ཤེས་རྒྱུ་མི་འདུག་ག་འདིར་རིས་མེད་
ཞེས་བསྐུལ་མས་བཟོ་འདྲ་ཞིག་སླེབས་འདུག་ངོ་མ་བསྐལ་པ་བཟང་བསྐལ་པ་བཟང། རྗེས་་་་་་
སུ་རྗེས་སུ་ཡང་་་་་ཧཧཧཧ
ཨེ་མ་ཧོ། ད་ནི་ངོ་ནས་ཨེ་མ་ཧོ་རེད། སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན། ངོ་ནས་མཁས་པ་ཆེན་པོ་ཡིན་ས་རེད། བརྗོད་བྱའི་གོ་རིམ། བརྗོད་བྱེད་ཀྱི་ཉམས་འགྱུར། བསྒྲུབ་བྱ་སྒྲུབ་བྱེད་ཀྱི་ཚད་གཞི། ངོ་ནས་ཡིད་སྨོན་ཤོར་དགོས་པ། རྗེས་སུ་ཡི་རངས་ཞུ་དགོས་པ་ཞིག་རེད། དེང་སང་གང་དུ་བཞུགས་ཡོད་པ་རེད། ངོ་ནས་མཇལ་འཛོམ་ཞིག་ཞུ་སྙིང་འདོད།
ཟླ་གསུམ་གྱི་རྗེས་སུ་བོད་ཀྱི་ལོ་སར་ཡང་སྔོན་ལ་རྒྱ་གར་ན་བཞུགས་ཡོད་དམ། ངོ་ནས་མཇལ་འཛོམས་ཞུ་སྙིང་འདོད།
སློབ་དཔོན་འཇིགས་མེད་བློ་གྲོས་རྒྱལ་མཚན་མཆོག་ལ་བཀྲ་ཤིས་བདེ་ལེགས་དང་། གང་གི་མཛད་པ་རླབས་པོ་ཆེར་རྗེས་སུ་ཡི་རང་ཞུ། །འདིར་དཔྱད་པ་ཕྲན་བུ་བྱ་ན། །༡༽སྔ་འགྱུར་བཀའ་མ་གཙོ་བོ་སྔགས་ཕྱོགས་ཀྱི་དབང་ལུང་མན་ངག་གི་ཡིག་ཆ་དང་རྙིང་མའི་བརྡ་ཆད་དུ་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལས་རྒྱ་ཆེ་བ་རྒྱུད་སྡེའི་སྐོར་བསྡུས་པ་ཡིན་ལ། དེ་ཡང་སོ་བྱང་གི་དཔེ་སོགས་འདུས་པ་མདོའི་ཉན་ཐོས་ཐེག་པའི་རྒྱབ་ཆོས་ཉེར་མཁོ་འགའ་ཞིག་ལས་སྔ་འགྱུར་བའི་དཔེ་སྣ་ཕྱོགས་བསྡུས་མིན་པ་ཤེས་པར་བྱ་དགོས། ༢༽བཀའ་གཏེར་ཀྱི་ཁྱད་པར་བརྒྱུད་པ་གཏེར་མ་ཡིན་མིན་ཀྱིས་ངེས་པར་འབྱེད་དགོས། རྒྱུད་གསུང་པ་པོ་དང་རྒྱུད་སྡེ་རང་གིས་ངོ་བོས་སྒོ་ནས་ཁྱད་པར་དབྱེ་དཀའ་བས་བཀའ་གཏེར་ལ་ཁྱད་པར་མེད་པའི་ཁས་ལེན་སྔ་འགྱུར་བ་སུས་ཀྱང་མ་གནང་བར་སེམས། ༣༽བཀའ་མ་པ་སྒྲ་ཡངས་དོག་གཉིས་སྟེ། སྔ་འགྱུར་བཀའ་མ་ནི་འགྱུར་རྙིང་ཡོངས་སུ་རྫོགས་པ་དང་། བཀའ་མ་ཕྱོགས་སྒྲིག་ནི་མདོ་རྒྱུ་སེམས་གསུམ་གཙོ་བོར་གྱུར་བའི་ཆོས་ཚན་བཅུ་དྲུག་རྒྱབ་ཆོས་དང་བཅས་པར་འགྲེལ་ན་མི་རུང་བ་མེད་སྙམ། ༤༽ཉིད་ཀྱི་གསུང་པ་ལ་མངོན་པར་བསྟོད། ༥༽རྒྱུད་བཅུ་བདུན་དང་དེའི་དབང་ལུང་ཡོངས་རྫོགས་ཁྱད་པར་སྙན་བརྒྱུད་ཐིག་ལེ་གསང་སྐོར་རྣམས་བཀའ་མ་ཡིན་པས་གཏེར་ཁུངས་སུ་འདྲེན་དགོས་མེད་པ་དང་། མཁའ་འགྲོ་སྙིང་ཏིག་བཀའ་མར་གྲགས་པ་མེད་པས་གཏེར་མཛོད་དུ་བཞུགས་སུ་གསོལ་བ་དེ་ཤིན་ཏུ་ལེགས་པར་སེམས། གདམས་ངག་མཛོད་ཀྱི་རྙིང་མའི་སྐོར་ཡང་བཀའ་མ་རྩ་བའི་ཆོས་སྐོར་གཙོ་བོ་བྱས་པ་ཡིན་པས་མཁའ་འགྲོ་ཡང་སྙིང་སོགས་བཞུགས་མེད། ༦༽གཏེར་མཛོད་ཉིད་ཀྱིས་གསུང་པ་ལ་མངོན་པར་བསྟོད། གཏེར་ཆོས་ཡོངས་རྫོགས་མེད་པའི་རྒྱུ་མཚན་ནི། བརྒྱུད་པ། ཡིག་ཆ། དཔལ་འབྱོར། དུས་ཚོད་སོགས་་ཡིན་ཚུལ་གཏེར་མཛོད་སྤར་ཏུ་བསྐྲུན་པའི་ལོ་རྒྱུས་སུ་གསལ། ༧༽ད་ཡོད་སྔ་འགྱུར་བཀའ་མ་ཕྱོགས་སྒྲིག་པོད་བརྒྱརྩ་བ་པོ་འདི་ལ་དབང་ཁྲིད་གཉིས་ཀའི་བརྒྱུད་པ་ཚང་བར་བཞུགས། ལུང་རྒྱུན་མེད་པ་རེ་གཉིས་ཡོད། ཟུར་ཧཾ་ཤཱཀྱ་འབྱུང་གནས་ཀྱི་མདོ་དབང་གི་སྐོར་དང་། དམྱལ་བ་བདེ་ལེགས་དཔལ་གྱི་མདོ་དབང་གི་སྐོར་སོགས་ལ་དབང་རྒྱུན་ཡོད། ལུང་རྒྱུན་ཡོད་མེད་ཆ་མ་འཚལ། དབང་རྒྱུན་འདུས་པ་མདོ་དབང་དབུས་ལུགས་དང་། ཁམས་ལུགས་གཉིས་ཀའི་ནང་དུ་ཡོད་པ་དེ་ལས་ཁྱད་པར་ཕྲན་བུ་ཙམ་ཡང་མེད། །སྤྲུལ་སངས་རྒྱས་ཚེ་རིང་གི་རྣམ་ཐར་དུ་ཟུར་ཧཾ་ལུགས་སོགས་གསན་པའི་ལོ་རྒྱུས་མཇལ་སྣང་ཤར་ཏེ་ཡི་གེ་མ་འབྱོར་བས་ཞུ་རྔོ་མ་ཐོགས། ༨༽སྔ་འགྱུར་ཡིན་མིན་ལ་མུ་བཞི་བརྩི་ཚུལ་འདིར་ཁྱབ་པ་མེད། འཇམ་དཔལ་རྩ་རྒྱུད། གསང་ལྡན། གཤིན་རྗེ་དགྲ་གདོང་འཇིགས་གསུམ། གཤེད་དམར་སོགས་སོགས་ཕལ་ཆེར་གསར་རྙིང་གཉིས་ལ་བཞུགས་པ་དང་། །བཀའ་འདུས་ཆོས་ཀྱི་རྒྱ་མཚོ་དང། ཀློང་གསལ་རྙིང་པོའི་བི་མ་ལའི་སྙིང་ཐིག ལས་རབ་གླིང་པའི་ཡོངས་རྫོགས་འདུས་པ་སོགས་སུ་གསར་ཕྱོགས་ཀྱི་ཡི་དམ་པལ་ཆེར་གྱི་སྒྲུབ་ཐབས་དབང་ལུང་བཞུགས་པས་སོ། །དེར་མ་ཟད་འཇུ་མི་ཕམ་པས། ཕྱི་དགྱེས་པ་རྡོ་རྗེ། ནང་འཁོར་ལོ་བདེ་མཆོག གསང་བ་སྒྱུར་མ་བདེ་མཆོག ཡང་གསང་ཡང་དག་ཧེ་རུ་ཀ་སོགས་མཚན་ཙམ་ལས་དོན་ཏུ་གཅིག་ཡིན་པར་གསུང་པས་སོ། །མཚན་ཙམ་གྱིས་སོ་སོ་དབྱེ་ན་ཐུག་མེད་ཏུ་མི་འགྱུར་རམ། ཅེས་པའང་རྣམ་རྟོག་གི་རླབས་ཤིག་འཕྲལ་བྲིས་བྱས་པའོ། །
རིན་ཆེན་གཏེར་མཛོད་དང་སྔ་འགྱུར་བཀའ་མ་སོགས་ཕྱོགས་བསྒྲིགས་མཛད་པ་པོ་དག་གིས་ཡིག་ཆ་ཕྱོགས་བསྒྲིགས་ཙམ་མ་ཡིན་པར་གཙོ་བོ་དབང་ལུང་ཁྲིད་གསུམ་གྱི་རྒྱུན་འཛིན་སྐྱོང་སྤེལ་གསུམ་གཙོ་བོར་བཟུང་སྟབས་བཀའ་གཏེར་གྱི་ཡིག་ཆ་ཡིན་ཡང་མང་པོ་ཞིག་འདི་དག་གི་ནང་དུ་མ་ཚུད་པ་ཡིན་ནམ། དེ་ཡང་ཕྱོགས་བསྡུས་མཛད་པ་པོ་རྣམ་པར་དབང་ལུང་ཁྲིད་གསུམ་གྱི་རྒྱུན་ཇི་རྙེད་ཡོད་པ་དེ་རྙེད་དེ་མ་གཏོགས་གཞན་པ་ཚོ་མ་བསྡུས་པ་རེད་དམ། དེ་ལྟར་ཡིན་མིན་ལ་ལན་ཞིག་གནང་བའི་རེ་བ་ཡོད། དེ་མིན་རིན་ཆེན་གཏེར་མཛོད་ལྟ་བུའི་ནང་དུ་སྐབས་དེའམ་དེའི་སྔོན་ལ་བྱུང་བའི་སྟོན་མང་པོའི་གསུང་བསྡུས་མི་འདུག
དྲི་མེད་ལྷག་བསམ་གྱིས་བྲིས་པ་དེར་རྒྱུ་མཚན་ཆེན་པོ་འདུག་ལགས།
སློབ་དཔོན་སྣ་ཚོགས་གཟུགས་ཅན་མཆོག་ལ་བཀའ་འདྲི་ཞུ་རྒྱུ། བཀའ་མ་ཞེས་པའི་བརྡ་ཆད་དེ་འཕགས་བོད་གང་ནས་བྱུང་། ཡིག་ཆ་སྔ་ཤོས་གང་གི་ནང་དུ་གསལ། བཀའ་མ་ཞེས་འདོགས་པའི་རྒྱུ་མཚན་གང་ཡིན་བཅས་གསུང་ལན་གནང་རྒྱུར་བཀའ་དྲིན་མ་ཆུང་།
སྒྲ་བཤད་འཇུག་གི་ཁྱད་པར་དེ་འདྲ་ཨི་ཡིན་ན། དཔེར་ན། མེ་ཏོག་པདྨ་ལ་ཆུ་སྐྱེས་ཞེས་པའི་སྒྲ་བཤད་འཇུག་གྱི་ཁྱད་པར་བརྩི་ན། སྐམ་སར་སྐྱེས་པའི་པདྨ་ལ་ཆུ་སྐྱེས་ཞེས་པ་བཤད་དུ་མེད་ལ། འཇུག་ཏུ་ཡོད་པ་མིན་ནམ། མེ་ཏོག་ཀུན་ལ་ཆུ་སྐྱེས་ཞེས་པ་ཡོངས་གྲགས་མིན་ནམ་་་་་ཧཧཧཧ
བཀའ་མ། གཏེར་མ། རྙིང་མ། གསར་མ་བཀའ་ཡོད་ཚད། ཐེག་པ་རིམ་པ་དགུ་རུ་མ་བསྡུས་པ་མེད་དགོས་པས། གསར་རྙིང་གང་དུ་ཡང་མ་བསྡུས་པའམ། བོད་འགྱུར་མེད་པ་མཁའ་འགྲོའི་གསང་མཛོད་ནང་ལ་ལུས་པ་དག བྱ་སྤྱོད་རྣལ་གསུམ་མམ། ལུང་ཨ་ནུ་ཨ་ཏི་གང་གི་ཁོངས་སུ་བསྡུས་པ་ཡིད་འཆེས་དགོས་སམ། ལགས། དྲ་གྲོགས་ཚོས་ལན་ཞིག་གནོངས་དང་། །
གཏེར་གསར་དང་གཏེར་རྙིང་གི་ཁྱད་པར་ཇི་ལྟར་འཇོག