ཆབ་མདོ་ངག་ཕུན།
མཁས་དབང་ཟམ་གདོང་བླ་མ་དགུང་ལོ་དོན་ལྔ་ཕེབས་པར་བཀའ་དྲིན་རྗེས་དྲན་གྱི་བསྟོད་དབྱངས།
བཅུ་ཕྲག་རིག་པར་བརྩོན་པ་ལྷུན་ལེན་མཛད།།
ལུང་རིག་ཐམས་ཅད་ཁོག་ཏུ་ཆུད་པར་གྱུར།།
སེ་འབྲས་དགེ་གསུམ་མཁས་དབང་འཛོམས་པའི་དབུས།།
ལྷ་རམས་དམ་འཇོག་ཀུན་རྣམས་ཡིད་དབང་འཕྲོག།
བླ་མའི་མཚན་སྙན་བློ་ཁེངས་མ་བཞུགས་པར།།
མ་འོངས་རང་རེའི་སོན་རྩ་ཁྱུ་ཚོགས་ལ།།
གནའ་དེང་ཤེས་ཡོན་སྤྲོད་རྒྱུའི་གལ་ཆེའི་གཟིགས།།
ཉིན་མཚན་ལྷོད་མེད་སློབ་ཁྲིད་ཁོ་ནར་གནང་།།
༸རྒྱལ་བའི་བཀའ་སློབ་སྤྱི་བོའི་གཙུག་ཏུ་བཀུར།།
ལེགས་སྦྱར་མཐོ་སློབ་དེ་ཉིད་སྲ་བརྟན་བཙུགས།།
རིས་མེད་གངས་ལྗོངས་བུང་བ་ཁྱུ་ཚོགས་ལ།།
ཤེས་རིག་སྐྱེས་ཚལ་འཇུག་སའི་སྒོ་མོ་ཕྱེས།།
བོང་བ་ཚོགས་ཀྱིས་ཤེས་རིག་སྙིང་བཅུད་འཐུང་།།
འདབ་གཤོག་རབ་རྒྱས་འགྲོ་དོན་ལྷོད་མེད་མཛད།།
ཕྱི་ནང་ཀུན་གྱིས་ཁྱེད་ལ་བསྟོད་དབྱངས་འབུལ།།
བཀའ་དྲིན་ཆེ་འོ་རྗེ་བཙུན་ཟམ་གདོང་མཆོག།།
སྤྱི་འཐུས་ཚོགས་གཙོའི་མཛད་འགན་ཡོངས་སུ་བཞེས།།
གནའ་དེང་མཐུན་པའི་ཁྲིམས་ལུགས་གཏན་འབེབས་དང་།།
ཁྲིམས་ལུགས་དབང་བསྒྱུར་ཚད་དང་ལྡན་པར་བསྐྲུན།།
མཁས་མཆོག་ཟམ་གདོང་མཆོག་ལ་བསྟོད་དབྱངས་ཕུལ།།
བཀའ་ཁྲིའི་ཐུགས་འགན་ཡོངས་སུ་བཞེས་གནང་མཛད།།
ལས་ཁུངས་མ་ལག་ཡུལ་ཁྲིམས་མཐུན་པ་དང་།།
རྒྱས་སྤྲོད་མེད་ཅིང་ཚགས་ཚུད་སྲ་བརྟན་གྱིས།།
ཆབ་སྲིད་འགན་དབང་འཐུས་ཤོར་མེད་པར་མཛད།།
མཐོ་དམའ་མེད་པར་ཀུན་ལ་གཅིག་ལྟར་གཟིགས།།
ཆོལ་ཁ་ཆོས་ལུགས་འཐེན་འཁྱེར་རྩ་ལྟར་འདོར།།
དྲང་ཚུགས་ལྡན་ཞིང་འགྲོ་ལ་བརྩེ་བས་གཟིགས།།
མཁས་མཆོག་ཟམ་གདོང་མཆོག་ལ་བསྟོད་དབྱངས་ཕུལ།།
ཆོས་སྲིད་བླངས་འདོར་བཀའ་སློབ་གནང་ཐེངས་རེར།།
ལེགས་བཤད་བཅུད་ཀྱིས་བདུད་རྩིའི་སྦྲང་ཆར་ཕབས།།
གཟུར་གནས་མཁས་ཀུན་ཡིད་ཀྱི་དབང་པོ་འཕྲོག།།
མཁས་དབང་ཁྱེད་ལ་བསྟོད་དབྱངས་དབང་མེད་ཤོར།།
མི་ལོ་ལྔ་བཅུ་བརྒལ་རིང་བསྟན་འགྲོའི་དོན།།
ངལ་བ་ལྷོད་མེད་བཀའ་དྲིན་བླ་མེད་བསྐྱངས།།
དགུང་ལོ་དོན་ལྔ་ཕེབས་པའི་མགོན་ཁྱེད་ལ།།
སྙིང་ནས་བཀའ་དྲིན་བསྟོད་དབྱངས་རྗེས་དྲན་ཞུ།།
སྐུ་ཚེ་ཡུན་རིང་བརྟན་ཅིང་འགྲོ་བའི་དོན།།
མཛད་འཕྲིན་ཡར་ངོ་ཟླ་ལྟར་རྒྱས་པ་དང་།།
གངས་ལྗོངས་ཞིང་ལ་རང་དབང་མྱུར་ཐོབ་ནས།།
བདེ་སྐྱིད་རྫོགས་ལྡན་གསར་པ་མྱུར་ཡོང་ཤོག།།
ཞེས་པ་འདི་ནི་ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༡ ཚེས་ ༥ ཉིན་མོར་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔ་ཕེབས་པར་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་ཤར་མ་བྲིས་པ་ཞིག་ཀྱང་ཡིན་པས་དེ་དོན་དགོངས་འཇགས་འཚལ།
ཆབ་མདོ་ངག་ཕུན་མཆོག་གི་རྩོམ་ཡིག་བཟང་།
ཤེས་རིག་སྐྱེས་ཚལ་འཇུག་སའི་སྒོ་མོ་ཕྱེས།།
་
ཨ་རི་གོལྡ་སྟིཨེན་གྱི་བོད་ཨིན་ཚིག་མཛོད་དུའ
འབྱེད་ ཕྱེ་ དབྱེ་ ཕྱེས། ད་འདས་མ་འོངས་སྐུལ་ཚིག་ལ་བཀོད།
བོང་བ་ཚོགས་ཀྱིས་ཤེས་རིག་སྙིང་བཅུད་འཐུང་།།
ངའི་ལུང་པའི་ཕལ་སྐད་དུ་ཡང་འདི་འདྲ་ཡོད་ཀྱང་། བསྟན་བཅོས་ཀྱི་དཔེ་ཆ་ཀུན་ན་བུང་བ་ཞེས་པ་མཐོང་།
ལས་ཁུངས་མ་ལག་ཡུལ་ཁྲིམས་མཐུན་པ་དང་།། མཐུན་པ་དང་བསྟུན་པ་གཉིས་ཁྱད་ཅི་ཡོད། འདིར་བསྟུན་དགོས་པ་མ་ཡིན་ནམ།
བདེ་སྐྱིད་རྫོགས་ལྡན་གསར་པ་མྱུར་ཡོང་ཤོག།། འོང་ཆོས་སྐད་དང་ཡོང་ཕལ་སྐད་ཁམས་པའི་ཕལ་སྐད་དུ་ཡང་འོང་མ་གཏོགས།་ཡོང་ཞེས་པ་མེད་ཅེས་པ་ཐོག་པ་བདེན་པ་ཡིན་ནམ།
ལ་དྭགས་བློ་བཟང་ལགས་ཀྱིས་བོང་ཞེས་བུང་ལ་དག་བཅོས་གནང་བ་བཀའ་དྲིན་ཆེ་གནང་། སྐུ་ཉིད་ཀྱིས་གསུང་བ་བདེན་པ་རེད་ཁམས་པས་འོང་མ་གཏོགས་ཡོང་ཞེས་བརྗོད་ཀྱི་མ་རེད། གང་ལྟར་ཚིག་དེ་གཉིས་དོན་གཅིག་པ་ཡིན། སྒོ་མོ་ཕྱེས་པ་རེད་ཅེས་པའི་དོན་ནོ། མཐུན་པ་དང་བསྟུན་ནི། མཐུན་ཐབས་བྱེད་པའམ་རྗེས་སུ་འབྲང་བའི་དོན་ཏེ། ཞེས་པ་ལྟར་རེད་དོ།
ཟམ་གདོང་རིན་པོ་ཆེ་དགུང་གྲངས་དོན་ལྔར་ཕེབས་པར་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།
བཀའ་དྲིན་རྗེས་དྲན་ནི་མི་ཞིག་ཆགས་བཞགས་ནས་མེད་དུ་མེད་རུང་བའི་ངནད་ལུགས་ཤིང་ཀྱང་རེད་པསཐུགས་རྗེ་ཆེ།