རྐྱང་ཕྲུག་གྲགས་པ་རྒྱ་མཚོ།
གངས་ཅན་ས་ལའི་སྨན་ལྗོངས།།
མདོ་སྨད་ས་ཡི་ཐིག་ལེར།།
མཚན་དཔེའི་འདབས་སྟོང་བཞེད་པའི།།
ཨ་མདོ་ལྷ་མོ་དོན་འགྲུབ།།
དབུས་གཙང་དག་པའི་ཞིང་ནས།།
མི་འཇིགས་གདོང་ལྔས་བཏེགས་པའི།།
གསེར་ཁྲིར་མངའ་གསོལ་མཛད་པ།།
རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
ཡོོངས་འཛིན་རྒྱལ་ཚབ་ལ་སོགས།།
བསམ་དང་སྦྱོར་བས་བསྟེན་ནས།།
མདོ་སྔགས་རིགས་པའི་གཞུང་ལ།།
མཁས་པའི་སྙན་གྲགས་རྒྱས་སོང་།།
བོད་འབངས་བདེ་སྡུག་ཡོད་ཚད།།
དགོངས་པའི་ཟབ་སར་བཞག་སྟེ།།
ཆོས་སྲིད་གསེར་གྱི་འཁོར་ལོའི།།
ཕྱག་མཚན་བདག་གིར་བཞེས་སོང་།།
གཞུང་ལུགས་རལ་བ་ལྟུག་པོའི།།
གཡུ་རལ་གནམ་དུ་གསུག་པའི།།
ལྷ་ལྡན་གྲྭ་སྐོར་དམ་བཅའ།།
མཁས་མང་དབུས་ནས་བཞག་སོང་།།
རྒྱ་དམར་ཀླ་ཀློའི་དཔུང་གིས།།
དྲག་པའི་དཔུང་འཇུག་བྱས་དུས།།
གཞུང་ས་དགའ་ལྡན་ཕོ་བྲང་།།
འཕགས་པའི་ཡུལ་ལ་དྲངས་སོང་།།
གནས་མཆོག་འཕགས་པའི་ཡུལ་ནས།།
མང་གཙོའི་ཀ་བ་སུམ་ལྡན།།
གཙན་བྱོལ་སྤྱི་ཚོགས་གསར་པའི།།
ཆོས་སྲིད་རྩ་བ་ཚུགས་སོང་།།
མ་འོངས་གངས་རིའི་ལྗོངས་སུ།།
རང་སྲིད་རང་གིས་སྐྱོང་ཆེད།།
མཐའ་བྲལ་དབུ་མའི་ལམ་གྱི།།
ཤིང་རྟའི་སྲོལ་བཟང་ཕྱེ་སོང་།།
མང་གི་ནུས་པ་ཡོད་ཚད།།
གཅིག་ཏུ་སྤུངས་པའི་ཆེད་དུ།།
མང་གཙོའི་ལམ་སྲོལ་བཟང་པོ།།
མང་ལ་གསོལ་རས་བསྩལ་སོང་།།
མངའ་ཐང་དགུང་ལ་མཉམ་པའི།།
གཞུང་ས་དགའ་ལྡན་ཕོ་བྲང་།།
སྲིད་ཀྱི་ཁྲི་ལས་གཟུར་ཏེ།།
སྐུ་དབང་མང་ལ་གནང་སོང་།།
བུར་རྒྱལ་མེས་པོའི་སྐབས་ནས།།
བོད་འབངས་དྲིན་གྱིས་བསྐྱངས་པའི།།
སྲིད་ཀྱི་ཁྲིམས་ལུགས་བཙན་པོ།།
ཞི་བའི་ངོ་བོར་བསྒྱུར་སོང་།།
འཛམ་གླིང་ས་ཡི་ཕྱོགས་ཀུན།།
བརྩེ་བའི་ཞབས་ཀྱིས་ཀྱག་ནས།།
རིས་མེད་བྱམས་བརྩེའི་མཛད་པས།།
སྐྱེས་དགུའི་ཡིད་དབང་ཕྲོག་སོང་།།
བྱང་སེམས་སྤྱོད་པ་མཆོག་གི།།
མཛད་བཟང་བདག་གིར་བཞེས་ནས།།
འཛམ་གླིང་སྐྱེ་དགུ་ཡོངས་ལ།།
ཞི་བདེའི་ས་བོན་བསྐུན་སོོང་།།
ཞི་བདེའི་བྱ་དགའ་ལ་སོགས།།
ཆེ་བསྟོད་གཟེངས་བསྟོད་སྣ་ཚོགས།།
རྟགས་མ་བརྒྱ་ཕྲག་བརྒལ་བ།།
འཛམ་གླིང་ཁྱོན་ནས་ཕུལ་སོང་།།
ལོ་ངོ་གཉིས་སྟོང་སྔོན་གྱི།།
ནང་བསྟན་རིགས་པའི་གཞུང་ལུགས།།
ནུབ་ཕྱོགས་ཚན་ཚན་རིག་པར།།
བསྡུར་བའི་སྙན་གྲགས་རྒྱས་སོང་།།
འཛམ་གླིང་གོ་ལ་སྲིལ་པོར།།
སྣ་མང་ཆོས་ལུགས་པད་ཚལ།།
མཁྱེན་བརྩེའི་ཉི་མ་གཞོན་ནུས།།
མཐུན་པའི་འཛུམ་ཞལ་དགྱེས་སོང་།།
སྙིགས་དུས་སྐྱེས་འགྲོ་ཡོངས་ལ།།
བླངས་དོར་ལམ་སྟོན་ཟབ་མོའི།།
གསུང་གི་བདུད་རྩི་བསྩལ་བས།།
འགྲོ་རྣམ་ཀུན་སྤྱོད་ལེགས་སོང་།།
མ་འོངས་བོད་མིའི་བདེ་དོན།།
ཐུགས་ཀྱི་ཟབ་སར་བཞག་སྟེ།།
མདུན་ལམ་གསལ་སྟོམ་གནང་བར།།
ང་ཚོའི་སེམས་པ་དགའ་སོང་།།
ཀྱག་ཀྱོག་གཞུད་ལམ་ཁྲོད་ནས།།
མཛད་འཕྲིན་འོད་སྟོང་འབར་ཞིང་།།
འཛམ་གླིང་སྐྱེས་རྒུ་ཡོངས་ལ།།
ཞི་བདེའི་གཅེས་ནོར་བསྩལ་སོང་།།
དགུང་གྲངས་བརྒྱད་བཅུར་ཕེབས་པའི།།
སྐྱབས་མགོན་ཡིད་བཞིན་ནོར་བུའི།།
སྐུ་ཡི་གྱ་སྟོན་ཉིན་མོར།།
ཁྱེད་ཀྱི་བཀའ་དྲིན་དྲན་སོང་།།
གང་སྐུ་མི་འགྱུར་ལྷུན་པོ།།
རྡོ་རྗེའི་ཁམས་སུ་བརྟན་ཅིང་།།
རླབས་ཆེན་བཞེད་དགོངས་མཐའ་དག།
ལྷུན་གྱིས་འགྲུབ་པའི་སྨོན་འདུན།།
ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག ༧གོང་ས་ལྷ་མིའི་རྣམ་འདྲེན། ༧སྐྱབས་མགོན་རྒྱལ་བ་ཡིད་བཞིན་ནོར་བུའི་སྐུའི་གྱ་སྟོན་ཉིན་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་༼རྒྱང་གླུ་སེམས་ཀྱི་ཚོར་རླབས་༽ཞེས་པ་འདི་གུས་མིང་རྐྱང་ཕྲུག་གྲགས་པས་ཧྥ་རན་སའི་རྒྱལ་ས་པེ་རེ་སི་ནས། སྤྱི་ལོ་༢༠༡༥ ཟླ་༦ ཚེས༢༡/༢༢ ཉིན་བཀྲ་ཤིས་པའི་ཁ་དག་ཞིག་གི་དོད་དུ་བཏེགས།