ཆབ་མདོ་ངག་ཕུན།
བོད་ཁ་བ་ཅན་གྱི་མགོན་སྐྱབས། །སྐྱབས་རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
སྐུ་མཛད་འཕྲིན་དབྱར་མཚོ་ནང་བཞིན། །དུས་རྟག་ཏུ་རྒྱས་པའི་སྨོན་འདེབས།།
གནས་ཐེག་ཆེན་གཙུག་ལག་ཁང་གི་ནང་། །གནས་འཕགས་ཡུལ་གྷན་དྷིའི་ཚོགས་པ་ཡིས།།
ཆེས་རྩ་ཆེན་གཟེངས་རྟགས་འབུལ་བཞེས་མཛད། །བདག་དགའ་བ་ཚད་མེད་སྐྱེས་ནས་བྱུང་།།
སྐུ་ལང་མཚོ་གངས་རི་ལྗོངས་ནས་རྒྱས། །གསུང་དྲི་མེད་འཛམ་གླིང་ཡོངས་སུ་ཁྱབ།།
ཐུགས་ཞུམ་མེད་གཞན་དོན་མཛད་པར་སྐྱོང་། །སྐྱབས་བླ་མ་སྐུ་ཚེ་རིང་བརྟན་ཤོག།
ས་རྒྱུས་མེད་མི་ཡུལ་ཕེབས་ན་ཡང་། །བོད་གངས་ཅན་ལྗོངས་ཀྱི་ཆོས་རིག་རྣམས།།
གནས་ཉམས་པ་མེད་པའི་སླར་གསོ་མཛད། །སྐྱབས་བླ་མར་བཀའ་དྲིན་སྙིང་ནས་ཞུ།།
རྗེ་བླ་མ་ཁྱེད་ཀྱི་སྐུ་དྲིན་ལས། །དུས་དེང་སྐབས་ན་གཞོན་ཕོ་མོ་རྣམས།།
གནས་གནའ་དེང་ཤེས་བྱ་ཟུང་དུ་འབྲེལ། །དེ་སྦྱོང་སའི་གོ་སྐབས་བཟང་པོར་བསྐྲུན།།
ས་ལག་མཐིལ་ཙམ་ཡང་མེད་ན་ཡང་། །དབུས་ལས་ཁུངས་མ་ལག་གསར་འཛུགས་མཛད།།
བོད་གངསལྗོངས་མང་གཙོའི་ལམ་བཟང་བསྐྲུན། །རྗེ་བླ་མ་བཀའ་དྲིན་བསམ་མི་ཁྱབ།།
སྐུ་ངལ་བ་མེད་པའི་འཛམ་གླིང་ཀུན། །དེར་ཕེབས་ནས་བྱམས་བརྩེའི་བཀའ་སློབ་གནང་།།
མི་རྣམས་ལ་ཕན་བདེའི་ལམ་བཟང་བསྐྲུན། །རྗེ་བླ་མ་བཀའ་དྲིན་བསམ་མི་ཁྱབ།།
དུས་དེ་རིང་གནམ་ལ་སྐར་མ་བཟང་། །དུས་དེ་རིང་ས་ལ་དུས་ཚོད་བཟང་།།
བོད་ཁ་བ་ཅན་གྱི་མགོན་སྐྱབས་ལ། །གནས་འཕཌ་པའི་ཡུལ་གྱིས་་གཟེངས་རྟགས་ཕུལ།
གནས་ཐེག་ཆེན་གཙུག་ལག་ཐང་སྟེང་དུ། །བོད་རྒན་དར་གཞོན་གསུམ་ངོ་གདོང་ནས།།
འཛུམ་དམུར་ལེ་ཕྱག་ཟུང་སྙིང་ཁར་སྦྱར། །སེམས་དགའ་བའི་སྨོན་ལམ་འདེབས་བཞིན་མཆིས།།
གནས་བོད་ཀྱི་ཟློ་གར་ཚོགས་པ་ཡིས། བོད་རྒྱལ་ཁའི་རྒྱལ་དར་ཁ་དབྱིངས་སྒྲེང་།།
ཆེས་བརྗིད་ཉམས་ལྡན་པའི་རྔ་རོལ་འབྲེལ། །རྗེ་བླ་མ་དལ་གྱིས་ཕེབས་བསུ་ཞུས།།
བོད་གཞིས་བྱེས་གཉིས་ཀྱི་མི་དམངས་རྣམས། །སེམས་དགའ་ཞིང་ཉིན་བྱེད་ཤར་བ་ལྟར།།
ཞལ་འཛུམ་དངས་རྒྱས་ཞིང་ཨེ་མ་ཧོ། །གནས་མགྲིན་པའི་དབུགས་ནས་དབང་མེད་ཤོར། །
རྗེ་བླ་མ་ཞལ་རས་མཇལ་བ་ཙམ། །སེམས་གཏིང་ལ་བདེ་བའི་འོད་སྣང་བྱིན།།
ད་བཀའ་དྲིན་ཆེའི་སྐྱབས་མགོན་མཆོག། །མགོན་སྐུ་ཚེ་རིང་དུ་བརྟན་པར་ཤོག།
ཅེས་པ་འདི་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་རྒྱ་གར་འཕགས་ཡུལ་གྷན་དྷི་མན་ཌེ་ལ་ཐེབས་རྩ་ཁང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཕྱི་ཚེས་ ༡༩ ཉིན་་བཞུགས་སྒར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་གྷན་དྷི་མན་ཌེ་ལ་གསེར་གྱི་རྟགས་མ་འབུལ་བཞེས་གནང་སོང་བ་དང་སྟབས་བསྟུན་ཏེ་སེམས་ནང་དུ་གང་ཤར་བ་རྣམས་བཀའ་དྲིན་རྗེས་མཚོན་ཆེད་དུ་གོང་ཚེས་ཉིན་མོར། ཆབ་མདོ་ངག་ཕུན་གྱིས་མྱུར་སྟབས་ཀྱིས་བྲིས་པའོ།
བོད་གངས་ཅན་ཞིང་གི་བཙུགས་ཀྱི་ནོར་།
བོད་ཁ་པ་རི་པ་མཛེས་པའི་རྒྱན་།
བོད་གདོང་དམར་ཡུལ་གྱི་མགོན་སྐྱབས་ཁྱེད་།
བོད་གངས་ཅན་བདེ་བའི་སྨན་མཆོག་ཁྱེད་།
སྐུ་ཚེ་སྐལ་བརྒྱར་བརྟན་པ་ཤོག་།
གངས་ལྗོངས་ལྷ་མི་ཟུང་གི། །མགོན་སྐྱབས་བསྟན་འཛིན་རྒྱ་མཚོ།།
སྐུ་ཚེ་རིང་ཡུན་རིང་བརྟན་པའི། །སྨོན་ལམ་སྙིང་ནས་འདེབས་སོ།།
སྐུ་ཚེ་ཡུན་རིང་བརྟན་པའི། ཞེས་ནོར་བཅོས།