རྩོམ་པ་པོ། ར་སེ་དཀོན་མཆོག་རྒྱ་མཚོ།
སྐྱོ་བྲག་དགའ་དབང་གིས་མཚམས་སྦྱོར་གནང་།
དེང་གི་སྐབས་སུ་བལྟ་རྒྱ་དང་མཐོང་རྒྱ་ཡོད་པ་ཕལ་མོ་ཆེས་བོད་ཀྱི་གྲུབ་མཐའ་ཁག་གི་ནང་དུ་བཀའ་བརྒྱུད་པ་ལ་རང་ཚུགས་མི་འདུག་ཟེར་ཞིང་། དེ་ནི་འདས་པའི་དུས་ཚོད་ནང་གི་གནས་སྟངས་ལ་ཟེར་ན་ཧ་ཅང་འཚམ་ནའང་། དེ་ནི་དེང་དུས་ཀྱི་གནས་སྟངས་ལ་ཟེར་འདུག དཔེར་ན་བྱེས་སུ་ཡོད་པ་དག་ལས་སེར་འབྲས་དགའ་གསུམ། དཔལ་ཡུལ། རྫོང་གསར་སོགས་སུ་སློབ་གཉེར་བའི་ནང་དུ་ཆོས་བརྒྱུད་ཁུངས་བཀའ་བརྒྱུད་པ་མང་ལ། གཞིས་སུ་ཁམས་ཀྱི་དཔལ་ཡུལ། གསེར་རྟ། ཡ་ཆེན་སོགས་སུ་ཆོས་ཞུ་བའམ་སློབ་གཉེར་བའི་ནང་དུ་ཆོས་བརྒྱུད་ཁུངས་བཀའ་བརྒྱུད་པ་ཡིན་པས་གང་ནས་འདུག དེ་དག་ཏུ་ས་སྐྱ་དང་དགེ་ལུགས་པའི་ཆོས་བརྒྱུད་ཡིན་པ་གཅིག་ཀྱང་མི་འདུག་ཟེར་གྱི་འདུག
བཀའ་བརྒྱུད་པ་ནི་དག་སྣང་གི་བཀའ་བབས་ཅན་ཡིན་པས། མཉམ་པ་ཉིད་དུ་བལྟ་ཞིང་། སྔོན་དུས་གཏེར་ཆོས་མང་པོའི་བཀའ་བབས་མྱོང་ལ། ཉེ་དུས་གཏེར་ལུགས་སུ་བསྒྱུར་བ་འང་མང་ལ། དགོན་མིང་ལ་ལར་ག་གེ་མོ་གཉིས་པར་བསྒྱུར་རྩིས་བྱེད་མཁན་ཡང་བྱུང་ལ། དགོན་མིང་བསྒྱུར་བའང་ཅི་རིགས་ཤིག་བྱུང་ལ། ན་ནིང་ལའང་གཏེར་ཆོས་ལུགས་སུ་བསྒྱུར་བའང་འགའ་བྱུང་འདུག དེ་ནི་བཀའ་བརྒྱུད་པ་ལ་དག་སྣང་དང་མོས་གུས་ཀྱི་བཀའ་བབས་དང་འབྲེལ་བ་ཡོད་ཤས་ཆེ་སྙམ་ལ། ཡང་ས་དགེ་རྙིང་གསུམ་བཀའ་བརྒྱུད་དུ་ཞུགས་པ་ནི་ཉིན་སྐར་འདྲ་ཞིང་། འབྲི་འབྲུག་ཀར་སྟག་གི་བླ་གྲྭ་མང་པོས་གྲུབ་མཐའ་ཆེན་པོ་བཞི་ལས་བཀའ་བརྒྱུད་པ་ཡིན་ཟེར་གིན། བྱ་སྤྱོད་དངོས་ལ་ཕ་ཆོས་རིན་པོ་ཆེ་ཟུར་དུ་འཇོག་གིན། གྲགས་པའི་རྗེས་སུ་འུར་བཞིན་པ་རིག་དུས་རང་ཚུགས་མེད་པའི་རང་རྟགས་གསོན་པོ་ལོས་ཡིན་སྙམ་པའང་ཤར།
བཀའ་བརྒྱུད་པ་ལ་དག་སྣང་དང་མོས་གུས་ཀྱི་བཀའ་བབས་ཡོད་པ་བདེན་ན། བརྡོལ་ཆོས་དག་གིས་ཆ་ཤས་ཙམ་ཡང་འགྲན་དུ་མེད་པའི་བཀའ་བརྒྱུད་གོང་མའི་ཟབ་ཆོས་ཡིད་བཞིན་ནོར་བུ་རྣམས་ལ་དག་སྣང་དང་མོས་གུས་མ་འཆར་བ་འདི་ནི་ཡ་མཚན་གྱི་གནས་སུ་མཐོང་། ད་ལྟ་ཞིབ་མོར་རྩད་བཅད་དུས་བཀའ་བརྒྱུད་པའི་ཕ་ཆོས་མང་པོའི་རྒྱུན་ཉག་ཕྲ་མོར་གྱུར་འདུག་པ་འདི་ནི་རང་ཚུགས་མེད་པའི་དཔང་པོ་གསོན་པོ་ཡིན། འདི་ལ་བརྟེན་ནས་ཕྱིས་ཀྱི་བསྟན་བདག་ཆེན་པོ་རྣམས་ཀྱིས་ཡང་སྙིང་ཅི་ཞིག་བདག་པོ་བརྒྱབ་ཡོད་དམ། ཡང་སྙིང་ཅི་ཞིག་འཛིན་སྐྱོང་གནང་ཡོད་དམ་ཅེས་སོགས་དོགས་འདྲི་མང་པོ་ཅིག་ངང་གིས་འོང་འདུག་ལ། དེ་ནི་ལོག་ལྟ་བྱས་པ་མ་ཡིན་པར་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རྟོགས་ཐབས་ཡིན།
འགྲོ་མགོན་བཀའ་བརྒྱུད་པ་ནི་ཉམས་ལེན་སྒྲུབ་པའི་བཀའ་བབས་པ་ཅིག་ཡིན་པས། བཀའ་བརྒྱུད་པའི་ཁྱད་ཆོས་དེ་ནི་སྒྲུབ་པའི་ཉམས་རྟོགས་ཀྱི་སྒོ་ནས་མཚོན་དགོས་པ་ཡིན་འདུག དེ་ཉིད་ཐོས་བསམ་སྔོན་དུ་སོང་དགོས་པ་ཡིན་ནའང་། ལྟ་དགོངས་གང་ཡིན་པར་ཐད་ཀར་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་ཡིན་གྱི། མཚན་ཉིད་པ་བཞིན་འབྲེལ་མེད་ཀྱི་གྲུབ་མཐའི་རྣམ་རྟོག་མང་པོའི་རིགས་ལ་འཇུག་མི་དགོས་པའི་གནད་ཟབ་མོ་ཡོད་པ་ཡིན། ཕྱིས་སུ་དེ་ལྟ་བུའི་རང་ཚུགས་ཤོར་བ་དང་། མར་ལུགས་སྔགས་ཀྱི་འཆད་ཉན་ཟབ་མོ་རྣམས་ཀྱང་ཉམ་དམད། རི་ཁྲོད་དུ་སྒྲུབ་པའི་རང་ཚུགས་ཀྱང་ཤོར་ནས་དུས་ལ་ཁག་བཏགས་ནས་གཏོར་ཟློག་སོགས་སྒྲུབ་འཕྲིན་ཁོ་ནས་ཆོག་པའི་ལམ་དུ་འཕྱན་སོང་བ་རེད།།
ཉེ་དུས་ཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མིའི་རིགས་སྣ་མང་རིག་གནས་ཀྱི་ཉིང་བཅུད་རྣམས་སྲུང་སྐྱོབ་ཀྱི་བཀའ་བཀོད་གནང་ཞིང་། གལ་ཆེ་ལ་ཉག་ཕྲ་བ་དེ་རྣམས་ལ་མངོན་མེད་ཤུལ་བཞག་རིག་གནས་ཞེས་པའི་མཚན་བྱང་གནང་ཡོད། དེས་ན་བཀའ་བརྒྱུད་པའི་ཕ་ཆོས་དྲི་མ་མེད་པ་རྣམས་ནི་ཉག་ཕྲ་བ་ནི་དོན་དངོས་ཡིན་པས། དེ་དག་ནི་མངོན་མེད་ཤུལ་བཞག་རིག་གནས་དངོས་ཡིན་ལ། དུས་འདིར་ཧ་ཅང་ཉག་ཕྲ་བའི་ཆོས་སྐོར་ཤ་དག་ཡིན་པས། ངེས་པར་སྲུང་སྐྱོབ་བྱ་དགོས་པ་ཆགས་ཡོད་པས། བཀའ་བརྒྱུད་པའི་བསྟན་ཞབས་སུ་སྐྱེས་པ་ཚོས་རང་ཚུགས་བརྟན་པོས་སྲུང་སྐྱོབ་བྱ་དགོས།
ང་ཚོས་མཉམ་སྦྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་ལྷན་ཁང་གི་བཀའ་བཀོད་དང་། རང་རྒྱལ་གྱི་མངོན་མེད་ཤུལ་བཞག་རིག་གནས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་བཞིན་དུ། འགོག་རྐྱེན་མང་ཉུང་ལ་མ་ལྟོས་པར་ལོ་རྒྱུས་རིང་ལ། ལྷད་མེད་ཟབ་དོན་གྱི་བཀའ་བརྒྱུད་ཤེས་རིག་ལ་གཅེས་འཛིན་དང་གཅེས་སྲུང་གང་ཐུབ་གང་དྲག་བྱ་རྒྱུ་ནི་ལོ་རྒྱུས་ཀྱི་ལས་འགན་རེད། བཀའ་བརྒྱུད་པའི་གྲལ་དུ་གནས་བཞིན་དུ། ཕོར་པ་དེ་ན་བཙུགས་བཞིན་དུ། བློ་ཕྱི་གཏད་གྲོད་པ་ནང་གཏད་འགའ་དང་འགས་བཀའ་བརྒྱུད་གོང་མའི་ལྟ་དགོངས་གཅེས་འཛིན་སྨྲ་བར་ལྟ་ལོག་དང་ཕྱོགས་རེས་ཅན་གྱི་ཞྭ་མོ་སྣ་ཚོགས་གཡོགས་ཀྱིན་ཡོད་ནའང་། ནམ་ཞིག་ལོ་རྒྱུས་ཀྱིས་གསལ་བཤད་བྱ་གི་རེད།
ཉེ་དུས་ཕྱི་ལོ་༢༠༡༦ལོའི་ཟླ་བ་༡༢ པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཀྲུང་དབྱང་གཞུང་ལས་ཐིང་གཉིས་ཀས་མཉམ་སྦྲེལ་གྱིས་སྲོལ་རྒྱུན་རིག་གནས་ཕུལ་བྱུང་རྣམས་བརྒྱུད་འཛིན་དང་འཕེལ་རྒྱས་ཀྱི་ལས་གཞིའི་སྐོར་གཏན་འབེབས་ཡོངས་ཁྱབ་གནང་འདུག་པས། བཀའ་བརྒྱུད་གོང་མའི་ལྟ་དགོངས་ཀྱི་ཤེས་རིག་ནི་མིའི་རིགས་ཀྱི་བསམ་བློའི་ཤེས་རིག་དང་། ལུས་སེམས་བདེ་དགའི་ཤེས་རིག་གི་མཆོག་གྱུར་ཅིག་ཡིན་ན། དེ་ནི་སྲོལ་རྒྱུན་གྱི་རིག་གནས་ཕུལ་བྱུང་དངོས་ཡིན་པས། འདི་ཉིད་གཅེས་འཛིན་དང་བསྲུང་སྤེལ་བྱ་རྒྱུ་ནི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མིའི་རིགས་ཐུན་མོང་ལ་བཏོན་པའི་འཆར་འགོད་དང་། རང་རྒྱལ་གྱི་མངོན་མིན་ཤུལ་བཞག་རིག་གནས་དང་། སྲོལ་རྒྱུན་རིག་གནས་ཕུལ་བྱུང་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་སྲིད་ཇུས་དང་རྩ་ཁྲིམས་དང་མཐུན་པའི་སྤྱི་འབངས་ཀྱི་ལས་འགན་ཀྱང་ཡིན་པ་འདི་བཀའ་བརྒྱུད་པར་དད་ཅན་དང་མ་དད་པ་ཚང་མས་ངེས་པར་དུ་ཤེས་དགོས།
༢༠༡༧/༣/༨ལ།
བཀའ་བརྒྱུད་པ་ང་ཚོ་ལ་རང་ཚུགས་མེད་པ་མིན། ང་ཚོའི་བླ་ཆེན་རྣམས་དངུལ་ལ་དགའ་བ། མོ་ལ་དགའ་བ། མིང་ལ་དགའ་བའི་དབང་གིས་གོང་གི་མིང་གཏམ་མོ་གསུམ་གྱི་ཆེད་དུ་ཕ་ཆོས་ལམ་ཁྱེར་བྱེད་པ་འདིས་ལན། གཏམ་གྱི་ཆེད་དུ་ཁྲབ་སྟོན་དགོས་ན་ཁྲབ་སྟོན། རྒྱུ་ཡི་ཆེད་དུ་མི་གསོད་ལག་དམར་ལམ་ཁྱེར་བྱེད་པ། གཏམ་གྱི་ཆེད་དུ་ཕ་དང་གྲགས་པ་བརྗེ་སྒྱུར་བྱེད་པ་འདི་ཡིན།
ཉོན་མོངས་ནི་ཆོས་ལུགས་ཚང་མའི་རྗེས་བྲང་པར་ཡོད། ང་ཚོས་ཉོན་མོངས་ཀྱི་གཉེན་པ་དེ་སྒྲུང་དང་དགོན་པའི་ནང་ལ་སྦས་ནས་འཇིག་རྟེན་ཆོས་བརྒྱད་ལ་མགོ་བོ་བཏགས་ནས་རང་ནོར་ཡོད་དོ་ཅོག་ཆོས་བརྒྱད་དང་དུ་ལེན་པའི་ལམ་ཁྱེར་བྱེད་པ་འདིས་ལན།
དགེ་ལུགས་པར་རྒྱལ་བ་རིན་པོ་ཆེ་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཡོད་པ་འདིས་བསོད་ནམས་རེད། སྙིང་མར་མཁན་ཚེན་ཚུལ་ཁྲིམས་ལྟ་བུ་ཡོད་པ་འདི་བསོད་ནམས་རེད། ས་སྐྱར་གོང་མ་རིན་པོ་ཆེ་ལྟ་བུ་ཡོད་པ་འདི་བསོད་ནམས་རེད། ང་ཚོར་སུ་འདུག
ལེགས་པར་བྲིས་པས། བཀའ་དྲིན་ཆེ། ཤ་དག ཅེས་པ། ཤ་སྟག་གི་དོན་དུ་བྲིས་པས་སྣང་བས། ཤ་སྟག ཅེས་པའི་སྒྲ་བཤད་མཁྱེན་མཁན་ཨེ་ཡོད།
དཔལ་བཀའ་རྒྱུད་པས་ཆོས་ལུགས་གཞན་ལ་དད་པ་དག་སྣང་གིས་སློབ་གཉེར་བགྱིས་དང་བགྱི་བཞིན་པ་ནི། མིག་དཔེར་འོས་ཤིང་བསྟོད་པའི་ཡུལ་ལགས་ན། འདིར་ཐུག་པ་དཀྲུག་པའི་ལས་བརྩམས་པ་ནི། ཟུར་གནས་མཁས་པ་མགུ་བའི་གཏམ་དུ་ཞར་ཡང་མ་མཐོང་ངོ་།།
ང་དང་ངའི་ཆོས་བརྒྱུད་ཀྱི་ཞེན་ཁོག་ནི་སྤོང་དགོས་རྒྱུ་དེ་རེད། ཆོས་བརྒྱུད་ལ་དབྱེ་བ་མེད་པའི་སྒོ་ནས་བླ་མ་སུ་ཚད་ལྡན་ཡིན་ན་དེའི་རྩར་སོང་ནས་ཆོས་ཞུ། དགོན་པ་གང་ན་བཤད་གྲ་ཡག་པོ་ཡོད་ན་དེར་སོང་ལ་སློབ་གཉེར་ཡག་པོ་བྱོས། དགོན་པ་གང་ན་སྒྲུབ་གྲ་ཡག་པོ་ཡོད་ན་དེར་སོང་ལ་སྒྲུབ་པ་གྱིས། བོད་ཀྱི་ཆོས་བརྒྱུད་ལྔ་དང་གཡུང་དྲུང་གི་བོན་དང་བཅས་རིས་མེད་བྱེད་ཐུབ་ན་ལེགས་ཤོས་རེད། མདོར་ན་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ལ་བཟང་ངན་མེད་པར་གང་ཟག་གཅིག་སངས་རྒྱ་བའི་གདམས་ངག་ཡོད་པ་རེད། སངས་རྒྱ་དང་མི་རྒྱ་ང་ཚོ་ལ་རག་ལས་པ་རེད་དོ། །
རང་ཅག་གི་རྩ་བའི་བླ་མ་༧རྒྱལ་བ་རིན་པོ་ཆེ་མཆོག་བོད་བརྒྱུད་ནང་བསྟན་ཡོངས་རྫོགས་ཀྱི་དབུ་ཁྲིད་ཡིན་པ་ཙམ་དུ་མ་ཟད་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རེད་ཅེས་བརྗོད་ཀྱང་དོན་ལ་གནས་པར་སེམས། གང་ཡིན་ཞེ་ན། རྒྱལ་བའི་བསྟན་པ་ལ་༧རྒྱལ་བ་རིན་པོ་ཆེས་བྱ་བ་བྱས་པ་ལྟ་བུ་གཞན་གྱིས་མི་ཡོང་། རི་བོ་དགེ་ལྡན་པ་སྤྱིའི་ཆོས་བརྒྱུད་ཀྱི་དབུ་ཁྲིད་ནི་དགའ་ལྡན་ཁྲི་པ་ཡིན་པར་བདག་འདོད། གལ་ཏེ་ཆོས་ཁུངས་བཀའ་བརྒྱུད་པར་ཁས་འཆེ་བའི་ཆོས་ཞུ་བའམ་སློབ་གཉེར་བ་རྣམས་ཀྱིས་བྱེས་ཀྱི་སེར་འབྲས་དགའ་གསུམ་དང་། དཔལ་ཡུལ། རྫོང་སར་སོགས་དང་། གཞིས་སུ་ཁམས་ཀྱི་དཔལ་ཡུལ་དང་། གསེར་རྟ། ཡ་ཆེན་སོགས་སུ་གང་ནས་ཡོད་ན། ས་དགེ་བཀའ་རྙིང་བཞི་དང་། ཤངས་པ་ཞི་བྱེད་སྦྱོར་དྲུག་དང་བསྙེན་སྒྲུབ་རྣམས་ཀྱི་རྩ་བའི་ཁུངས་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་ལ་ཐུག་པ་དང་། ཚང་ལ་མ་ནོར་བ་ཡིན་པར་ཤེས་ནས་དད་པ་དང་དག་སྣང་སྦྱོངས་ཀྱི་ཡོད་པ་ཡིན་དུས་བློ་སྦུག་དོག་པོ་མེད་པར་གུ་ཡངས་པོ་ཡོད་པར་མཚོན་པས་བསྔགས་བརྗོད་ཞུ་བའི་ཡུལ་ལོ། འདིར་ཞུ་འདོད་པ་གཅིག་ནི། བཀའ་བརྒྱུད་པ་ནང་ཚགས་ཐུགས་མཐུན་དམ་གཙང་དགོས་པ་གལ་ཆེན་པོ་ཡིན་པས། དགོངས་པ་ཆེ་བཞེས་གནང་བའི་རེ་བ་ཡོད།
འབྲི་མཁན་ཁོ་རང་ཉོན་མོངས་ཀྱི་བྲན་དུ་གྱུར་འདུག་པ་མཚོན།
བདེན་པ་འདྲ་སེ་འདུག བཀའ་བརྒྱུད་པར་བླ་མ་མང་པ་ལས་གྲྭ་བ་ཡང་དག་པ་དང་མཁས་པ་ཞིག་ཧ་ཀྱང་ཉུང་ཉུང་ཡིན་པའི་གནད་དོན་ནི་ཁོང་རང་ཚོ་ལ་སློབ་སྦྱོང་བྱེད་སའི་གནས་བབ་ཡག་པོ་ཞིག་མེད་པའི་རྒྱུ་མཚན་ཡིན། ངས་ནི་བཙན་བྱོལ་ནང་ལ་བཀའ་བརྒྱུད་པའི་སློབ་སྦྱོང་ལྡན་པའི་དགོན་པ་ཡག་པོ་གཅིག་ཀྱང་མཐོང་མ་སོང་། ཅིག་ཅིག་བླ་ཆེན་ཉིག་ཉིག་བླ་ཆེན་་་་བླ་ཆེན་མང་ཐག་ཆོད་ཅིག་འདུག
ཤ་དག་ལས། ཤ་སྟག་འདི་དག ཤ་སྟག་ལས། ཤ་སྟགས་ཞེས་བྲིས་ན་མི་ནོར་བའི་ཁྱད་ཡོད།
རྩོམ་པ་པོས་ཡག་པོར་བྲིས་འདུག་བདེན་པ་རེད་ཚུར་ཕྱོགས་ནས་དག་སྣང་བྱས་རུང་ཕར་ཕྱོགས་ནས་དག་སྣང་སློབ་ཀྱི་མ་རེད། རྗེས་སུ་བཀའ་དེའི་རིགས་བཀའ་བརྒྱུད་པའི་དགོན་པར་དགེ་རྒན་བྱས་ནས་ཡིག་ཆ་ཐམས་ཅད་མཉམ་བསྲེས་བྱེད་པའམ་ཡང་ན་ཕར་ཕྱོགས་ལྟ་གྲུབ་འདོད་ལུགས་ཁྱེར་ནས་བཀའ་བརྒྱུད་པའི་གཞུང་ཆེན་དག་གོལ་ས་ཞིག་ཏུ་བརྩིས་ནས་བཀའ་བརྒྱུད་པའི་ཕྱག་ཆེན་གྱི་གཞུང་དེ་ཚོ་མཆོད་ཁྲིའི་ནང་དུ་གཏེར་ལ་གཞུག་རྒྱུ་ལས་ལྷག་མེད། དེ་ལྟའི་སྐྱོན་གང་ནས་བྱུང་ཟེར་ན་བླ་ཆེན་སྤྲུལ་ཆེན་དེ་ཚོས་སྐྱོན་བྱས་པ་རེད། ཁོང་ཚོ་ལ་ཡོན་ཏན་མེད་མིང་ནི་ཆེ་ཐག་ཆོད་ཡོད་དགོན་པ་ལ་ནི་མི་བཞུགས་ཕྱི་རོལ་དུ་རྐྱང་རྐྱང་ཕེབས། ཉིན་གཅིག་དགོན་པ་དེ་ཚོ་འགྲེམས་སྟོན་ཁང་ཞིག་མི་ཆགས་པའི་ཉེན་ཁ་མེད་པ་མ་རེད། ཐོག་མར་རང་ལུགས་ལ་སྦྱོང་བ་མཐར་ཕྱིན་བྱས་དེ་ནས་གཞན་ལུགས་ལ་བཙོག་ཏུ་མ་ལྟས་པར་སྦྱང་ན་དག་སྣང་དང་ཤེས་རབ་གཉིས་ཀ་འཕེལ། དེ་མིན་རང་ལུགས་གཞན་ལུགས་གཉིས་ཉ་ཉུང་བསྲེས་ནས་རང་ཚུགས་དད་གཞན་ཚུགས་གཉིས་ཀ་ཤོར་བའི་ཉེན་ཆེ། 8894-394330
སྣང་ཚོད་ཙམ་དབང་བཙན་དུ་བཅུག་ན། བཀའ་རྒྱུད་པའི་ཁྲོད་དུ། སངས་རྒྱས་མཉན་པ་རིན་པོ་ལས་ལྷག་པའི་མཁས་པ་ཞིག་ཨེ་སྲིད་ན་སྙམ་སྟེ། ཤནྟ་དེ་བ་ལྟར་འདུ་ཤེས་གསུམ་པའི་ཁྲོད་ནས་ཀྱང་མཁས་པའི་ཁྱུ་མཆོག་ཐོན་འོང་རྒྱུ་ཡོད་ན་ཐག་ཆོད་པར་སུ་ཞིག་སྨྲ་ཕོད།
“ཤ་སྟག་གི་དོན་དུ་བྲིས་པས་སྣང་བས།” འདིར་མ་དག་པ་ལ་ཞུས་དག་མཛད་མེད་པས། ཤ་སྟག་གི་དོན་དུ་བྲིས་པར་སྣང་བས། ཞེས་ས་བསུབས་ཏེ། དེའི་མལ་དུ་ར་ཡིག་བྲིས།
་
ཤ་སྟག་སྟེ། ཤ་སྟག་ཏུ་གྱུར་ན། དེ་ལ་འགྱུར་བ་མེད་པས་ན། ཤ་སྟག་སྟེ། འབའ་ཞིག་གམ་ཁོ་ན། ཞེས་པའི་དོན་ཏོ།
དེ་ཡག་པོ་ལབ་འདུག
ལེགས་བཤད་རིན་བྲལ་རེད་འདུག
བཀའ་བརྒྱུད་ལ་ཡང་བཙན་བྱོལ་ནང་དུ། ཀམ་ཚང་། འབྲུག་པ་དང་། འབྲི་གུང་བཅས་ཡོད། ཡིན་ནའང་འདི་ཚོར་བཤད་གྲྭ་ཚད་ལྡན་ཞིག་མེད། དགོན་པ་ག་གེ་མོའི་བླ་མ་མང་ཆེ་བ་ཕྱི་རྒྱལ་ལ་སློང་མོ་ལེན་དུ་འགྲོ་སྲོལ་ཡོད། ཁོང་ཚོ་ནི་དགོན་པ་དེའི་དགེ་རྒན་ནམ་བླ་མ་མ་རེད་སྦྱིན་བདག་རེད། ས་སྐྱའི་རྫོང་གསར་བཤད་གྲྭ་དེ་ཡང་དེ་བཞིན་རེད། རྫོང་གསར་མཁྱེན་བརྩེའི་དཔེ་འཁྲིད་གནང་གི་མེད། སྦྱིན་བདག་ཙམ་རེད། ཀམ་ཚང་ནང་དུ་དགོས་པའི་མར་ལུགས་རྒྱུད་སྡེ་ཁག་ལ་ཉམས་ལེན་མེད་པར་རྙིང་མའི་གཏེར་སྟོན་འདྲ་མིན་གྱི་ཆོ་ག་དང་དེ་དག་གི་ཉམས་ལེན་བྱེད་སྲོལ་འདུག འདི་ཚོ་དགོས་ཡ་མེད་པ་རེད། དཔེར་ན། ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་གཏེར་སྟོན་མཆོག་གྱུར་གླིང་པའི་གཏེར་ཆོས་ཉམས་བཞེས་དང་ཆོ་ག་ཡང་ཀམ་ཚང་དགོན་ཁག་ཏུ་འདོན་སྲོལ་གཏོད། སོ་སོའི་ཕ་ཆོས་ངོ་་མ་དེ་ཕར་བཞག་མི་དགོས་པའི་གཏེར་་ཆོས་ཁག་ལ་ངོ་སྲུང་བྱེད་འདུག
དགེ་ལུགས་པའི་ལྟ་སྒོམ་སྤྱོད་གསུམ་ལས་ཟབ་པའི་ལྟ་སྒོམ་སྤྱོད་གསུམ་ཆོས་བརྒྱུད་གཞན་ལ་ཡོད་ཀྱང་དགེ་ལྡན་པའི་ཆོས་སྲིད་ས་ཁྱབ་རྡོ་ཁྱབ་ཏུ་རང་བཞིན་གྱིས་ཁྱབ་པ་མིན་ཡང་གོང་ས་བཅིུ་པར་གུས་རྩི་གཞན་གྱིས་བྱས་པ་ཐལ་དྲགས་གོང་ས་མཆོག་ལ་དབང་ཆ་ཆ་ཚང་ཐོབ་ནས་དགེ་ལྡན་བསྟན་པ་གང་སར་ཁྱབ་པ་ནི་ཆོས་བརྒྱུད་གཞན་པ་རང་རང་གྱི་དབང་ཆ་ཤོར་ཏེ་དགེ་ལྡན་པའི་ཆོས་སྲིད་གཙོར་མཛད་པར་རྒྱབ་ལྗོངས་བཙན་བཅོལ་གཞུང་ནས་མཛད་ཆེས་པས་ཡིན་ནོ།
དེས་ན་ས་རྙིང་ཆེ་འཁོར་ཕལ་ཆེས་བཅིུ་པའི་བཀའ་བཞིན་དང་བླང་མཛད་ཁུལ་སོགས་ཀྱི་ཐབས་ཤེས་ཀྱིས་རང་བསྟན་གང་ཐུབ་ཁྱབ་སྤེལ་མཛད་པས་རང་བསྟན་མི་ཉམས་ཙམ་གྱི་དར་ཁྱབ་ཆེ།
བཀའ་བརྒྱུད་པའི་གསུང་འབུམ་དང་ཉམས་ལེན་གྱི་རིམ་པ་རྣམསགཞན་གཞུང་ལས་ཟབ་ཅིང་རྒྱ་ཆེ་ཡང་བཀའ་བརྒྱུད་འཁོར་སློབ་རྣམ་པ་ཕལ་ཆེ་གཞན་ཟེར་ལ་གྲམ་ཆུ་ལྡང་ཞིང་རི་བོང་ཅལ་འདྲོགས་བྱེད་པའི་སྒོ་ནས་རང་ཉིད་མཐོ་འདོད་ཀྱིས་རང་ཚུགས་མེད་པའི་མཛད་པར་བཞུགས་པས་རང་བསྟན་དེ་ཙམ་ཁྱབ་རྒྱ་མི་ཆེ་བའོ།