རྔ་རྒོད།
སྤྱིར་ན་ཚད་མའི་སྐྱེས་བུའམ་ཐམས་ཅད་མཁྱེན་པའི་སྤྲུལ་བ་ཞིག་མིན་ན་ནང་བསྟན་གྱི་འབྱུང་ཁུངས་པོ་ཏི་སུམ་བརྒྱ་ལྷག་གི་བདག་ཉིད་ཅན་གྱི་བཀའ་བསྟན་གྱི་སྙིང་བཅུད་རྣམས་ཕྱོགས་ཅིག་ཏུ་བཙུར་སྟེ་ཤོ་ལོ་ཀ་འགའ་དང་ཡང་ན་དཔྱད་བརྗོད་ཐུང་ཐུང་ཞིག་ཏུ་བསྟན་དགོས་ན་རང་ཉིད་ངལ་བའི་རྒྱུ་རུ་འདོད། འོན་ཀྱང་སོ་སྐྱེས་ཁོ་བོས་སྐབས་དོན་གླེང་གཞི་ནི་བཀའ་བསྟན་ཆ་ཚང་འདི་དབྱིན་ཡིག་ཏུ་བསྒྱུར་ན་ཕན་ཐོགས་ཡོད་མེད་ཀྱི་སྐོར་དེ་ཡིན་ཕྱིན།
དེ་ལ་ཁོ་བོས་བརྟག་ཚུལ་གསུམ་གྱི་སྒོ་ནས་དཔྱད་ན། དང་བོ། བཀའ་བསྟན་གཉིས་དབྱིན་ཡིག་ནང་བསྒྱུར་མི་དགོས་པའི་སྐོར་དང་། གཉིས་པ། འདི་གཉིས་སྒྱུ་མཁན་གྱི་ལོ་ཙཱ་བ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་སྐོར་དང་། གསུམ་པ། བཀའ་བསྟན་གྱི་ཆེད་དུ་བོད་མིས་དཀའ་ལས་བརྒྱབ་ཚུལ་དང་བཅས་སོ།།
དང་བོར། འཛམ་གླིང་གི་བརྩམས་ཆོས་གང་ཞིག་བརྗོད་བྱ་དེ་ལ་ཆོས་འཇིག་རྟེན་གང་ཡིན་ཁྱད་པར་མེད། བརྩམས་ཆོས་གང་ཞིག་དེ་པར་སྐྲུན་བྱ་དགོས་ཚེ་ན། བསྟན་བཅོས་དེ་ཀློག་མཁན་དང་ཉོ་མཁན་ཡོད་མེད་ཀྱིས་བརྩམས་གཞི་དེའི་བརྗོད་བྱ་དོན་དང་ལྡན་མིན་དང་ཡང་ན་རྩོམ་པ་བོ་མཆོག་མཁས་པ་ཡིན་མིན་བལྟ་རྒྱུ་རེད། དེའི་ཕྱིར། འདིར་ཀློག་མཁན་ངོས་ནས་ཐོག་མར་བསྙད་ན། བཀའ་བསྟན་དེ་ཀློག་མཁན་མེད་ན་དགོས་མཁོ་མེད་པར་སུ་ལའང་འགྲེལ་བཤད་མི་དགོས་པས། གལ་སྲིད་དབྱིན་ཡིག་ཏུ་བསྒྱུར་བའི་བཀའ་བསྟན་འདི་ཀློག་མཁན་མེད་ན་ལོ་ཙཱ་བའི་དུས་ཚོད་ཆུ་ཟོས་དང་སྤྱིན་བདག་གི་སྒོར་མོ་འཕྲོ་བརླག་རང་མ་རེད་དམ། གཞན་བོད་བརྒྱུད་ནང་བསྟན་གྱི་ནང་སྙིང་ཕལ་མོ་ཆེ་བ་ནི་དབྱིན་ཡིག་ནང་བསྒྱུར་ཚར་ཡོད་པས། ངེས་པ་དོན་གྱིས་ནང་བསྟན་འདི་ལ་ཉམས་ལེན་ཞིག་བྱ་འདོད་ན་འདིས་མ་ཆོག་པ་མེད། དམིགས་བསལ་བཀའ་བསྟན་གྱི་བརྗོད་བྱ་རེ་འགའ་དགེ་བའི་གྲོགས་སུ་འགྲོ་མིན་ཡོད་པས། གལ་སྲིད་དེ་གཞན་ལ་ཕན་ཐོགས་མེད་ན་ཅིའི་ཕྱིར་བསྒྱུར་དགོས།
གང་ལྟར་ཕྲན་གྱིས་མི་ཚེ་འདིའི་ནང་དུ། དཔེར་ན། བསྟན་འགྱུར་ཆ་ཚང་ཞིག་ཀློག་མྱོང་མཁན་གྱི་དམ་པ་གྲྭ་རྐྱང་གཉིས་མ་གཏོགས་མཇལ་མ་མྱོངས། སྐྱེས་ཆེན་གཅིག་ནི་ཨ་མདོ་བླ་བྲང་གི་དགེ་བཤེས་རྔ་བ་སྒོ་མང་གི་རྒེན་སྐུ་གཤེགས་ཨ་ཁུ་བློ་བཟང་ཚང་རེད། གཞན་པ་དེ་བན་བོན་གྱི་རིག་གནས་སྤྱི་ལ་རྒྱས་མངའ་ལྡན་ཞིང་། ད་ལྟ། བྷི་རི་རྙིང་དགོན་དང་བསིལ་ལའི་ཇོ་དགོན་གཉིས་ཀྱི་རྒེན། རྩོམ་པ་བོ་ཤེས་རབ་ཉི་མ་ཚང་། གཞན་ཁོང་གི་པུར་མིང་ལ་མེ་སྟག་ཀྱང་འབོད་དོ།།
དེའི་ཕྱིར། ཀློག་མཁན་མེད་པའི་དཔེ་དེབ་ཚོ་ཅི་གང་ལ་ཕན་ཐོགས་མེད། དཔེར་ན། ༧ རྗེ་ཙོང་ཁ་བའི་ལེགས་བཤད་སྙིང་བོ་དེ་ལེགས་སྦྱར་ནང་དུ་བསྒྱུར་ཡོད་མོད། དེ་ནི་རྒྱ་གར་བས་མི་ཀློག་ཀྱང་མཐའ་ན་བོད་པ་ཀློག་མཁན་ཡང་མེད་པས་སྒྱུར་མཁན་དང་སྤྱིན་བདག་གི་དཀའ་ལས་དོན་མེད་རེད་གུས་པས་བཤད་མྱོངས།
གཞན་བོད་ནང་ནས་ཀྱང་བསྟན་འགྱུར་གྱི་པོ་ཏི་གཅིག་ཚོད་ལྟ་བགྱིས་ཏེ་རྒྱ་ཡིག་ཏུ་བསྒྱུར་ཡོད་མོད། དེ་ཡང་ཀློག་མཁན་མ་བྱུང་བས་དེ་མཚམས་བཞག་དགོས་བྱུང་བའི་གནད་ཀྱང་རྟོགས་དགོས། ད་དུང་ཕུགས་རྒྱང་རིང་བོའི་བསམ་བློ་ཞིག་བཏང་ན་ནི་གལ་སྲིད་བཀའ་བསྟན་ཚང་མ་དབྱིན་ཡིག་ནང་བསྒྱུར་ཐུབ་པའི་དབང་དུ་བྱས་ནའང་བོད་འབྲུག་གཉིས་ལ་ཁེ་བཟང་མེད་པར་མ་ཟད་ལྷག་པར་དགེ་འདུན་པའི་སྡེ་ལ་གྱོང་རྒུད་ཡོད་པ་མངོན་སུམ་ཡུལ་རེད།
གཉིས་པར། ལོ་ཙཱ་བ་མཆོག་དང་ཡིག་བསྒྱུར་བ་ཚོར་མཚོན་ན། དབྱིན་བོད་གཉིས་ཀ་གང་གི་ཕྱོགས་ནས་བལྟས་ན་དོན་ལ་དཔྱོད་ཤེས་ཤིང་ཚིག་ལ་སྡེབ་སྦྱོར་ལྡན་དགོས། ལྷག་པར་དཀའ་གནད་དེ་ཚོ་བསྐྱུར་མི་རུང་ཞིང་། གཞན་སླ་བའི་རིགས་དེ་བསྐྱར་ཟློས་ཡང་ཡང་མི་རུང་། དེའི་ཕྱིར། “ལྷག་པ་དང་ནི་ཆད་པ་དང་།། ཆོ་ཁའི་ཡན་ལག་ཉམས་པ་དང་།། བདག་གིས་བརྗེད་ངེས་ཅི་མཆིས་པ།། དེ་ཡང་བཟོད་པར་མཛད་དུ་གསོལ།།”ཞེས་པ་འདི་ལོ་ཙཱ་བའི་སྤང་བྱ་ཁོ་ན་ཡིན། སོང་ཙང་། དཔེར་ན། རྡོ་སྤིས་ཤེས་རབ་ཚང་གིས་༧ རྒྱལ་དབང་སྐུ་འཕྲེང་ཞིག་གི་གསུང་འབུམ་ལ་ལོ་མང་ཞུ་དག་གཏོང་ཞོར་དུ་བཀའ་བསྟན་ལའང་ཞུ་དག་བགྱིས་ཚེ། ཁོང་གིས་”གཅིག་བྱས་ན་ངས་འདིར་དགེ་བ་བསྒྲུབ་ས་ནས་ཉེས་པ་བསགས་ཀྱིན་འདུག་”གསུངས་པ་རྒྱུ་མཚན་ཡོད། མདོ་དེད་ན། རང་རེའི་ལོ་རྒྱུས་ལས་ཡིག་བསྒྱུར་མཁན་གྱི་རྩ་དོན་གསུམ་པོ་ནི་སྐབས་འདིའི་ལོ་ཙཱ་དག་གིས་ཀྱང་བརྩི་དགོས་སྙམ།
དཔེར་ན། དབྱིན་ཇིའི་བརྡ་སྤྲོད་དང་མཐུན་པ། ཆོས་ཀྱི་སྙིང་དོན་ལས་འགལ་མི་རུང་བ། དབྱིན་ཇི་བས་གོ་བདེ་བོ་ཞིག་ངེས་པར་དགོས། དེ་ལས་ལྡོག་སྟེ་དབྱིན་ཇི་བས་གོ་མི་བདེ་བའི་ཁར་བརྡ་སྤྲོད་དང་མི་མཐུན་ཞིང་ཆོས་གཞུང་དང་ཡང་འགལ་བས་ན་ཉེས་པ་ཚབས་ཆེན་ཡོད། ད་དུང་རང་རེའི་བཙན་པོའི་ཡིག་ཚང་དུ་ཡིག་བསྒྱུར་སྐབས་སུ་དོན་སྣང་བྱ་ཡུལ་གྱི་ཁྲིམས་བཞི་གསུངས་ཡོད་མོད་ཕྱི་མ་གཉིས་ནི་སྐབས་འདིའི་ལོ་ཙཱ་བ་དག་གིས་ཁས་ལེན་གྱིན་མི་འདུག འོན་ཀྱང་སྔ་མ་གཉིས་ཀྱི་གཅིག་ནི་དབྱིན་ཇིའི་ཞེ་སའི་ཐ་སྙད་རྒྱས་བསྡུས་དུས་དང་འཚམས་པོ། གཞན་པ་ད་སྔར་བསྒྱུར་ཚར་བའི་ཆོས་ཚིག་དག་ད་ཐེངས་ཀྱི་ལོ་ཙཱ་བ་འདི་ཚོས་ཀྱང་ངེས་པར་དུ་བརྩི་དགོས་སོ།།
ང་ཚོའི་ལོ་རྒྱུས་ན། སྒྲ་བསྒྱུར། དོན་བསྒྱུར། ཐད་བསྒྱུར། ལོག་བསྒྱུར་སོགས་བྲིས་ཡོད་མོད། འདིའི་གོ་རིམ་སྒྲིག་སྟངས་ཀྱི་རྒྱུ་མཚན་དེ་ང་ལ་མཚོན་ན་བློ་ངོར་བདེ་བོ་ཞིག་མ་རེད་མོད་འདིེའི་སྐོར་འདིར་མི་གླེང་།ང་ཚོས་ཤེས་དགོས་པ་ཞིག་ལ། གལ་སྲིད། རྒྱ་མོ་ཞིག་དང་མཉམ་པོར་རྒྱ་བླ་ཞིག་གིས་སྤྱིན་བདག་མཛད་དེ་ནུབ་བྱང་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་འགའ་དང་ཁོང་ཚོས་མཉམ་པོར་བཀའ་བསྟན་བསྒྱུར་དགོས་བཤད་ན་ང་ཚོས་སྐྱོན་བརྗོད་བྱ་ངེས་རེད།
གསུམ་པ། ང་ཚོའི་མེས་པོ་ཚོས་བཀའ་བསྟན་ཆེད་དཀའ་ལས་བརྒྱབ་པའི་ཟུར་ཙམ་ཞིག་ལས་ཞིབ་ཕྲའི་སྐོར་སྐབས་འདིར་བཤད་དགོས་མ་མཆིས་སོ།། དཔེར་ན། བོད་བཙན་པོའི་སྐབས་དེ་བསྟན་པ་སྔ་དར་གྱི་དུས་སུ་རང་རེའི་གཞུང་གིས་བཀའ་བསྟན་ཆེད་དུ་དཀོན་པའི་གསེར་དང་ཐ་ན་ལོ་ཙཱ་བའི་གཅེས་པའི་ཚེ་སྲོག་ཀྱང་བཏང་ཡོད། གཞན་པ་གོང་མཚུངས་ལྟར་བསྟན་པ་ཕྱི་དར་སྐབས་སུ་མཚོན་ནའང་རེད། མངའ་རི་རྒྱལ་བོས་ཀྱང་བསྟན་བཅོས་འདིའི་ཆེད་དུ་བཙན་པོའི་སྐབས་ལྟར་རྒྱུ་ལ་སེར་སྣ་བྱས་མེད་ལ་ལོ་ཙཱ་བའི་ཚེ་སྲོག་བཏང་འདུག
བར་དུ་མདོ་སྨད་རྟའི་ཆོལ་ཁའི་ཁོངས་སུ་གཏོགས་པའི་ཅོ་ནེ་རྒྱལ་བོ་དང་སྡེ་དགེ་རྒྱལ་བོ་རྣམ་པ་གཉིས་ཀྱིས་ཀྱང་འདིའི་ཆེད་དུ་འགྲོ་སོང་མང་བོ་བཏང་ཡོད། གཞན་ཉེ་བའི་ཆར་རྒྱ་ནག་གིས་བོད་བཙན་བཟུང་བྱས་ཏེ་མཇུག་ཏུ་ཅུང་གུ་ཡངས་རེག་པའི་དུས་སུ ༧ པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་འཕྲེང་བཅུ་བ་ཚང་དང་ཧྭར་བ་འཇམས་དབྱངས་ཚང་རྣམ་གཉིས་ཀྱིས་ཀྱང་ཐུགས་ཁུར་གནང་སྟེ་བསྟན་འགྱུར་ཆ་ཚང་འདི་ལྕགས་དཔར་དུ་སྟབས་བདེའི་ངང་པར་སྐྲུན་བགྱིས་ཏེ་བོད་ཁམས་ཡོངས་ལ་དར་སྤེལ་བྱས་པའི་བཀའ་དྲིན་སོགས་གཏན་ནས་བརྗེད་མི་འོས་སོ།།
ཞེས་རྔ་རྒོད་ཀྱིས་༢༠༡༣/༡༢/༢༤ ལ་བྲིས།
ཟུར་ཞུ། ཉེ་སྔོན་ཤེས་རབ་དར་རྒྱས་ཀྱིས་འདིའི་སྐོར་དཔྱད་གླེང་ཞིག་བྲིས་པ་དེ་ལས་འཕྲོས་ཏེ་བྲིས་པས། རྣམ་པ་ཚོས་དེ་ལ་གཟིགས་རོགས།།
རྩོམ་འདི་ཡི་འགོ་བརྗོད་ཙམ་ལས་ད་ལྟ་ཀློག་ཁོམ་མ་བྱུང་བས། དགོངས་དག་ཞུས་ནས་ཁ་ཐུག་དྲན་པ་ཅིག་སྨྲ་འདོད་པ་ནི།
གལ་སྲིད་བཀའ་བསྟན་ཨིན་སྐད་དུ་བསྒྱུར་ཡོད་ན། བོད་ཀྱི་བརྡ་སྐད་རྙིང་པ་འགའི་དོན་ཤེས་མ་སོང་ན། ལམ་སེང་ཨིན་སྐད་དུ་བཞུགས་པ་དེ་བཀླགས་ནས་ཚིག་མཛོད་བེད་སྤྱད་ནས་ཤེས་པར་བྱ་ནུས་པའི་ཕན་ཐོགས་ཅིག་ང་ལ་འབྱུང་བར་ངེས་སྙམ་ལགས།
བཀའ་བསྟན་དབྱིན་ཡིག་ལ་བསྒྱུར་འདོད་པ་གནང་བ་མི་འགྲོ་བའི་སྐད་དང་སྐབས་འཚོལ་བ་དག་གི་གོ་སྐབས་ཁོ་ནའོ
ཁྱོས་བཀའ་འགྱུར་དབྱིན་སྒྱུར་གྱི་ལས་གཞི་འདིའི་ཡིག་སྒྱུར་བ་ཚང་མ་ནུབ་ཕྱོགས་པ་ཡིན་པ་མ་ཤེས་སམ། ཁོ་ཚོར་ལས་རོགས་བོད་པའི་ཤེས་ལྡན་པ་རེ་ཡོད་པ་མ་གཏོགས་དབྱིན་ཡིག་ཏུ་སྒྱུར་མཁན་ནི་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་བོད་དབྱིན་ཡིག་སྒྱུར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་མི་སྣ་ཤེས་ལྡན་པ་དེ་འདྲ་རེད། དེ་བས་བཀའ་འགྱུར་དབྱིན་སྒྱུར་གྱི་དེབ་དེ་ཚོའི་བརྡ་དག་གི་འགྲོ་སྟངས་ལ་སེམས་ཁུར་བྱེད་དགོས་དོན་མི་འདུག ཀློག་མཁན་མང་པོ་མེད་པར་བསམ་བློ་བཏང་ན་བན་བོན་གཉིས་ཀའི་བཀའ་བསྟན་འགྱུར་ང་ཚོར་དགོས་དོན་མི་འདུག་སྟེ། རྟགས་ཁྱེད་ཀྱིས་བསྒྲུབས་ཟིན་པའི་ཕྱིར་རོ།།
བཀའ་བསྟན་དབྱིན་ཡིག་ལ་བསྒྱུར་བ་ལས་ཕྱིའི་སྐད་ཡིག་ནང་ཡོད་པའི་གནའ་དེང་གི་ལོ་རྒྱུས་ལ་སོགས་པའི་
ཤེས་བྱ་རྣམས་བོད་ཡིག་ལབསྒྱུར་ན་དགེ་མཚན་ཆེའོ།
བཀའ་འགྱུར་དབྱིན་བསྒྱུར་བྱེད་པ་དེ་བོད་མི་རིགས་ལ་ཕན་ཐོགས་ཤིག་ཨེ་ཡོང་བསམ་ནས་བསྒྱུར་བ་ཞིག་མ་རེད། དབྱིན་ཇི་ཁོ་རང་ཚོས་མི་རིང་བར་ནང་ཆོས་ལ་ཞིབ་འཇུག་བྱེད་ཡ་དེ་བོད་མི་ལ་རེ་མི་དགོས་པར་སོ་སོས་རང་སྐྱ་ཐུབ་པ་ཞིག་འགྲོ་ཨེ་ཐུབ་ལ་བསམ་ནས་བསྒྱུར་བ་རེད།
ང་ཚོས་ཅིའི་ཕྱིར་རང་གི་རིག་གཞུང་ཕྱི་ལ་བཙོང་དགོས་པ་རེད། ཡང་ན་བོད་མི་ཤེས་ལྡན་པ་ཞིག་ཡིན་ཕྱིན་ཅིའི་ཕྱིར་ཕྱིའི་རིག་གནས(དཔེར་ན། ནུབ་ཕྱོགས་ཀྱི་རྩོམ་རིགས། མཚན་ཉིད་རིག་པ། ལོ་རྒྱུས། དཔལ་འབྱོར་རིག་པ་སོགས། ) ནང་འདྲེན་བྱེད་མ་ཐུབ་པ་རེད། ཡིན་གཅིག་མིན་གཉིས་སྣ་གཅིག་ལ་ཤི་འཐམ་རོ་འཐམ་བྱེད་དགོས་པ་རེད། ང་ཚོ་ལ་མཁོ་བ་ནི་སྣ་འཛོམས་རང་བཞིན་གྱི་རིག་གནས་རེད། ད་ལྟ་ནང་བསྟན་གྱི་གཞུང་ཆ་ཚང་བ་ཞིག་ཡོད་པ་དེ་སྔོན་བྱོན་མེས་པོ་ཚོའི་བཀའ་དྲིན་ཉག་གཅིག་རེད། མདོར་དྲིལ་ན་ང་ཚོ་ལ་མཁོ་བ་ནི་དེང་རབས་རིག་གནས་ཕྱི་ནས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་མཐུན་པར་ནང་འདྲེན་བྱས་ནས་བོད་མི་རིགས་འདི་རང་སྐྱ་འཕེར་བ་ཞིག་ཆགས་རྒྱུ་རེད།
རྔ་རྒོད་ཅེས་པས་མཐའ་ན། མིང་མཐའ་འགོད་སྟངས་ཀྱང་། བཀའ་བསྟན་དང་། བཀའ་བརྟེན། གསུང་འབུམ་བཅས་ཀྱི་སྐད་ལ་གནོད་སྐྱོན་དུ་འགྲོ་བར་བྲིས། བཀའ་བསྟན་ཨིན་ཡིག་ཏུ་བསྒྱུར་ན། ཡངས་པའི་རྒྱལ་ཁམས་དག་ན། གཅིག་ན་མེད་ན་ཡང་། གཅིག་ཤོས་ན་ཡོད་ངེས། ད་ལྟ་མེད་ན་ཡང་མ་འོངས་པ་ན་འོང་ངེས། བཀའ་བསྟན་ཨིན་སྐད་དུ་བསྒྱུར་ན། དགེ་འདུན་གྱི་སྡེ་ལ་གནོད་པ་མངོན་སུམ་དུ་མཐོང་། ཞེས་པ་ནི་རི་བོང་ལ་གནམ་རྡིབ་པའི་སྡུག་བསྔལ་དུ་མཐོང་། བཀའ་བསྟན་བསྒྱུར་ནས། ཁེ་ཚོང་རྒྱབ་དགོས་བསམ་མཁན་ཞིག་སུ་ཡང་མེད། སྔར་རྒྱ་གར་གྱི་རིག་གཞུང་བོད་སྐད་དུ་སྒྱུར་བ་དང་སྒོ་ཀུན་ནས་མཚུངས། བསྒྱུར་ནོར་ཤོར་པ་ཡང་གཏན་ནས་བསྒྱུར་མེད་པ་ལས་ལེགས་པ་ཡིན་བསམ་དགོས་པ་ནི། བོད་དུ་བསྒྱུར་པའི་བཀའ་འསྟན་གྱི་གཞུང་དཔེ་དག་ལ་ཕྱིས་ཀྱི་མཁས་པ་རྣམས་ཀྱིས་ཡང་དང་ཡང་དུ་ཞུས་དག་མཛད། དཔེར་ན། སྤྱོད་འཇུག་ལྟ་བུ་ལ་མཚོན་ན། མཁས་པ་མང་པོས་ཞུས་དག་མཛད་ན་ཡང་། ཡི་གེ་འབྲི་བ་པོས་བྲིས་ནོར་བྱས་པ་མང་དུ་མཆིས། དཔེར་ན། རུས་གོང་འགའ་ཞིག །ཅེས་པ་ལ། རུས་གོང་འབའ་ཞིག །ཅེས་པ་དཔེ་མང་པོ་ན་ཡོད་པར་མ་ཟད། རྒྱལ་ཚབ་རྗེས་མཛད་པའི་སྤྱོད་འཇུག་འགྲེལ་པ། ཝཱ་ཎ་མཐོ་སློབ་དགེ་ལྡན་སྤྱི་ལས་ཁང་ནས། ༡༩༧༣ལོར་སྤར་པ་ཤོག་གྲངས་༡༧༥ན་ཡང་། འབའ་ཞིག བྲིས་ནོར་ཤོར། དེ་ལྟར་དུ། སྤྱོད་འཇུག་བསྔོ་བའི་ལེའུ་ན།
་
རྟག་ཏུ་གུས་པ་དང་བཅས་ཤིང་།
ལྷ་དང་ལྷ་མིན་མི་ཡིས་མཆོད།
དེ་བཞིན་རང་སངས་རྒྱས་རྣམས་དང་།
ཉན་ཐོས་རྣམས་ཀྱང་བདེར་གྱུར་ཅིག ། ༥༠
་
ཚིགས་བཅད་འདིའི་རྐང་པ་དང་པོ་གཉིས་ཆད་དེ། བོད་དཔེ་གང་དུ་ཡང་ཡོད་པ་མ་མཐོང་།
བྲིས་ནོར་ཤོར་པ་དེ་ཡང་གཏན་ནས་མེད་པ་ལས་བཟང་། ནོར་ཡོད་པ་དེ་ལ་ཤེས་མཁན་ཞིག་གིས་དེ་ལ་ཞུས་དག་བྱེད་ཐུབ།
་
དཔེར་ན། སྔར་བསྒྱུར་པའི་མངོན་བརྗོད་འཆི་མེད་མཛོད་ལ་སི་ཏུ་པཎ་ཆེན་གྱིས་སློབ་སྦྱོང་མཛད་དེ། ཚིག་ནོར་མང་དུ་གཟིགས་ཏེ། འདི་དང་འདི་ནོར་ཞེས་འབྲི་ན། བསྟན་བཅོས་འཆི་མེད་མཛོད་རང་ལས་མང་དུ་འགྲོ་བར་དགོངས་ཏེ། རང་ཉིད་ཀྱིས་སླར་འཆི་མེད་མཛོད་ཡོངས་རྫོགས་བསྒྱུར་བར་མཛད། འོན་ཀྱང་སྔར་བསྒྱུར་བར་མཛད་པ་པོ་ལ་བཀའ་དྲིན་ཆེ་བར་དགོངས། སྔར་གཞུང་འདི་བོད་སྐད་དུ། བསྒྱུར་མེད་པ་ཡིན་ན། བསྟན་བཅོས་འདི་ལ་སློབ་སྦྱོང་གི་གོ་སྐབས་ཙམ་ཡང་འབྱུང་རྒྱུ་མེད་གསུངས།
བོད་དུ་སྔོན་བྱོན་དམ་པ་རྣམས་ཀྱིས་རྒྱ་གར་གྱི་རིག་གཞུང་བོད་སྐད་དུ་བསྒྱུར་པ་དང་། བོད་རང་གི་མཁས་པ་རྣམས་ཀྱི་བྲིས་ཤིང་། བརྩམས་པའི་གཞུང་ལ་བརྟེན་ནས། བོད་ཀྱི་ཆོས་སྐད་དམ་རིག་གཞུང་སྐད་དེ་ཉིད། བཀའ་བསྟན་། བཀའ་བརྟེན། གསུང་འབུམ་རྣམས་ན་ཡོད། སྐད་དེ་ལ་བརྟེན་ནས། ། ས་གཞི་རྒྱ་ཆེ་བར་བཀྲམ་པའི་བོད་ཀྱི་སྐྱེ་དགུ་ཀུན་གཅིག་ཏུ་སྒྲིལ་ཐུབ། དོན་འདི་ཉིད་གཟིགས་ནས། མདོ་སྨད་པ་དགེ་འདུན་ཆོས་འཕེལ་ཞབས་ཀྱིས་རང་གི་གསུང་རྩོམ་རྣམས་སུ། གང་ཐུབ་རིག་གཞུང་སྐད་དུ་བྲིས་ཡོད་པ་དེ་དག་རང་རེའི་མིག་དཔེར་མཆིས་སོ།
ཞིབ་ཏུ་བསམ་ན། བོད་རང་གི་སྐད་ཡིག་ཐོག་ཡོད་པའི་ཆོས་གཞུང་དང་རིག་གཞུང་དེ་ཚོ་སྐད་ཡིག་གཞན་ཞིག་ནང་ཕར་བསྒྱུར་ལ་འབད་བརྩོན་བྱེད་ཀྱིན་པའི་ལས་དེས་ནི། བོད་ཀྱི་སྐད་ཡིག་བེད་སྤྱོད་ཀྱི་ཁོར་ཡུག་ཇེ་ཆུང་ནས་ཇེ་ཆུང་དུ་གཏོང་བར་རམ་འདེགས་ཆེན་པོ་བསྐྲུན་ཡོད། ཕར་བསྒྱུར་གྱི་བྱེད་ལས་དེ་ལ་བརྟེན་ནས་བོད་བརྒྱུད་ནང་ཆོས་ལ་ཞིབ་འཇུག་དང་ཆེད་སྦྱོང་བྱེད་མཁན་མང་པོ་ཞིག་ལ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་མི་དགོས་པའི་ཆ་རྐྱེན་གལ་ཆེན་ཞིག་བདེ་བླག་ངང་ཐོབ་སྐལ་བྱུང་བ་རེད།
མཐར་ཐུག་ལ་གཞན་སྐད་ཐོག་ཡོད་པ་དེ་དག་ནི་ཡུལ་ལུང་ག་གེ་མོའི་རིག་གཞུང་གི་ཆ་ཤས་ཤིག་ནང་སིམ་འཛུལ་འགྱུར་གསུམ་ཡོང་རྒྱུ་ལས་གཞན་གྱི་རེ་བ་གང་ཡང་མེད། བོད་རང་གི་མ་སྐད་ཐོག་ཡོད་པའི་བོད་བརྒྱུད་ཆོས་གཞུང་དག་ནི་བོད་ཀྱི་སྐད་ཡིག་གི་གཟི་བྱིན་མཐོ་གྲས་རིགས་ཡིན།
མདོར་དྲིལ་ན། ཕར་བསྒྱུར་གྱི་ལས་འདི་ནི་ཆོས་འཚོང་ངམ་སྦྱིན་བདག་གི་ངོ་ལ་བལྟས་པ་ཞིག་ལས། བོད་མི་རིགས་ཀྱི་བླ་སྲོག་དང་། མི་རིགས་སྐད་ཡིག་གི་རིན་ཐང་ལ་ཐུགས་ཁུར་ཆེར་བཞེས་བྱས་པ་ཞིག་གཏན་ནས་མ་རེད།
གོང་དུ་རྔ་རྒོད་ཀྱི་བསམ་ཚུལ་དེ་ལ་ཀློག་པ་པོ་མང་བོ་ཞིག་གི་བསམ་ཚུལ་འདྲ་མིན་གྱིས་མཆན་གནང་འདུག་པར་མཐོང་ནས་རང་ཉིད་ཀྱི་བསམ་ཚུལ་གཤའ་མ་ཞིག་འབྲི་འདོད་སྐྱེས། གང་ལྟར་འུ་ཚོས་རང་ཉིད་ཀྱི་སྐད་ཡིག་ལ་ཁོར་ཡུག་དགོས་ཚུལ་དང་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པ་ལ་རང་ཉིད་ཀྱི་སྐད་ཡིག་ལ་ཁོར་ཡུག་བཟོ་དགོས་ཚུལ་མགྲིན་པ་གཅིག་ལྟར་བཤད་ཀྱི་ཡོད་པར་བདག་གི་འདིར་གླེང་བར་མི་བྱའོ། གང་ལྟར་བོད་ཀྱི་ནང་བསྟན་ཆོས་ལུག་ལ་ནང་བསྟན་ཆོས་ལུགས་ཀྱི་བྲོ་བ་གཤའ་མ་ཞིག་དགོས་ན། བཀའ་བསྟན་གླེགས་བམ་དེ་དག་དབྱིན་ཡིག་ཏུ་བསྒྱུར་དགོས་པ་དེ་ཙམ་གལ་ཆེན་ཞིག་གཏན་ནས་མཐོང་གི་མི་འདུག གང་ཡིན་ཟེར་ན། རང་རེའི་བཀའ་བསྟན་གྱི་གཞུང་ལུགས་འདི་དབྱིན་ཡིག་ཏུ་བསྒྱུར་ཀྱང་རུང་དེ་ནི་བསྒྱུར་བ་བོ་བསྒྱུར་བྱེད་གཉིས་ཀྱི་ངལ་བའི་རྒྱུ་ལས་ཡང་དག་པ་ཞིག་གཏན་ནས་ཡོང་མི་སྲིད། རྒྱུ་མཚན་དེ་དག་ལ་གཞིགས་ནས་༧ གོང་ས་མཆོག་དང་ནང་བསྟན་ཆོས་གཞུང་ལ་མཁྱེན་རྒྱ་ཡངས་པའི་སྐྱེས་ཆེན་དམ་པ་དག་གིས་ཀྱང་ ནང་བསྟན་ཆོས་ལུགས་ལ་ཉམས་ལེན་བྱེད་དགོས་ན་ བོད་ཀྱི་སྐད་ཡིག་ལ་སྦྱངས་བ་མཐར་བྱིན་བྱེད་དགོས་ཞེས་པ་འདི་ཡང་ཁ་སྟོང་ནས་ཚིག་སྟོང་ཙམ་མིན་པས་གནད་ལ་ཕོགས་པར་སེམས་སོ། ཨོ་དེ་དག་གི་གདམས་ངག་ཤེས་བཞིན་དུ་ད་དུང་ཨུ་ཚུགས་ཀྱི་བསྒྱུར་པར་བློ་ཁ་ཕྱོགས་ཡོད་ན་དེ་བསྒྱུར་བ་ལས་གཞི་འཛིན་པའི་མི་བུ་དེར་རྒྱབ་ལྗོངས་གཞན་ཞིག་ནས་ཁེ་ཕན་ཞིག་ལ་མིག་ཟུང་སྲིངས་ཡོད་པར་ཤེས་ངེས། ཨོ་ད་དུང་གོང་དུ་ལ་དྭགས་བློ་བཟང་ཞེས་པ་ཞིག་གི་རང་ཉིད་ཀྱི་མི་ཤེས་ཀྱང་ཤེས་ཁུལ་གྱི་ཁ་ཚོད་དེས་རང་ཅག་བོད་ཀྱི་རིག་གཞུང་ལ་དམའ་འབེབས་དང་སྐད་ཡིག་གཞན་ལ་མཐོང་ཆེན་བྱེད་རྒྱུ་ནི་སྐད་ཡིག་ཤེས་ལ་མ་ཤེས་ཙམ་གྱི་རྙོག་གཏམ་ལས་གཞན་གནད་ལ་ཕོགས་པའི་བསམ་ཚུལ་ཡང་དག་ཅིག་མིན་པར་ཤེས་པར་མཛོད།
སྐུ་མཁྱེན་ ད་ཁྱོད་ཚོ་བསྡད་ན་མི་བཟང་ངམ། བཀའ་འགྱུར་བསྟན་འགྱུར་དབྱིན་ཡིག་ཏུ་བསྒྱུར་དགོས་ ཧ་ཧ་ཧཧ་ སྣང་པ་མི་འགྲོ་བའི་སྐད་ཆ། ཡང་སྒོར་མོ་དགོས་པའི་བླ་སྤྲུལ་ཁ་ཤས་ཀྱིས་ ད་དངོས་གནས་ང་ཚོ་བསྡོད་ཀི་འཇུག་ས་མ་རེད། ཕྱི་རྒྱལ་ཁ་ཤས་ལ་ཡང་སྐད་ཆ་སྙན་མོ་འགའ་བྱེད་ནས་ཆོས་འཙོང་གི་འདུག་ སྐབས་ཚོལ་རང་ལུགས་པ་དེ་དག་གིས ཡང་བཀའ་འགྱུར་ལ་ལག་པ་འཆང་གི་ཡིན་ ངོ་ཚ་ཟེར་ནོ་མི་འདུག་ ཉིན་མ་གཅིག་ལ་ ཁྱོད་ཚོས་བཀའ་འགྱུར་བསྟན་འགྱུར་ ཕྱི་རྒྱལ་ལ་ཚོང་རྒྱུ་རེད་ཡ ངོ་ཚ་མེད་པའི་ཁྱི་རྒན་དེ་ཚོ དྲོག་ཁོག་རྒྱགས་ན་ ཡང་བུ་མོའི་རྐུབ་ལ་རྒྱུགས་པའི་དངུལ་ལོ་དེ་འདྲ་བཚོལ་རྩིས་ཡོད་དམ།
རྔ་རྒོད་འདིས་ཡང་བཀའ་བསྟན་བསྒྱུར་ནས་དར་སྤེལ་གཏོང་བ་ལས་མེ་ལ་བསྲེག་ན་དཔའ་བོ་ཡིན་ཟེར་ས་རེད། ཧཧཧཧ ཝ་རྔ་མ་རྒོད་པ་རེད་ད།
སྦྲ་དཔལ་ལྡན་ཞེས་པར་གླེང་བ། ལ་དྭགས་བློ་བཟང་གིས་མང་པོ་མི་ཤེས་ཀྱང། མང་བོ། བེད་སྤྱོད། ཆོས་ལུག། བསྒྱུར་བ་བོ་བསྒྱུར་བྱེད། ཡོང་། སྦྱངས་བ། མཐར་བྱིན། ཞེས་པ་འདི་དག་བོད་ཀྱི་རིག་གཞུང་སྐད་ལ་ཆེས་ཆེར་གནོད་པ་གསལ་པོར་ཤེས་སོ།
ལ་དྭགས་བློ་བཟང་ལགས་ཀྱི་བསམ་ཚུལ་གཉིས་ལ་གུས་བརྩི་ཡོད། འོན་ཀྱང་ངེད་གཉིས་ཀྱི་བསམ་བློ་གཏོང་ཕྱོགས་མི་འདྲ་བས། གཏན་ཚིགས་ཀྱི་རྒྱབ་ལྗོངས་དེའང་མི་མཚུངས་སོ། ཀླུ་སྨྱོན་ལ་ལོ་ཙཱ་བ་དག་ལ་ཆ་རྒྱུས་ཆེན་པོ་འདུག་འོན་ཏེ་ཁོ་བོས་ལོ་ཙཱ་བ་འདི་ཚོའི་བཀའ་བསྟན་དབྱིན་སྒྱུར་གྱི་ཕྱུག་ལས་རྫིག་པོ་འདིའི་འོག་ནས་མཇུག་མཐར་བཀའ་བསྟན་སྙིང་བསྡུས་ཟེར་བ་འདྲ་ཞིག་ཀྱང་བརྩམ་ཨེ་ཡོང་སྙམ་པའི་དོགས་པ་དང་མཉམ་པོར་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་གསུང་” མཐའ་མར་བོད་དེ་རྒྱ་ཡི་འོག་ཏུ་ཚུད” ཅེས་པའི་བཀའ་དེ་གློག་བརྙན་ཟོལ་གྱིས་འཆར་འོང་ངོ་།།
བཀའ་བསྟན་དབྱིན་བསྒྱུར་གནང་བ་ཡིན་ན་ལེགས་ཉེས་གཉིས་འདུག་བསམ།
དེ་རིང་ད་ལྟ་རང་། ཆེད་རྩོམ་ཆ་ཚང་བཀླགས་པ་ཡིན། རྔ་རྒོད་ལགས་ཀྱི་གསུང་ལ་བདེན་པ་མང་པོ་འདུག འོནད་ཀྱང་བཀའ་བསྟན་ནམ། དེའི་ཆ་ཤས་གང་ཡང་རུང་བ་ཅིག གཞན་སྐད་དུ་བསྒྱུར་བ་ལ་ཕན་བཏགས་མ་ཐུབ་ན་ཡང་། བར་ཆད་མེད་པ་བྱ་རྒྱུ་དེ་ཀུན་གྱི་ཐུགས་ལ་འཇགས་པར་འཚལ།
བོད་རང་གི་རིག་གཞུང་ཕྱི་ལ་བསྒྱུར་མཁན་ཡོད་ན་ཡོད། མེད་ཀྱང་ཆོག ང་ཚོར་མཁོ་བ་ནི་རང་གི་རིག་གཞུང་ཕྱིར་བཙོང་རྒྱུ་ལས་ཕྱིའི་རིག་གཞུང་ནང་འདྲེན་བྱ་རྒྱུ་དེ་གལ་ཆེན་ཡིན་པས་དེའི་ཕྱོགས་ལ་འབད་འབུངས་གནང་ཐུབ་མཁན་ཡོད་ན་དགའ་བསུ་ཞུ་བ་ལས་འོས་མེད་དོ། །
ད་ལྟ་༸གོང་ས་མཆོག་གི་ལམ་རིམ་ཆོས་ཚན་བརྒྱད་པ་ཉན་ལྟ་བྱས་དུས། ཕྱི་རྒྱལ་མགོ་སེར་དེ་ཚོ་ཀྲོང་ངེར་བསྡད་ནས་ཨམ་ཆོག་ཉན་ནས་སྡོད་བཞིན་ཆོས་ཉན་བགྱིད་འདུག
འོནད་ཀྱང་གློག་བརྙན་ནང་ལ་བོད་པའི་ཕོ་གསར་འགའ་ཤས་ལུས་པོ་རྩིག་པར་སྦྱར་ནས་རྐང་བསྐྱང་ལག་བསྐྱང་བྱས།་ནས་ཆོས་ཉན་བཞིན་འདུག་པས།
ད་བཀའ་བསྟན་བོད་སྐད་ཙམ་དུ་ཡོད་ན་ཡག་ས་རེད་དམ། གཞན་སྐད་དུ་ཡོད་ན་ཡང་ཕན་ཐོགས་པ་མི་འདུག་གམ།
རྒན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ཀྱིས་གསུངས་པ་ཤིན་ཏུ་མད་དོ།
བོད་ལ་མཚོན་ན་གཞན་དབང་གི་འོག་ནས། ལོ་རྒྱུས་དཔལ་འབྱོར་ཆབ་སྲིད་ཐ་ན་རྒྱའི་གློག་བརྙན་ལ་སོགས་པ་ཕ་སྐད་ལ་བསྒྱུར་བཞིན་པའི་ལས་གཞི་དང་། བཀའ་བསྟན་དབྱིན་བསྒྱུར་མའི་ལས་གཞི་གཉིས་ཀྱིས་བོད་ཕྱི་ནང་གི་ཁྱད་པར་གསལ་པོར་བསྟན་ཡོད་དོ།
ལས་རྒྱུ་རྫོགས་ནས་ཁྱི་སྣོད་བཀྲུ་ཟེ་བའི་དཔེ་ལྟར་ ངེ་ཚང་ལ་ཕྱི་རུ་ངོམ་རིན་ཡོད་པ་དེ་བཀའ་བསྟན་འདི་གཉིས་མ་རེད་དམ་ སྔོན་མ་མི་རྒྱུ་གཉིས་ཀྱིས་འགྲོ་སོང་གཏོང་ནས་ཕྱི་ཡི་རིགས་གཞུང་ནང་དུ་བསླུས་ ད་ལྟ་ཀླད་མེད་མགའ་ཡི་ནང་གི་རིགས་གཞུང་ཕྱི་རུ་རྫོངས་ ད་ཡིན་ལྟོད་མོ་འདུག།
བཀའ་བསྟན་དབྱིན་ཡིག་ཐོག་བསྒྱུར་བར་དབྱིན་ཡིག་མཁས་དབང་ཡིན་པས་རྒྱུ་མཚན་བཀོད་པ་ནི་ཐུགས་མཉམ་པར་བ་བཞག་ནོངས་པ་ལས་གཞན་གང་ཡང་མིན། གལ་ཆེ་ཤོས་ནི་དབྱིན་ཡིག་ལ་མཁས་དབང་ཡིན་དགོས་ལ་དེ་ལས་གལ་ཆེ་བ་ནི་བཀའ་བསྟན་གྱི་གཞུགས་ལུགས་མཐའ་དག་ལ་གོ་བ་དཔྱིས་ཕྱིན་པ་ཞིག་མེད་ན་བསྟན་པ་ལ་རྨ་འབྱིན་པའི་བྱ་བ་ངན་པ་ཞིག་ཡིན་མིན་སྲིད་པ་དང་མི་འགྲོ་བར་ངེས་པ་གང་ཡང་མེད། དཔེར་ན། ཀོོ་ཤི་ཀ་ཞེས་པའི་ལེགས་སྦྱར་སྐད་དེ་བོད་སྐད་དུ་ལོ་ཙྰ་བ་ཚོས་ཅིའི་ཕྱིར་མ་བསྒྱུར་བ་ཡིན་ནམ། དེ་ལྟ་བུའི་བཀའ་བསྟན་ནང་ནང་དུ་ཡོད་པའི་ལེགས་སྦྱར་གྱི་ཚིག་མང་པོ་ཞིག་ནི་སྐབས་དང་དུས་སོ་སོར་གོ་བ་མི་འདྲ་ཐོག་འགྲེལ་དགོས་པ་ལས། རྣམ་པ་ཐམས་ཅད་དུ་མཁས་པའི་དོན་དུ་མི་འཇུག་པས་དབངུལ་དངོས་ཡོད་པ་དང་། སྦྱིན་བདག་ཡོད་པ་ཙམ་གྱི་ཕོ་ཚོད་ཀྱི་བྱ་བར་འཇུག་པ་ནི་བསྟན་ལ་སྤྱི་ཡི་ཆེད་དུ་བྱས་རྗེས་ཞིག་ལ་ནམ་ཡང་ངོས་ལེན་མེད།
བཀའ་བསྟན་ཨིན་སྒྱུར་བྱས་པ་ལ་ལོ་འདི་དང་ལོ་༡༠་ ལོ་༢༠ རིང་ཀློག་མཁན་དང་ལྟ་མཁན་མེད་ཀྱང་ལོ་༡༠༠དང་ཉིས་བརྒྱའི་རྗེས་སུ་གཏན་གཏན་སྐབས་དེ་དང་དེའི་མི་རྣམས་ལ་ཕན་ངེས། མ་ཕན་ཀྱང་བསམ་བློ་གང་ནས་གཏོང་ཡང་གནོད་པ་ནི་རྩ་བ་རང་ནས་མི་འདུག། ལོ་སྟོང་གི་སྔོན་ནས་བོད་ཀྱིས་ལོ་པཎ་རྣམས་ཀྱི་སྐུ་དྲིན་ལས་ད་ལྟ་འཛམ་གླིང་འདིར་བོད་ཡིག་ཐོགས་བཀའ་བསྟན་བཞུགས་པ་ལས། རྒྱ་གར་དང་པ་ལི་སཾསྐྲི་ཏའི་སོགས་ཀྱི་ཡི་གེར་རྒྱལ་བའི་བཀའ་འགྱུར་མེད་པ་དེ་རང་གི་རྟོགས་པའི་ཕྱིར། ཐུགས་བསམ་རྒྱ་ཆེ་ཙམ་དང་ཕུགས་རྒྱང་རིང་ཙམ་གཟིགས་རོགས་གནང་།
གོང་དུ་བཀའ་འགྱུར་དབྱིན་སྒྱུར་གྱི་ལས་གཞི་འདི་ཨ་སྒོར་གསོག་སྒྲུབ་ལ་དམིགས་ཚུལ་ཡིན་ལུགས་ཟེར་མཁན་ཞིག་འདུག དེ་ནི་མ་བརྟགས་པའི་བབ་ཅོལ་ཞིག་སྟེ། བཀའ་བསྟན་དབྱིན་སྒྱུར་འདིའི་ལས་གཞིའི་འགྲོ་སོང་གཏོང་མཁན་ནི་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེའི་ཐེབས་རྩ་ཚོགས་པ་རེད་འདུག་ལ། བཀའ་འགྱུར་དབྱིན་སྒྱུར་གྱི་ཤོག་ལྷེ་གཅིག་རེར་ཨ་སྒོར་སུམ་ཅུ་རེ་སྒྱུར་གླ་སྤྲོད་བཞིན་ཡོད་བསམས་སོང་། དེའི་ཆེད་དུ་ཨ་སྒོར་ས་ཡ་འགའི་འགྲོ་སོང་གཏོང་རྒྱུ་དང་། ལས་གཞི་དེའི་དུས་ཡུན་ནི་ལོ་བརྒྱའི་ནང་ཚུད་རེད་འདུག གལ་སྲིད་རྫོང་གསར་མཁྱེན་བརྩེ་ཚང་གིས་ཨ་སྒོར་ལ་དམིགས་པ་ཡིན་ན་ཁོང་གི་ཡང་སྲིད་རྗེས་མ་ཞིག་གིས་མ་གཏོགས་ཨ་སྒོར་དེ་ཚོ་ཐོབ་རེ་མི་འདུག དེ་ནས་དམིགས་ཡུལ་སྒོར་མོ་ཡིན་ལུགས་ཟེར་བ་འདིར་ཁུངས་བཙན་པོ་ཞིག་མེད་པར་གང་དྲན་སྨྲས་པ་ཞིག་ཡིན་པ་མཁྱེན་པར་ཞུ།
དེ་འདྲ་ཅིག་ཡིན་ན་ཕྱིའི་གཞུང་ལུགས་ཤིག་བོད་བསྒྱུར་བྱས་ན་ཤོག་ལྷེབ་རེ་ཨ་སྒོར་སུམ་ཅུ་གནང་མཁན་གྱི་སྦྱིན་བདག་ཡོད་ན་ཅི་མ་རུང་།
ཕྱིའི་གཞུང་ལུགས་དེ་ཚོའི་ཤོག་ལྷེ་རེར་ཨ་སྒོར་གཅིག་རེ་ལས་འབབ་ཀི་མ་རེད། རྒྱལ་བའི་བཀའ་ལས་ལྷག་པའི་རིན་ཐང་ཆེན་པོ་ཞིག་འཇིག་རྟེན་འདིར་ཡོད་མི་སྲིད། ཕྱིའི་གཞུང་ལུགས་བོད་ལ་དགོས་པ་ག་རེ་འདུག ཚན་རིག་ལ་བོད་པས་མི་སློབ། སྨན་ནི་བོད་པར་ཡོད་ཡོད་པ་རེད། ད་ག་རེ་དགོས་སམ། ལོ་རྒྱུས་ནི་བོད་པར་ཡོད་པ་རེད།
བོད་རིགས་ཅིག་གིས། བོད་སྐད་ནས་ཨིན་བསྒྱུར་བྱས་ན་ཤོག་ལྷེ་གཅིག་ལ། ཨ་སྒོར་སུམ་ཅུ་གཏོང་ཐུབ་ས་ལ། གཞན་སྐད་ནས་བོད་བསྒྱུར་བྱེད་པ་ལ་ཤོག་ལྷེ་གཅིག་ལ། ཧིན་སྒོར་སུམ་ཅུ་ཡང་གཏོང་མཁན་མེད་པ་འདི་ཅུང་མི་བདེ་བ་མི་འདུག་གམ།
ཨ་སྒོར་གཅིག་ཧིན་སྒོར་དྲུག་ཅུ་རེ་གྲངས་རེད་ལོ།། བླ་རྒན་གང་ཞིག་ནས་ནག་ཁུང་ནང་ལ་མགོ་བརྒྱུས་ནས་བསྡད་པ་ཡིན་ནམ། དང་པོ་ཁྱེད་ཀྱིས་ཧིན་སྒོར་འགའ་བློས་བཏང་སྟེ་ཚོད་ལྟ་ཞིག་བྱོས་དང་། དེ་ནས་དཀའ་ལས་ཁག་པོ་ཞིག་འདུག་གམ་ལས་སླ་བོ་ཞིག་རེད་ཤེས་ཡོང་།
ཀླུ་སྨྱོན་གྱིས་མཆན་བཏབ་ཟིན་དུས་ངས་འབྲི་བཞིན་ཡིན་པ་འདྲ། སྐར་མ་༤འི་ཁྱད་བཞུགས་འདུག
# 25 ཀླུ་སྨྱོན།་ལགས་ཀྱིས་མཆན་བཏབ་པ།:
December 28th, 2013 at 12:52 PM
ཕྱིའི་གཞུང་ལུགས་དེ་ཚོའི་ཤོག་ལྷེ་རེར་ཨ་སྒོར་གཅིག་རེ་ལས་འབབ་ཀི་མ་རེད།
ཞེས་པ་འདི།
ཕྱིའི་གཞུང་ལུགས་དེ་ཚོའི་ཤོག་ལྷེ་རེར་ཨ་སྒོར་གཅིག་རེ་ལས་འབབ་བགྱི་མ་རེད། ཅེས་ག་དུས་འབྲི་འགོ་ཚུགས་སམ། ལགས།
ཆ་ཚང་བཀླགས་ཡིན
རྫོང་གསར་སོགས་་ཕྱི་བླ་ཚོས་ཕྱི་རྒྱལ་བའི་ཆད་ཅི་ཡང་བྱ་ཕོད་།
རེད་རེད། ཕྱི་བླ་འདི་ཚོས་ཕྱི་རྒྱལ་བའི་ཆེད་དུ་ཅི་ཡང་བྱེད་ཐུབ་ཀི དཔེར་ན་སྔོན་མའི་རྒྱ་གར་གྱི་ལོ་ཙྰ་པ་བོད་བླ་དེ་ཚོས་བོད་པའི་ལོ་ཙྰ་པ་སྐ་ཅོག་ཞང་གསུམ་སོགས་ལ་རོགས་རམ་བྱས་ནས་བཀའ་བསྟན་འགྱུར་བོད་ཡིག་ནང་བསྒྱུར་རོགས་བྱས་པ་འདྲ་བོ་རེད་འདུག་ག སྔོན་མར་བོད་དུ་ཕེབས་པའི་རྒྱ་གར་བ་བོད་བླ་དང་དེང་སང་བོད་ནས་ཕྱི་རྒྱལ་དུ་ཕེབས་པའི་ཕྱི་བླ་རྫོང་གསར་མཁྱེན་བརྩེ་སོགས་ཀྱི་ལས་སྟངས་འདི་གཅིག་པ་ཡིན་ན་ཐང་ཀི ཧཧཧཧ། ད་མགོན་པོའི་ཁ་ནང་ལ་རྡོ་རྗེ་མངར་སིང་སིང་ཞིག་བཞག་པ་ཡིན། སྡིག་པ་ཁུར།
བཀའ་བསྟན་འགྲོ་བ་སེམས་ཅན་དོན་དུ་མ་ཡིན་ནམ།
ཕྱི་བླ་ ནང་བླ་ རྒྱ་བླ་ བོད་བླ་ གཙང་བླ་ དབུས་བླ་ ཁམས་བླ་
རྡོ་རྗེ་མངར་སིང་སིང་ དཀོར་སྒྲིབ་ཁུར།
འདིར་གླེང་གཞི་བསྐྱུར་ཏེ་གཞན་པ་ཞིག་དེ་རྫོང་གསར་ཚང་གི་སྐོར་ཅིག་བཤད་ཀྱིན་འདུག ཁོ་བོར་རྫོང་གསར་ཚང་ལ་ཆ་རྒྱུས་དེ་ཙམ་མེད་མོད། ཉེས་སྔོན་ལྕགས་བྱ་འཕུར་དུས་ན་ཞེས་པའི་གློག་བརྙན་འཆར་འགོད་པ་ཨར་མོ་དེ་དང་ངེད་གཉིས་ཁ་བརྡ་བྱས་པ་ཡིན། མོས་རྫོང་གསར་ཚང་གི་སྐོར་བཤད་པ་དང་ཀླུ་སྨྱོན་གྱི་གསུངས་པ་གཉིས་ཅུང་མི་མཚུངས་ཀྱང་འདིར་བསྒྲགས་དོན་མེད། གཞན་པ་བོད་ནང་གི་ན་གཞོན་དྲ་ཐོག་ན་རྒྱ་བླ་དང་ཕྱི་བླ་ཟེར་བ་ནི་འདྲེ་ནང་ལྟར་བརྩི་བཞིན་ཡོད་ཀྱང་རྫོང་གསར་ཚང་ལ་དམིགས་བསལ་བསྟོད་ཚིག་དང་ཁོང་གི་པར་ཡང་དྲ་བའི་མདུན་ལ་བཞག་ཡོད། རྒྱུ་འབྲས་ཀྱི་བློ་མིག་ཀྱང་སྒོར་མོས་གང་དེད་དེད་རེད་བསམ་བྱུང་།
རང་མགོ་རང་གིས་བསླུ་ན་དགའ་དཀྲོག་དཀྲོག
མཁས་པས་བཤད་ན་ཅི་ཡང་བདེན།
སྙན་ངག་མཁན་ལ་ཅི་ཡང་རྒྱན།
བཀའ་བསྟན་དབྱིན་སྐད་དུ་བསྒྱུར་ན་ལེགས་ཆ་རེད། འདི་ལ་སེམས་འཁྲལ་བྱེད་ན་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་རང་རེད། བཀའ་བསྟན་ལེགས་སྦྱར་ནས་བོད་སྐད་དུ་བསྒྱུར་བ་ལ་རྙོག་ཁྲ་མེད། བོད་སྐད་ནས་དབྱིན་སྐད་དུ་བསྒྱུར་བ་རྙོག་ཁ་ག་རེ་བྱེད་ནས་བཤད་ཀྱི་ཡོད། མ་འོངས་ལོ་བརྒྱ་ཉིས་བརྒྱ་རྗེས་སུ་བཀའ་བསྟན་དབྱིན་སྐད་ནང་ཡོད་པ་དེ་ཐོས་བསམ་བྱེད་མཁན་ཡོང་སྲིད།
རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་ལ་གུས་པས་བཟོད་གསོལ་ཞུ། ཀླུ་སྨྱོན་ལ་ཡང་དེ་དེ་བཞིན་ནོ། གུས་པ་ངས་ལས་ངན་པ་བསགས་སོང་། འདི་ཚང་མ་འབྲི་དོན་ཁ་ཅིག་གི་ཁ་རྩེད་བྱེད་ཁོ་ན་ལས། རིན་པོ་ཆེ་དག་ལ་ངན་གང་ཡང་བཤད་འདོད་པ་མེད་དོ།
འདི་དུས་རབས་ཉེར་གཅིག་རེད་ད་དུང་་་འབྲུག་ཡུལ་་་དུ་བན་དེ་ཚོས་བོན་ལུགས་རྩ་མེད་བཟོ་མ་ཐུབ་ནས་བྱེད་ཐབས་སྣ་ཚོགས་སྤྱོད་བཞིན་ཡོད་ཚོད་འདུག། མིང་འདྲ་མིན་བཏགས་དགོན་པ་གསར་པ་གཞེང་གི་ཡོད་ལབ། སྔར་ལུགས་བོན་ཆོས་ཀྱི་མིང་ཙམ་ཡང་མེད་པ་བཟོ་བཞིན་པའི་ལམ་ལུགས་འདི་ཚོ་འབྲུག་གི་བན་དེ་ཚོས་ངེས་པར་དུ་མཚམས་འཇོགས་བྱས་ན་བཟང་། ཕ་མེས་ནས་བོན་ཆོས་བྱེད་མཁན་ཚོ་ལ་བོན་ལུགས་རྒྱུན་མཐུད་ནས་སློབ་གཉེར་བྱ་སའི་དགོན་པ་གསར་གཞེངས་མི་བྱེད་པར། བཙན་དབང་དང་གཡོ་སྒྱུས་བན་དེའི་དགོན་པ་གསར་དུ་གཞེངས་ནས་ཡུལ་གྱི་སྔར་སྲོལ་ཆོས་ལུགས་གཞན་དུ་བསྒྱུར་བཅོས་བྱེད་བཞིན་པའི་ལས་འགུལ་འདི་རིགས་གཟུ་བོར་གནས་པའི་འཛམ་གླིང་གི་མི་བུ་ཀུན་གྱིས་ངེས་པར་དུ་ཤེས་དགོས་པ་གལ་ཆེན་ཡིན། http://www.dzkuensel.bt/%E0%BD%A3%E0%BE%B7%E0%BC%8B%E0%BD%81%E0%BD%84%E0%BC%8B%E0%BD%82%E0%BD%A6%E0%BD%A2%E0%BC%8B%E0%BD%96%E0%BD%A6%E0%BE%92%E0%BE%B2%E0%BD%B4%E0%BD%96%E0%BD%A6%E0%BC%8B%E0%BD%A0%E0%BD%96%E0%BD%91%E0%BC%8B/#more-4684
འདི་ལྟ་བུའི་ཆོས་ལུགས་བཙན་བསྒྱུར་བྱེད་པའི་ལམ་ལུགས་ངན་པའི་མིག་ལྟོས་ཡང་ཡང་མི་འབྱུང་བའི་བསྒྲགས་གཏམ་འདི་ནས་སྤེལ།
འདིར་སྔར་ཉམས་དོད་པའི་ལ་དྭགས་ཀྱི་གློག་བརྙན་ཡག་མོ་ཞིག་འདུག། མཐོང་ཚོད་ལ་རོང་ལུགས་དང་ཆེར་མ་འདྲེས་པའི་བཟོ་འདྲ་པོ་རེད། གཞན་དེང་སང་ལ་དྭགས་པའི་གླུ་གཞས་དང་ཡུལ་སྐད་ཆས་གོས་སོགས་རོང་རྒན་འདྲ་སེ་ཆགས་འགྲོ་བཞིན་འདུག་གོ །
http://www.youtube.com/watch?v=8q2mJe3e7VA
མགོན་པོ་ཟེར་མཁན་དེའི་བསམ་ཚུལ་མཐོང་ཚུལ་ནི་ངོ་མ་ཐ་ཆད་པོ་ཞིག་རེད་འདུག ཟ་ཆས་སྐྱག་པར་བརྟེན་པ་ཞིག་ལས་འདི་འདྲའི་ཚོར་སྣང་ཞིག་སླེབས་མི་སྲིད་སྙམ། བསྐྱར་མཆན་ཞིག་བཀོད་དེ་ཞེ་གཏིང་ན་ལོག་པ་མེད་མདོག་བསྟན་ཀྱང་ཕ་བསད་ཚར་རྗེས་ཀྱི་ལོ་རྒྱུས་ཙམ་ཞིག ལས་བྱ་བས་བྱེད་མ་ཤེས་ན་སྟུ་ཉི་མར་བསྲོས་ཀྱང་རློན་དུ་རློན་དུ་ཟེར་བའི་དཔེ་རང་རེད། ཨོྃ་བཛྲ་ས་ཏྭ་ཧཱུྂ། ་་་་
ད་བར་དབྱིན་བོད་ཚིག་མཛོད་ཆ་ཚང་བ་ཞིག་བཟོ་ཐུབ་མེད་པས། བཀའ་་་་་་་་་་་་་་་་་་་་ཨེ།