འགར་ཚེ་རྒྱལ།
དམ་བཅའ་བརྟན་དུ་མ་བཟུང་སྟོང་པ་ཡིན།།
ལྷག་བསམ་རྣལ་དུ་མེད་ན་དོན་མེད་ཡིན།།
རང་སེམས་དབྱིངས་ལ་བཏེགས་ན་ལྟས་ངན་ཡིན།།
ཁ་བཤད་རང་ཚུགས་མི་བརྟན་ལབ་རྐྱལ་ཚོ།
མཐོ་པོའི་བཀའ་ཁྲིར་བཞག་ན་འཐུས་ཤོར་མང༌།
ཁ་ནས་བདེ་བདེ་བཤད་པ་ནེ་ཙེས་ཤེས།།
དོན་ཐོག་ལག་ཏུ་བསྟར་བ་སྲིད་མཐའ་ཙམ།།
ཕྱི་ཚུལ་གུས་གུས་ཞུམ་ཞུམ་ཁྱི་གུས་ཤེས།།
ཁྲ་ཁྲའི་སྲིན་འབུ་འགུལ་བའི་མགོ་བདེ་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་བསླུ་བྲིད་མང༌།
ཆེན་པོའི་རྫིག་ཉམས་མཐོང་ན་འཛུམ་ཤིག་ཤིག།།
དམའ་མོའི་མི་སེར་རིག་ན་གདོང་ནག་ནག།།
སྲིད་ཀྱི་གོ་ས་བསམ་ནས་བྲེལ་འདུར་འདུར།།
བོད་པའི་ལས་སྐལ་མི་བསམ་གཡོ་ཅན་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་བདེ་འཇགས་མེད།།
ཕྱི་ཚུལ་མཁས་པའི་རང་ཚུགས་ཉམས་ཀྱིས་བསྟན།།
ནང་ཚུལ་དགོས་པའི་ཡོན་ཏན་བག་ལ་ཞ།།
ཧམ་སེམས་བརྗིད་པོའི་སྟོང་པའི་འཕྲུལ་སྣང་གིས།།
འཆོལ་གཏམ་གླེང་ལ་གོམས་པའི་རང་རློམ་ཚོ།།
མཐོ་པོའི་བཀའ་ཁྲིར་བཞག་ན་ནོར་འཁྲུལ་མང༌།།
ཡོད་པ་བཅོས་བསྒྱུར་མི་བྱེད་དམ་དུ་བསྡམས།།
མེད་པ་ནང་འདྲེན་མི་བྱེད་སྟོང་པར་བཞག།།
ཤོར་བ་ཉེས་འགོག་མ་ཤེས་རྨོངས་ཏེ་བསྡད།།
ཐོབ་པ་ལག་ལེན་མི་བསྟར་རུལ་སུངས་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་ཉམས་ཆག་མང༌།།
རྩུབ་པོའི་མི་ལ་ཐུག་ན་ཉམས་དམའ་དམའ།།
གཡོ་ཅན་མཁས་པའི་རྩུབ་ན་མགོ་འཐོམ་འཐོམ།།
བསླུ་བྲིད་མཛེས་མའི་གམ་ན་འཛུམ་རིག་རིག།
མི་འཇོན་འཇོག་མདོག་སྟོན་པའི་མཁས་རློམ་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་ཕམ་ཁ་ཆེ།
བོད་དོན་ལག་ནས་མི་སྒྲུབ་ཁ་ནས་གླེང༌།།
རང་དོན་བཞག་ནས་མི་འཇོག་བྲེལ་བས་བསྒྲུབ།།
རང་ཚུགས་ཕྱི་ནས་མི་སྟོན་ལྐོག་ནས་སྟོན།།
རང་མཐོ་རང་གྲགས་གཉེར་བའི་ཧམ་ཅན་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་ཡར་རྒྱས་མེད།།
ཉེ་བའི་མི་ལ་ཕྱོགས་རིས་མེ་ལྟར་མཆེད།།
རིང་བའི་མི་ལ་ལྷག་བསམ་རྡོ་ལྟར་མཁྲེགས།།
རང་དོན་སྒྲུབ་པ་བོད་དོན་ཁ་འཁྱེར་བྱས།།
རང་ཉིད་གཅིག་ལས་མི་བསམ་འདོད་ལྡན་ཚོ།།
མཐོན་པོའི་བཀའ་ཁྲིར་བཞག་ན་ནང་དམེ་མང༌།།
དེང་འདིར་རང་རློམ་ཆེ་བའི་ཤེས་ཡོན་པ།།
སྲིད་ཀྱི་གོ་ཐོབ་རྩོད་པའི་ཆབ་སྲིད་པ།
སྨྱུག་ཁ་དམོད་ལ་སྐོར་བའི་རྩོམ་པ་པོ།།
གཞུང་པོད་ཚོང་ལ་བཀོལ་བའི་སེར་མོ་པ།།
མཐོན་པོའི་བཀའ་ཁྲིར་བཞག་ན་ཨ་ཙ་མ།།
རང་སེམས་འཁོར་ཕྱོགས་ཤིག་གིས་བཀའ་བློན་ཁྲི་པ་འཚོལ་རྟོག་འོས་འདེམས་སྐོར་ལ་བསམ་བློ་ཞིག་བཏང་བར། མི་འཇོན་ནའང་བཀའ་བློན་ཁྲི་པའི་གོ་ཐོབ་ལེན་འདོད་ཀྱི་ནད་འབུ་ཧེབ་ཀྱིས་འགུལ་མཁན་མང་པོ་ཞིག་ཡོད་པར་མཐོང་འཕྲལ། བཀའ་བློན་ཁྲི་པ་ནི་བོད་མི་མང་གི་རྩ་དོན་བདེ་སྡུག་དང་འབྲེལ་ནས་ཡོད་པ་ཞིག་ཡིན་སྟབས་དེ་ནི་དཀྱུས་མའི་མི་ཕལ་བ་ཞིག་ལ་དབང་ནས་མིང་ཐོབ་ཁོ་ནས་གཉེར་ན་ག་ལ་རུང་བསམ་པའི་ཚོར་ཤུགས་ཀྱིས་དྲངས་ཏེ། ཨ་ཙ་མའི་གཏམ་འདི་ངག་སྒོ་ནས་ཐོལ་གྱིས་བུད་པར་འགལ་ཉེས་ཡོད་ན་མཐོལ་བཤགས་ཞུ།
བཀའ་བློན་ཁྲི་བའི་འོས་ཁོངས་སུ་ཞུགས་པ་དེ་ཡང་བློ་བཟང་དབང་རྒྱལ་གྱི་མཛངས་མ་འགྲན་བསྡུར་འདྲ་ཞིག་ཡིན་རྒྱུ་དགོངས་ཡོད་ནི་མིན་ནམ། ཧ་ཧ་ཧ
རྩེད་མོ་ཡིན་དཱ། དེང་སང་ཁ་བརྡ་དྲ་ཐོག་གི་མི་ཚོ་རླུང་ལངས་ཀ་རྩ་མོ་ཟིག་ཆགས་བསྡད་འདུག་གཱ།
མི་སུ་ཡིན་ན་། སོ་སོའི་འོས་ཤོག་གཅིག་གོ སོ་སོས་ཡིད་ཆེ་ས་། རེ་བ་ཆེ་ས་། སུ་ལ་ཡིན་ན་ཕེན་ཆོགས་པ་རེད་། མ་ནོར་སྐལ་བ་ལེན་རྒྱུ་གལ་ཆེན་པོ་རེད་།
རང་ཉིད་ཀྱི་མིང་དེབ་བསྐྱེལ་བྱས་ཡོད་ན་བཀའ་ཁྲིའི་འོས་འཕེན་པའི་ཐོབ་ཐང་ཡོད་ལེ་རེད་ རང་གི་འོས་གཅིག་པོ་འདི་བཙན་རྒྱལ་རྒྱ་དམར་གུང་དྲན་གྱི་མནར་གཅོད་སྡུག་རྩུབ་འོག་འཚུད་པའི་རང་གི་ཕ་ཡུལ་བོད་ལྗོངས་དང་ མ་འོང་པར་གཞིས་བྱེས་གཉིས་ཀྱི་བོད་རིགས་སྤུན་ཟླའི་ཕུགས་ཀྱི་རེ་འདུན་ཐོག་ནུས་པ་ཆེ་ཤོས་འདོན་ཐུབ་ཁན་ཞིག་ལ་འཕེན་དགོས་རྒྱུ་དེ་དཔེ་མེད་གལ་ཆེན་པོ་རེད་གདའ་ལེ་ ད་བོད་རིགས་ཡོངས་རྫོགས་ཆོལ་ཁ་ཆོས་ལུགས་དབྱེར་མེད་དང་ དམ་ཚིག་འོ་ཆུ་གཅིག་འདྲེས་ངང་ནས་བོད་སྤྱིའི་རྩ་དོན་ལ་ཕན་ལེ་གི་བཀའ་ཁྲི་ཡག་མོ་ཞིག་འདེམས་རོགས་ བོད་སྤྱིའི་དོན་ལ་ཕན་ཐོག་ནུས་ཤུགས་འདོན་མི་ཐུབ་ན་ རང་གི་ཕ་བཀའ་ཁྲིའི་འོས་མིར་ལང་གི་ཡོད་ཀྱང་ངས་ནི་འོས་གཅིག་པོ་དེ་འཕྲོ་ལག་མི་གཏོང་ཐག་མཆོད་ཡིན་ ཁ་བྲོ་ད་སྐུ་ཚེ་རིང་།
ད་ཚིག་བཅད་འདི་བྲིས་བསྡད་ནས་ཅི་ཕན་ལེ་མ་རེད། དེ་ལས་སོ་སོས་གདེང་ཚོད་ཡོད་པའི་མི་དེ་ལ་འོས་བླུགས་ན་འགྲིག་གི་རེད། གཞན་མ་གཏོགས། གཅིག་གཅིག་གཉིས་གཉིས་ཟེར་ནས་སྐྱོན་རྐྱང་རྐྱང་གླེང་ནས་ཁུངས་འཁྱོལ་རྒྱུ་ཞིག་ཡོད་མ་རེད།
ང་ཚོ་ལ་དགོས་པ་བོད་རྒྱ་གཉིས་ཀྱི་འབྲེལ་ལམ་ལ་འགྲོ་ཐུབ་པའི་བཀའ་ཁྲི་ཞིག་དགོས།
ཚིག་གཅད་ཁ་ཤེས་ཞིག་འབྲི་བ་ཙམ་གྱིས་མི་ཕན་གདའ་ལེ།
ང་ཚོ་ལ་དགོས་པའི་བཀའ་བློན་ཁྲི་པ་ནི་བོད་རྒྱའི་འབྲེལ་ལམ་ལ་མགོ་འཁོར་ནས་བོད་དོན་ངོ་མ་བརྗེད་པ་དེ་འདྲ་མ་ཡིན་པར་བོད་དོན་ངོ་མ་ལྷང་ལ་འབུད་ཐུབ་པ་བཟོ་མཁན་དེ་འདྲ་ཞིག་དགོས
ད་ནི་མགོ་འཐོམས་སོང་། མ་འོངས་བཀའ་བློན་ཁྲི་བའི་གོ་ས་ཐོབ་པར་ཐབས་ལམ་སྣ་ཚོགས་བརྒྱུད་འབད་བརྩོན་གནང་མཁན་མི་ཉུང་བ་ཞིག་ཡོད་པ་གོ་ཐོས་བྱུང་། ཡིན་ནའང་ལྷག་བསམ་རྣམ་དག་གིས་བོད་དོན་བསྒྲུབ་འདོད་དང་ནུས་པ་ལྡན་པ་སུ་ཡིན་དང་། དེའི་ལྡོག་ཕྱོགས་རང་རང་སོ་སོའི་ཁེ་གྲགས་ཀྱི་ཆེད་བཀའ་ཁྲིར་ལང་མཁན་སུ་ཡིན་དབྱེ་འབྱེད་དཀའ་ལས་ཁག་སེ་གདའ།
ཚིག་བཅད་ཁ་ཤས་བྲིས་པས་མི་ཕན་ཟེར་མཁན་དེ་ཚོར་བཤད་རྒྱུར།
བཀའ་ཁྲིའི་སྐོར་ལ་ཚིགས་བཅད་ཁ་ཤས་བྲིས་པས་མི་ཕན་པའི་གནས་ལུགས་དེ་སུས་ཀྱང་ཤེས་ངེས་རེད། ཡིན་ཡང་རང་གི་ལྟ་བ་དང་བསམ་ཚུལ་ཇི་ཡོད་གང་འདྲ་བྱས་ནས་བརྗོད་པ་ནི་རང་རང་སོ་སོའི་འདོད་པ་དང་རང་དབང་ཡོད་པ་ཞིག་རེད་ལ། སྐྱོན་ཡོན་གཉིས་ལས་སྐྱོན་ནི་སྤྱི་ཚོགས་ལ་ནག་ཉེས་བཟོ་བའི་གཞི་རྩ་ཡིན་སྟབས་དེ་གླེང་དགོས་པ་ཞིག་རེད་སེམས།
བཤད་བབ་མ་བདེ་བར་ཕོག་ཐུག་རེ་བཟོས་ཡོད་ན་དགོངས་དག
ཁྱོད་ཀྱིས་བཤད་པའི་གཏམ་ལ་ཉན་རྒྱུ་འདུག།།
དེང་སང་བཀའ་ཁྲིའི་རྐུབ་ཀྱག་གཅིག་ཉིད་ལ།།
ཧབ་ཐོབས་བྱེད་པའི་གཤིས་ལ་འགྱུར་མེད་ན།།
གདོང་དམར་འགྲོ་བའི་ལས་དབང་ཨ་ཙ་མ།།
མཐོན་པོའི་ཐོབ་དང་མཛེས་མའི་ཞལ་རས་ལ།།
ཡིད་སེམས་ཤོར་བའི་སྐྱེ་བོ་འབུམ་ཕྲག་གིས།།
བཟང་ངན་བྱ་བཞག་ཇི་ལྟར་བརྩམས་ན་ཡང་།།
དུས་གསུམ་ཀུན་ཏུ་རང་ལ་ཨ་ཙ་མ།།
དཀོན་མཆོག་ལྷ་ལ་རེ་བའི་སྐྱབས་འཇུག་དང་།།
སྐྱིད་སྡུག་ལས་ལ་བསམ་པའི་མི་རིགས་འདི།།
ནམ་ཞིག་ཞབས་རྗེས་ས་ལ་མ་ཐིམ་ན།།
སྙིང་མིག་བདག་གིས་ངག་ལ་ཨ་ཙ་མ།།
ཨ་ཙ་མ་ལ་དྭོགས་པའི་གཞོན་ནུ་བདག།།
རྣམ་རྟོག་འདྲེ་མོ་གཉེན་ཏུ་མ་འདྲིས་ཀྱང་།།
ལྷན་སྐྱེས་བག་ཆགས་ཟབ་མོའི་རྩ་ཐང་ན།།
བཀག་པས་མ་ཁོགས་ས་མཆོང་གནམ་མཆོང་ཤོར།།