བསྟན་འཛིན་ཚེ་དཔག
བཀའ་བློན་ཁྲི་པའི་འོས་ཆོས་གླེང་སྟངས་དེ་སྤྱི་ཚོགས་ཀྱི་ཐག་ཉེར་སྙེགས་ཤིང་། ད་ནི་མིང་འདོན་མཛུབ་འཛུགས་ཀྱིས་རང་རང་གི་འོས་མི་དག་གླེང་བའི་ཕྱོགས་སུ་གོམ་པ་སྤོ་བཞིན་པ་ནི་དགའ་འོས་པ་ཞིག་རེད་སྙམ་དུ་འདོད། མང་པོ་ཞིག་གིས་ད་དུང་ཡང་ཆ་རྐྱེན་གྱི་སྟེང་ལ་ཆ་རྐྱེན་བསྣན་ནས་དཀའ་ལས་སྐུ་ངལ་ཇེ་མང་དུ་གཏོང་བ་ལྟ་བུར་འདུག་སྟེ། ཡིན་ངོ་མ་ནི། ང་ཚོས་བརྒྱ་བཤད་སྟོང་དུ་བགྲངས་ཀྱང་རུང་གི། ཡོས་ལ་འབབ་རྒྱུ་རྩམ་པའི་དཔེ་ལྟར། མི་གྲངས་འབུམ་གཅིག་ལྷག་ཡོད་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་དཀྱིལ་འཁོར་ནང་འདི་ནས་ཐད་ཀར་འོས་འདེམས་སྐབས་གསུམ་པའི་བཀའ་ཁྲི་དེ་རྙེད་པ་བྱེད་དགོས་ལ། རྙེད་དུ་ཡོད་པ་ཞིག་ཀྱང་ཆགས་ཡོད། ད་ལྟ་ང་ཚོས་དཀའ་ངལ་ཞིག་གི་ངོ་བོ་ནས་གླེང་གིན་ཡོད་པ་ནི། ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་བཙལ་གྱིན་ཡོད་པ་ཞིག་ཏུ་འདུག་གོ།
གླེང་སྟངས་དག་ལ་ཞིབ་ཀྱིས་ཉན་པ་ཡིན་ན། མང་ཆེ་བས་ཤེས་ཡོན་དགོས་པ། སྙིང་སྟོབས་དགོས་པ། འཇོན་ཐང་དགོས་པ། ཉམས་མྱོང་དགོས་པ་སོགས་དགོས་པ་མང་པོ་ཞིག་བགྲངས་ཀྱིན་ཡོད་པ་འདི་ཚང་མ་མི་གཅིག་ལག་གཅིག་ལ་ཚང་བ་བྱུང་ན་དགོས་རྒྱུ་མཐར་ཐུག་དེ་ཡིན་ནའང་། དེ་ནི་གཅིག་ལ་འཛོམས་རྒྱུ་ཤིན་ཏུ་ནས་ཁག་པོ་ཆགས་ཡོད། དགོས་རྒྱུའི་དབང་དུ་བྱས་ན་ནི། འདི་ཚོ་གཞིར་བཞག་ད་དུང་ཡང་ལེགས་པའི་ཆ་ལག་ཅི་ཡོད་ཆ་ཚང་གཅིག་ལ་འཛོམས་པ་ཡིན་ན། དེ་ལས་དགའ་བ་དང་བཟང་བ་ཅི་ཡོད་དེ། ཚང་མ་གཅིག་ལ་ཚང་རྒྱུ་ནི་ཤིན་ཏུ་ནས་དཀའ་བ་ཆོས་ཉིད་ཀྱིས་ཀྱང་གཏན་ལ་ཕབ་སྟེ་ཡོད་པ་དེ་བས་ན། ད་ལྟའི་ང་ཚོའི་ལྟ་སྟངས་ཁག་ལས་རིགས་གཅིག་ནི་གནས་སྟངས་དང་འཚམ་པ་ཞིག་ཆགས་ཀྱི་མེད་པ་ཡིན་སྟབས། སྤྱི་ཚོགས་དང་ཡང་ཁ་ཐག་རིང་དུ་གྱེས་ཏེ་ཡོད་པ་ལྟ་བུའི་མུར་འདུག
ལར་ནས་ད་ལྟའི་གནས་སྐབས་འདིར། མཁས་མི་མཁས། འཇོན་མི་འཇོན། དཔའ་མི་དཔའ་བཤད་ན། མཁས་དབང་ཟམ་གདོང་རིན་པོ་ཆེ་ལས་གཞན་གྱི་བཀའ་ཁྲི་ཞིག་མི་རག་པར་ཐག་བཅད་ཆོག་པ་ལྟ་བུ་རེད། ཡིན་ནའང་། ཁོང་གིས་བཀའ་ཁྲི་གནང་རྒྱུན་མི་ལོ་དགུའི་ཡུན་དེར་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ཤེས་ཡོན་སྲིད་བྱུས་གསར་པ་ཞིག་གཏན་ལ་ཕབ་པ་དེ་དང་དེ་ཚུལ་ལག་ལེན་ངོ་མའི་བབ་དང་སྦྲེལ་ནས་ཚོད་ལྟ་བྱ་སའི་སློབ་གྲྭ་གསར་པ་ཞིག་བཙུགས་པ་དེ་བྱས་རྗེས་སུ་ངོས་འཛིན་ཞུས་ཆོག་ལྟ་བུར་ཡོད་པ་ལས། གཞུང་གི་དཔལ་འབྱོར་རྟེན་གཞི་མང་པོ་ཞིག་སྒོ་བརྒྱབ་པ། གཞོན་ནུ་ལྷན་ཚོགས་ཁ་བྲལ་བར་ངོས་འཛིན་དང་གོང་ས་མཆོག་གི་ཆིབས་བསུར་ཡོང་རྒྱུ་བཀག་མྱོང་བ། བོད་དོན་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་འོག་ལ་བསྐྱལ་བ་སོགས་ནི། བྱས་རྗེས་ཤིག་མ་རེད་ཟེར་མཁན་དག་གི་ལྟ་སྟངས་དེས་བལྟས་པ་ཡིན་ན། རེ་བ་བརྒྱབ་པ་ནང་བཞིན་ཅིག་བྱུང་ཡོད་མེད་དེ་དཔྱད་པ་གཏོང་དགོས་པ་གང་ཡང་མ་རེད།
བཀའ་བློན་ཁྲི་པར་ཤེས་ཡོན་ཅན་ཞིག་ནི་དགོས་ཐག་ཆོད་དགོས་པ་རེད། ཡིན་ནའང་། མཁས་དབང་ཞིག་ངེས་པར་ཡིན་དགོས་པ་དེ་འདྲ་གང་ཡང་མ་རེད། ཡིག་ན་གཅིག་དང་མིན་ན་གཉིས་ཀྱིས་མཁས་དབང་ཞིག་ཡིན་དགོས་ཀྱི་མ་རེད། མཁས་དབང་ཡིན་པ་ཙམ་གྱིས་བག་ཆགས་གང་ཡང་འཇོག་ཐུབ་ཀྱི་མ་རེད། ངའི་ལྟ་སྟངས་ལ། བཀའ་བློན་ཁྲི་པ་ནི། གཞན་གྱི་སློབ་སྟོན་དང་། ཉམས་མྱོང་བསྡུ་བཞེས་ཀྱི་བསམ་བློ་ཡོད་མཁན་ཞིག་ཡིན་ན་དེས་འགྲིག་གི་རེད་འདོད། གཙོ་ཆེ་ཤོས་ནི་བཀའ་བློན་ལས་རོགས་དེ་ཚོ་རེད། དེ་ཚོའི་སྐོར་ཡང་ད་ལྟ་ནས་གླེང་སློང་ཤུགས་ཆེན་པོ་བྱེད་དགོས་པ་ཞིག་རེད། བཀའ་བློན་ལས་རོགས་དེ་ཚོའི་ཤེས་འཇོན་ཆ་ཚང་བསྡོམས་པ་ཡིན་ན། གཞི་ནས་བཀའ་ཤག་ཚད་ལྡན་ཅིག་ཡོང་གི་ཡོད་པ་ཡིན་ན། ད་གཟོད་ང་ཚོས་རེ་བ་རྒྱག་ཡུལ་ཞིག་ཆགས་རྒྱུར་ཚོམ་པ་མི་དགོས་པ་ལྟ་བུ་རེད།
ཤེས་ཡོན་གྱིས་མ་འདང་ན་མིའི་ས་ནས་སློབ་སྟོན་ཞུས་ཆོག་གི་རེད། ཉམས་མྱོང་གིས་མ་འདང་ན་གཞན་ནས་ཉམས་མྱོང་དང་མན་ངག་ཞུས་ཆོག་གི་རེད། ཐབས་ཤེས་ཀྱིས་ཕོངས་པ་ཡིན་ན། ཐབས་ཤེས་ཀྱི་ལམ་སྟོན་ཞུས་ཆོག་གི་རེད། དེ་ཚོ་རང་ལ་འདང་ངེས་ཡོད་ན་རབ་དང་། འདང་ངེས་མེད་ནའང་གཞན་ནས་བླངས་ཆོག་གི་རེད། ཡིན་ནའང་། ལྷག་བསམ་དང་ཤ་ཚ། སེམས་ཤུགས་དང་སྤོབས་པ་ནི་གཞན་ནས་གཡར་པོ་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ནི་སོ་སོར་ངེས་པར་ཡོད་དགོས་པའི་གཞི་རིམ་གྱི་ཆ་རྐྱེན་ལྟེ་བ་དེ་རེད། ང་ཚོས་བཀའ་ཁྲིའི་འོས་ཆོས་གླེང་སྐབས་འདི་ཚོའི་གལ་ཆེ་ཆུང་ལ་བལྟ་དགོས་ཀྱི་འདུག མཐོ་ས་མཐོ་ས་ཞིག་ལ་བལྟས་པ་སྐྱོན་གང་ཡང་མ་རེད་དེ། གཞི་རྩའི་རྨང་གཞི་དེ་ངེས་པར་ངོས་ཟིན་པ་ཞིག་དགོས་པར་འདོད།
མཇུག་འདིར་ཞུ་རྒྱུ་གཅིག་བསྡད་ཡོད། ངས་བཀའ་ཁྲིའི་སྔོན་འགྲོའི་འོས་ཤོག་དེ་གཞོན་སྐྱེས་གཉིས་ལ་འཕེན་འདོད་ཡོད། ངའི་སྔོན་འགྲོའི་འོས་གཞི་ནི། ཚོགས་གཙོ་སྤེན་པ་ཚེ་རིང་དང་། བློ་བཟང་སེང་གེ་གཉིས་ཡིན། དངོས་གཞིའི་འོས་མིའི་ནང་ཁོང་གཉིས་ཀྱི་གཅིག་སླེབས་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅི་སྟེ་ཁོང་གཉིས་ཀྱི་སུ་ཡང་མ་སླེབས་པ་ཡིན་ན། ང་ལ་འོས་ཤོག་འཕེན་ཡུལ་གཞན་གང་ཡང་མེད། གང་ལྟར་ནའང་། ངས་ནི་རྒན་རབས་པ་ཚོར་སྤྱི་སེམས་དང་ཤ་ཚ་ཡོད་ན། གཞོན་སྐྱེས་ཚོར་སྣེ་ཁྲིད་དང་། ལམ་སྟོན་གནང་ནས་ཟུར་བཞུགས་གནང་བའི་རེ་བ་རྒྱག་གི་ཡོད། རྒན་རབས་པ་ཞིག་ངེས་པར་ཡིན་དགོས་པའི་ལྟ་ཚུལ་འདོན་མཁན་ཚོ་དང་ངའི་བསམ་ཚུལ་ལོགས་ཀར་གྱེས་གཞིའང་འདི་ཁོ་ནར་ཐུག་ནས་ཡོད།
ངས་བསམས་ན། ད་རེས་རྒན་རབས་པ་དང་གཞོན་རབས་པའི་བར་གྱི་ལྟ་སྟངས་འཁྲུག་ཆ་དོད་པོ་ཆགས་ཀྱི་རེད། ད་ཐེངས་ཀྱི་འོས་འདེམས་འདིའི་ནང་། སྔོན་འགྲོའི་འོས་འཕེན་གྱི་གྲངས་ཀ་དང་དངོས་གཞིའི་འོས་འཕེན་གྱི་གྲངས་ཀ་ལ་སྔར་གྱི་འོས་འདེམས་གནས་སྟངས་དག་ལས་ཀྱང་ཁྱད་པར་ཆེན་པོ་ཤོར་ངེས་རེད་སྙམ་དུ་འདོད་དོ།།
ལེགས་སོ། །ལེགས་སོ། །
རང་རེའི་བཀའ་ཤག་གི་ཁྲི་པ་དང་། དམངས་གཙོའི་རྒྱལ་ཁབ་མི་ཉུང་བ་ཞིག་གི་་སྲིད་བློན་གཅིག་པ་འདྲ་བོ་རེད། ཡོ་རོབ་ཀྱི་འབྱོར་ལྡན་རྒྱལ་ཁབ་ལ་ལ་ན་དེང་གི་དུས་སུའང་སྐབས་རེར་སྲིད་བློན་སྔ་མའི་ཚབ་ལ་རྗེས་མ་བསྐོ་བཞག་མ་གྲུབ་པར་དུས་ཡུན་ཟླ་བ་མང་པོར་ལྷག་ནའང་གཞུང་གི་ཆབ་སྲིད་ཀྱི་གནད་དོན་ཆེ་ཕྲ་་་་དང་། མི་མང་གི་འཚོ་བ་དང་དཔལ་འབྱོར། སྤྱི་ཚོགས་བདེ་ཐབས་ལ་སོགས་པའི་དོན་དག་རྣམས་སྲ་ཐག་ཐག་ངང་བརྟན་པོར་གནས་ཐུབ་པར་བལྟས་ན་རྒྱལ་ཁབ་དེ་ཚོ་ལ་ཕྱོགས་གཅིག་ནས་བཀའ་བློན་ཁྲི་པ་ནི་མེད་ཅིང་རུང་བའི་གནད་དོན་ཅིག་མིན་ནམ་སྙམ་པ་ཤར་བའི་ཚོད་དུ་འདུག། རྒྱུ་མཚན་ནི་རྒྱལ་ཁབ་དེའི་མི་རྣམས་ཀྱིས་ཁོང་ཚོས་བདམས་པའི་རང་ཉིད་ཀྱི་མི་མང་གི་འཐུས་ཚབ་རྣམས་ལ་ཤེས་འཇོན་ལྷག་བསམ་རང་རྐྱ་འཕེར་བ་ཤ་སྟག་སོང་ཙང་། གཞུང་གི་བཅའ་ཁྲིམས་སྒྲིག་གཞི་མ་ལག་དང་བཅས་པ་རེ་རེ་བཞིན་བྱ་སྤུ་གནོན་གི་སྲོལ་ལྟར་ཡོད་པས་གཞུང་གི་ལས་དོན་ཐ་དག་ལེགས་འགྲུབ་དང་། མི་མང་འདོད་འདུན་ཡོད་ཚད་ལ་དཀའ་ཚེགས་ཆེ་འཕྲད་པ་མེད།
དཔེ་དེ་དང་ཇི་བཞིན་དུ་རང་རེ་ལའང་མ་མཚུངས་པ་ཅང་མེད་པས་ན་བཀའ་སྤྱི་གཉིས་ལས་གནད་འགག་གི་གལ་གནད་དངོས་དེ་གང་ན་ཡོད་མེད་ངོས་ཟིན་གསལ་བོ་ཐོབ་པ་ཞིག་བྱུང་ན་ད་གཟོད་བཀའ་སྤྱི་གཉིས་ཀྱི་འོས་འདེམས་ལ་གྲུབ་འབྲས་ལྡན་པ་ཞིག་དང་། མི་མང་གི་བསམ་འདུན་དེ་རྗེས་སོར་མི་འགྱོད་པ་ཞིག་ཡོང་གི་རེད།
མི་སུམ་བཅུ་ བསམ་པ་སུམ་བཅུ།
བཀའ་ཁྲིའི་འོས་མིར་ལྷག་བསམ་དང་ཤ་ཚ། སེམས་ཤུགས་དང་སྤོབས་པ་ཡོད་ན། དེའི་སྟེང་དུ་ཤེས་ཡོན། ཉམས་མྱོང་དང་ཐབས་ཤེས་བཀའ་ཁྲིའི་དུས་སུ་གཞན་ལས་ལེན་ཆོག་ཟེར།
དེས་ན་གཟབ་གདོང་རིན་པོ་ཆེའི་བཀའ་ཟུར་ཕེབས་སྐབས་ལ་འབྱུང་འགྱུར་བཀའ་ཁྲིའི་སློབ་སྟོན་པའི་གོ་ས་ཞིག་བསྐྲུན་ཐུབ་ན་དགེ་མཚན་ཆེ་བ་མི་མཐོང་ངམ། ཀུན་གྱིས་སོམས་ལ་ཕན་ན་འབད་འབུངས་གནོངས་རོགས་ཞུ།
སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་གྱི་བཀའ་ཁྲི་ཞིག་ཧ་ལམ་རྙེད་མི་སྲིད་པ་དེ་ལྟར་ཡང་ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གི་བཀའ་ཁྲིའི་འོས་མིའི་ཁོངས་སུ་ ཏེ་བོས་ནང་གི་གཟུགས་བཟང་དང་སྒོ་ངའི་ནང་གི་གསེར་རིལ་ ཕྱོགས་གང་ཐད་ནས་དགོས་ངེས་ཀྱི་ཆ་བརྐྱེན་ནམ་ལེགས་པའི་ཆ་མང་ཤོས་ཚང་ཞིང་མ་འོང་བཀའ་ཁྲིར་འོད་བབས་ཆེ་ཤོས་དེ་ རྒྱལ་གཞེན་ལྡན་པའི་ན་གཞོན་བློ་བཟང་སེངྒེ་ལགས་རང་རེད་ དེ་ནས་ཚེ་རྒྱམ་ལགས་དང་ བློ་བཟང་སྙན་གྲགས་ལགས་ཁོང་གསུམ་པོ་ནི་རྩེ་འཕུད་ཀྱི་འོས་མི་དག་རེད་།
ཁ་བརྡའི་སྒྲིག་གཞི་ལས། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་ལ། ཐ་ན་མཆན་དེ་ཚོ་འགོག་རྒྱུའི་ལམ་ཁ་ཡང་བསྟེན་སྲིད།
ཅེས་གསུངས་སོ།།
ལྷག་བསམ་དང་ཤ་ཚ། སེམས་ཤུགས་དངསསྤོབས་པ་བཅས་ལ་ཁྲིམས་ཀྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་དང་ལག་པ་འཆང་རྒྱུ་ཡོད་དམ།
འདི་ལ་བསམ་བློ་གཏོང་རྒྱུ་ཞིག་མེད་དམ་དྲན།
ངས་བལྟས་ན་སྤྱི་ལོ་༢༠༡༡་ ལོའི་བཀའ་བློན་ཁྲི་བའི་འོས་མི་གདམས་སྐབས་འདིར་རྒན་རབས་པ་ཚོས་གཞོན་རབས་པ་རྣམས་ལ་བཀའ་ཁྲིའི་གོ་སྐབས་ཅིག་གནང་སྟེ། གཞོན་རབས་པ་རྣམས་ལ་ལྷག་བསམ་གྱིས་སྣེ་ཁྲིད་དེ་ཉམས་མྱོང་གི་ལམ་སྟོན་མ་བསྐུལ་དང་བླངས་བྱེད་རྒྱུ་གལ་ཆེན་ཞིག་མཐོང་བ་དང། མ་འོངས་པའི་བཀའ་བློན་ཁྲི་བའི་འོས་མིར་ཡང་ཤེས་འཇོན་ལྷག་བསམ་ལྡན་པ། སྤོབས་པ་དང་སྙིང་སྟོབས་ལྡན་པའི་སྟེང་སྤྱི་ཚོགས་ནང་ལམ་སྟོན་སྣེ་ཁྲིད་ཀྱི་ཉམས་མྱོང་ཡོད་པ་ཞིག་ངེས་པར་དགོས་འདུག་སྙམ་པས་ཐེངས་འདིའི་བཀའ་བློན་ཁྲི་བའི་འོས་མིར་་་་་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་། མཁས་དབང་བློ་བཟང་སེངྒེ་། ཚེ་རྒྱམ་གསུམ་གང་རུང་ཡིན།
བཀའ་ཁྲི་ངེས་པར་ན་གཞོན་ཞིག་དགོས་ཀྱི་ཡོད་ན་བློ་བཟང་སེངྒེ་ལས་ལྷག་པའི་ན་གཞོན་ཤེས་ཡོན་གཉིས་ལྡན་ཉམས་མྱོང་གསུམ་ལྡན་ལྷག་བསམ་བཞི་ལྡན་ང་ཚོའི་སྤྱི་ཚོགས་ནང་མང་རབ་ཡོད་པས་དེ་རྣམས་ལ་གཟིགས།
བཀའ་བློན་ཐུབ་བསྟན་ལུང་རིགས།
བཀའ་ཟུར་བློ་བཟང་སྙན་གྲགས།
སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་།
སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ།
སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ།
སྐུ་ཚབ་སྐལ་བཟང་རྒྱལ་མཚན།
ཤེས་ཡོན་ ཉམས་མྱོང་ ལྷག་བསམ་འདྲན་མཐའ་བྲལ་ཞིང་ རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་ཤོས་དང་མ་འོངས་པར་བོད་རིགས་གཞོན་སྐྱེས་ནང་ནས་འགོ་འཁྲིད་ཀྱི་རེ་བ་བཟང་ཤོས་དེ་
༡༽མཁས་དབང་བློ་བཟང་སེངྒེ་ལགས་
༢༽ལྔ་པ་ཚེ་རྒྱམ་ལགས་
༣༽བཀའ་ཟུར་བློ་བཟང་སྙན་གྲགས་ལགས གསུམ་ནི་མ་འོངས་བོད་མིའི་ ཉི་ཟླ་དཀར་གསུམ་འདྲ་
དེ་ཕྲོས་རྣམས་སྤྱི་འཐུས་ལ་བཀོས་ན་འོས་ཤོས་རེད་།
བཀའ་ཁྲིའི་སྔོན་འགྲོའི་འོས་མི་གསུམ།
༡ བློ་བཟང་སེང་གེ
༢ ཀརྨ་ཆོས་འཕེལ།
༣ སྤེན་པ་ཚེ་རིང་བཅས་སོ།
ངོ་མ་བཀའ་བློན་ཁྲི་བ་ཞིག་ཐོབ་པ་ཡིན་ན་བློ་བཟང་སེང་གེ་མཆོག་ཐོབ་པ་ཡིན་ན་ཨོ་སྦ་མ་ནང་བཞིན་རེད་བམ་བྱུང་།
རྡ་རམ་ས་ལའི་འོས་བསྡུའི་དེབ་བསྐྱེལ་བྱེད་མཁན་ཁྱད་མཚར་ཞིག་འདུག དེབ་བསྐྱེལ་བྱེད་དུས་དངུལ་བབ་སྤྲད་ཡོད་མེད་མ་བལྟས་པར་RCགང་དུ་ཡོད། བོད་ནས་ག་དུས་སླེབས་པ་ཡིན། རྡ་རམ་ས་ལར་ག་དུས་སླེབས་པ་ཡིན། སོགས་ཆོ་མེད་མང་པོ་ལབ་སོང།
ངས་བྱས་ན་དེབ་བསྐྱེལ་བྱེད་མཁན་ལ་རྙོགས་འདྲ་ཆོ་མེད་མ་བཤད་ན་ལེགས། ངའི་འཁྲིས་ཀྱི་མི་དེ་ཁོང་ཁྲོ་ཏོག་ཙམ་ལངས་ནས་ཕྱིར་ང་ལ་༼དེབ་བསྐྱེལ་བྱེད་ན་ང་ཚོ་ལ་ཁེ་བཟང་གང་ཡོད་རེད༽ དེབ་བསྐྱེལ་བྱེད་སྟངས་ལ་བལྟས་ན་ཧ་ལམ་ཁེ་བཟང་ཆེན་པོ་ཞིག་ཡོད་པ་ལྟ་བུ་བྱེད་ཀྱི་འདུག
དེབ་བསྐྱེལ་བྱེད་སྐབས་ལས་སླ་པོ་དགོས་པ་དེ་ངའི་བསམ་ཚུལ་ཡིན།
ཞུ་རྒྱུ་ཞིག་ལ། དེབ་བསྐྱེལ་བྱས་པའི་མིའི་ཐོ་གཞུང་རྣམས་ད་དུང་གློག་ཀླད་ནང་དུ་འཇུག་བསྒྲིགས་བྱས་མིན་འདུག། དེའི་སྐབས་དུས་རབས་བཅུ་དགུའི་ནང་ལ་དེབ་བསྐྱེལ་བྱེད་ཀྱི་ཡོད་པ་འདྲ་པོ་འདུག།
ད་དུང་འགའ་ཤས་ཀྱིས་RCཨང་གྲངས་རྫུན་མ་སྤྲད་སོང་ཡང་དེབ་བསྐྱེལ་བྱེད་མཁན་དེས་གང་ཡང་ཤེས་ཀྱི་མིན་འདུག། རྗེས་སུ་བདེ་དོན་ལས་ཁུངས་ནས་གླ་ཆ་འཕར་མ་སྤྲད་མི་དགོས་པར་བདེ་དོན་གྱི་ཁ་ལོ་བ་དེ་དེབ་བསྐྱེལ་བྱེད་མཁན་ལ་བཞག་པ་གཞི་ནས་ཤེས་བྱུང།