བོད་ཀྱི་དུས་བབ་ནས་དྲངས།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བ་མཇུག་བསྒྲིལ་བ་དང་བསྟུན་ཏེ། སྤྱི་འཐུས་ཚོགས་གཙོ་མཆོག་ལ་ད་རེབ་གྲོས་ཚོགས་ཀྱི་ལས་དོན་གཙོ་བོ་སྔོན་རྩིས་གཏན་འབེབས་དང་། དེ་མིན་གྱི་གྲོས་ཚོགས་ནང་བྱུང་བའི་གནད་དོན་ཆེ་ཁག་ཐོག་བཅར་འདྲི་ཞུས།
དྲི་བ། ཉེ་ལམ་གྲོལ་མ་ཐག་པའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་གྲོས་ཚོཊ་ཚོགས་དུས་དགུ་པའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ ༢༠༡༥ ནས་ ༢༠༡༦ བར་གྱི་སྔོན་རྩིས་གཏན་འབེབས་གནས་སྟངས་གང་འདྲ་བྱུང་ཡོད་དམ།
ལན། སྔོན་རྩིས་གཏན་འབེབས་ཀྱི་བརྒྱུད་རིམ་དག་ཚང་མས་མཁྱེན་མཁྱེན་པ་རེད། དབུས་ལས་ཁུངས་དང་མ་ལག་ཚོས་སོ་སོས་སྔོན་རྩིས་ཤིག་བཟོས་ཏེ། དབུས་ལས་ཁུངས་ལ་འབུལ་རྒྱུ་དང་དབུས་ལས་ཁུངས་ནས་དཔལ་འབྱོར་ལས་ཁུངས་དང་། དཔལ་འབྱོར་ལས་ཁུངས་ནས་བཀའ་ཤག བཀའ་ཤག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙུགས་པའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་ལ་ཕུལ་ཏེ། ཚོགས་ཆུང་གིས་ཞིབ་འཇུག་བྱས་རྗེས། གྲོས་ཚོགས་ནང་འཁྱེར་ཏེ་རྩིས་མགོ་རེ་རེ་བྱས་ནས་གཏན་འབེབས་བྱེད་ཀྱི་ཡོད་པ་རེད། ཁ་སྔོན་ངས་མཇུག་བསྡོམས་གཏམ་བཤད་ནང་བཤད་པ་ལྟར། སྔོན་མ་དྲུག་ཅུ་རེ་གྲངས་དང་བདུན་ཅུ་དོན་གྲངས་སྐབས་འབུམ་ཁ་ཤས་ཤིག་གིས་འདང་གི་ཡོད་པ་རེད། དེ་ནས་ལོ་ལྔ་ཚན་ལྔ་ཚན་ནས་ལྡབ་ལྡབ་བྱས་ནས་འཕར་འགྲོ་གི་ཡོད་པ་རེད། དེང་སང་ཡུལ་ཐང་འཕར་བར་བརྟེན་ནས་དངུལ་གྱི་རིན་ཐང་ཆུང་དུ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་དག་ཀྱང་རྒྱ་ཆེ་རུ་འགྲོ་བཞིན་ཡོད་སྟབས། འགྲོ་སོང་གང་ལ་གང་འཚམ་ཆེན་པོ་ཞིག་འགྲོ་བསྡད་ཀྱི་ཡོད་པ་རེད། ༢༠༡༥ ནས་ ༢༠༡༦ ལོའི་གཏོང་ལེན་ཁྲིམས་ཡིག་ནང་གསལ་བ་ལྟར་ན། བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་གྲོན་དང་དམིགས་བསལ། དེ་བཞིན་ཟུར་བཀོལ་དང་ས་གནས་འཐུས་ཚོགས་མེད་པའི་ས་གནས་ཁག་ལྔ་ཡི་སྔོན་རྩིས་དང་། འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གསུམ་བཅས་ཡར་མར་ཁྱོན་བསྡོམས་རྩིས་ན་ས་ཡ་ ༢༠༦༧ ཙམ་འགྲོ་སོང་འགྲོ་གི་ཡོད་པ་ལྟར། དེ་ལ་ཕན་པའི་ས་ཡ་ ༡༩༤༥ བྱུང་ཡོད་ཀྱང་། ས་ཡ་ ༡༢༢ ཁ་མ་འདུམ་པའི་གནས་སྟངས་ཆགས་ཡོད་པ་རེད།
དྲི་བ། འདས་པའི་ལོ་ཤས་གོང་ནས་བཟུང་སྔོན་རྩིས་གཏན་འབེབས་སྐབས་བྱུང་སོང་ཁ་འདུམ་དང་མ་འདུམ་གྱི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་དམ།
ལན། ཁ་སྔོན་གྲོས་ཚོགས་ནང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསལ་བཤད་གནང་བ་ལྟར། དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་གཞི་རྒྱ་ཆེ་རུ་ཕྱིན་ཡོད་པ་མ་ཟད། དཔལ་འབྱོར་འདུ་འགོད་མང་དུ་ཕྱིན་ཡོད་པའི་གནས་སྟངས་གཅིག་འགྲེལ་བཤད་བསྐྱོན་ཡོད་པ་རེད། ཡིན་ཡང་ད་ལྟ་ང་ཚོས་སྔོན་རྩིས་ལ་ལྟ་སྐབས་སྔོན་རྩིས་འབུལ་ཕྱོགས་ཀྱི་བརྒྱུད་རིམ་ཐོག་གང་ལ་གང་འཚམ་ཞིག་འགྱུར་བ་ཕྱིན་ཡོད་པ་རེད། དཔེར་ན། ང་ཐོག་མར་སྤྱི་འཐུས་ལ་སླེབ་སྐབས་སྐབས་བཅུ་གཉིས་པའི་སྤྱི་འཐུས་རེད། སྐབས་དེ་དུས་ང་ཚོས་སྔོན་རྩིས་ཁ་འདུམ་དང་མ་འདུམ་ཟེར་བ་དེ། རྒྱུན་གྲོན་དང་དམིགས་བསལ་ཐོག་ལ་དངུལ་ཡོང་འཆར་ག་རེ་ཡོད་མེད་དང་། འགྲོ་སོང་གཏོང་འཆར་ག་རེ་ཡོད་མེད་བལྟ་གི་ཡོད་པ་རེད། ང་ཚོ་མི་ཞིག་གི་གོས་སྦ་ཁུག་དང་སྟོད་ཐུང་གི་སྦ་ཁུག་ལྟ་བུར་ཆ་བཞག་སྟེ། སྟོད་ཐུང་གི་སྦ་ཁུག་ནང་དངུལ་གང་ཡོད་པ་དག་ལ་གྲོས་ཚོགས་ཀྱིས་བཀའ་འཁྲོལ་སྤྲོད་རྒྱུ་དང་། གོས་ཐུང་གི་སྦ་ཁུག་ནང་དངུལ་དེ་ལས་མང་བ་ཡོད་པ་དག་ལ་གྲོས་ཚོགས་ཀྱི་ལག་པ་གང་ཡང་འཆིང་རྒྱུ་མེད་པའི་གནས་སྟངས་དེ་བཀའ་ཤག་སྐབས་ ༡༢ པ་ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པར་ཕེབས་རྗེས་འགྱུར་བ་ཞིག་ཕྱིན་ཏེ། རྒྱུན་གྲོན་དང་དམིགས་བསལ། ཟུར་བཀོལ་བཅས་གྲོས་ཚོགས་ཀྱིས་སྟངས་འཛིན་འོག་བསླེབས་པ་རེད། ད་ལྟའི་ཆར་དཔེར་ན་ ༢༠༡༥ ནས་ ༢༠༡༦ ལོའི་གཏོང་ལེན་ཁྲིམས་ཡིག་ནང་རྒྱུན་གྲོན་དང་དམིགས་བསལ་ཆེད་ཚུར་རོགས་དངུལ་ས་ཡ་ ༥༡༨ ལྷག་བྱུང་ཡོད་པ་ལྟར། འགྲོ་སོང་ཡང་ས་ཡ་ ༥༡༨ ལྷག་འགྲོ་གི་ཡོད་པ་ཁ་འདུམ་པའི་གནས་སྟངས་ཆགས་ཡོད་ཀྱང་། ༢༠༡༥ ནས་ ༢༠༡༦ ལོའི་ཁྱོན་བསྡོམས་འགྲོ་གྲོན་ས་ཡ་ ༢༠༦༧ འགྲོ་གི་ཡོད་ཁོངས་ནས་ཚུར་ཡོང་འཆར་དེ་ས་ཡ་ ༡༩༤༥ མ་གཏོགས་མེད་སྟབས། ས་ཡ་ ༡༢༢ ཁ་འདུམ་གྱི་ཡོད་པ་མ་རེད། ས་ཡ་ ༡༢༢ ཁ་མ་འདུམ་པ་དེས་རང་བཞིན་གྱིས་ཟུར་བཀོལ་ནས་ཉུང་དུ་འགྲོ་བཞིན་ཡོད་པ་གསལ་པོ་ཡིན་སྟབས། ད་ལྟ་བཀའ་ཤག་གིས་ཐབས་ཤེས་གནང་དགོས་པ་དེའི་ཐོག་ལ་ད་དུང་ཐབས་ཤེས་འཕར་མ་དེ་ འདྲ་གནང་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
དྲི་བ། ལོ་ཤས་གོང་ནས་བཟུང་བཙན་བྱོལ་བོད་མིའི་གཏན་འཇགས་མ་དངུལ་འཕར་བཞིན་ཡོད་ཀྱང་། ལྷན་ཁང་ཁག་གི་ཟུར་བཀོལ་མ་དངུལ་ཉུང་དུ་འགྲོ་བཞིན་ཡོད་པ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་པ་དང་། མ་འོངས་པར་ཉེན་ཁ་ཞིག་ལ་མཐོང་གི་ཡོད་དམ།
ལན། སྤྱི་ཡོངས་ནས་བཤད་ན་༧གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་བར་བོད་མིའི་སྒྲིག་འཛུགས་ལ་ལོ་གཅིག་ལ་འགྲོ་སོང་ག་ཚོད་འགྲོ་བཞིན་ཡོད་ཀྱང་། འདང་ཙམ་འདང་ཙམ་དང་ཁ་འདུམ་ཙམ་འདུམ་ཙམ་ཞིག་ཡོང་གི་ཡོད་པ་རེད། དཔེར་ན། ད་ལྟ་ང་ཚོས་ ༢༠༡༥ ནས་ ༢༠༡༦ ལོར་ས་ཡ་ ༡༢༢ ལབ་སྐབས་འབུམ་ ༡༢༢༠ རེད། ཨ་སྒོར་ལ་ཆ་བཞག་ན་ས་ཡ་ ༢ ཙམ་ཞིག་རེད། དེ་ཁ་མ་འདུམ་པའི་གནས་སྟངས་ཤོད་ཀྱི་ཡོད་ཀྱང་། ལོ་འདིའི་ནང་ལ་འགྲོ་སོང་བཏང་མི་དགོས་པ་ཆགས་ནས་དངུལ་ལྷག་མ་དེ་འདྲ་བྱུང་སྟེ། བྱུང་སོང་ཁ་འདུམ་པའི་གནས་སྟངས་དེ་འདྲ་ཡོང་སྲིད་པ་ཞིག་རེད། ཡིན་ཡང་འཛིན་སྐྱོང་ངོས་ནས་ག་དུས་ཡིན་ཡང་གཟབ་གཟབ་བྱེད་དགོས་པ་ཞིག་ལ། ཟུར་བཀོལ་ནང་དངུལ་ག་ཚོད་ཅིག་ཐབས་ཤེས་བྱེད་ཐུབ་པ་དེ་ལས་འཆར་དེ་རང་ཐོག་གཏོང་རྒྱུ་དང་། མ་དངུལ་གང་ཡོད་པ་དེ་ཉར་ཚགས་ཐུབ་རྒྱུའི་གནས་སྟངས་དེ་གཟིགས་དགོས་པ་ཆགས་ཡོད། ཟུར་བཀོལ་སྟོང་པ་ཆགས་པའི་ཉིན་ནས་བཟུང་དངུལ་འཕར་མ་ག་ཚོད་ཕྱིན་ཡང་བང་མཛོད་ནས་གཏོང་རྒྱུ་ལས་མེད་སྟབས། ཐུགས་བསམ་བཞེས་དགོས་པ་ཆགས་ཡོད། ད་ལྟ་༧གོང་ས་མཆོག་ཞལ་བཞུགས་སྐབས་ང་ཚོར་གཏན་གཏན་དཀའ་ངལ་འཕྲད་གཏོགས་ཁ་བོ་མིན་ཡང་། ང་ཚོའི་འཐབ་རྩོད་དེ་མུ་མཐུད་གནས་དགོས་པ་ཞིག་ཡིན་སྟབས། ང་ཚོ་བོད་ལ་མགྱོགས་པོར་ལོག་མ་ཐུབ་ན། ཟུར་བཀོལ་གནས་སྟངས་ཡག་པོ་དགོས་པ་མ་ཟད། གཏན་འཇགས་མ་དངུལ་ཡང་མང་དུ་གཏོང་དགོས་ལ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་དངུལ་གྱི་གནས་སྟངས་དག་ཀྱང་ཡག་པོ་གནས་དགོས་པ་གལ་ཆེན་པོ་ཆགས་ཡོད།
དྲི་བ། ད་རེབ་གྲོས་ཚོགས་ནང་སྤྱི་འཐུས་མང་པོ་ཞིག་གིས་བཀའ་ཤག་ལ་བོད་རྒྱ་འབྲེལ་མོལ་ཐོག་ཚ་འདྲི་གནང་སོང་། དེར་སྲིད་སྐྱོང་མཆོག་གིས་བཀའ་ལན་ཞིག་གནང་སོང་ཡང་འཆར་གཞི་གསར་པ་དང་། གནས་སྟངས་ཁ་གསལ་མེད་པའི་ཐད་ངོས་འཛིན་གང་འདྲ་ཡོད་དམ།
ལན། སྤྱིར་བཏང་འཛིན་སྐྱོང་བཀའ་ཤག་གིས་གསལ་བཤད་གནང་སྐབས་ཕལ་ཆེར་གསུངས་སོང་བསམ་གྱི་འདུག གལ་སྲིད་བོད་རྒྱ་འབྲེལ་མོལ་གྱི་གནད་དོན་འགྲོ་བསྡད་ཡོད་ན། ཁ་གསལ་པོ་ཞེ་པོ་ཞིག་བཟོས་པ་ཡིན་ན། བོད་རྒྱ་འབྲེལ་མོལ་ལ་འགོག་རྐྱེན་འཕྲད་སྲིད་པ་ཞིག་རེད། ཁ་སྔོན་གྲོས་ཚོགས་ནང་འཛིན་སྐྱོང་གིས་བཀའ་ལན་གནང་སྐབས་བོད་རྒྱ་འབྲེལ་མོལ་འགྲོ་གི་ཡོད་མེད་ཀྱི་གནས་སྟངས་གསལ་པོ་ཞིག་གསུངས་ཐུབ་མ་སོང་བསམ་པ་ཞིག་བྱུང་སོང་། ད་ལྟ་དེ་དངོས་སུ་འགྲོ་གི་ཡོད་པ་ཚོགས་གཙོ་གཞོན་དང་། སྤྱི་འཐུས་ལྷན་ཁང་གིས་ཤེས་ཀྱི་མེད། གང་ཡིན་ཟེར་ན། དེའི་འགན་ཆ་ཚང་འཛིན་སྐྱོང་ལ་ཡོད་པ་དང་། ལྷག་པར་དུ་སྲིད་སྐྱོང་དང་བོད་རྒྱ་འབྲེལ་མོལ་ཚོགས་ཆུང་ལ་ཡོད་སྟབས། དེ་ཁ་གསལ་པོ་བཟོ་དགོས་ཀྱི་ཡོད་དང་མེད་འཛིན་སྐྱོང་རང་གི་ཕྱག་ལ་ཡོད་སྟབས། ཚོགས་གཙོས་དེའི་སྒང་ལ་དམིགས་བསལ་འདི་དང་འདི་ཞེས་བཤད་བསྡད་ན་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད།
དྲི་བ། ད་རེབ་གྲོས་ཚོགས་ནང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དྲུག་པའི་སྙན་ཐོ་སྙན་གསེང་ཞུས་པའི་ནང་སྡེ་ཚན་ཁ་ཤས་ཤིག་གི་རྩིས་ཁྲའི་གནས་སྟངས་སྐྱོ་བོ་ཡིན་པ་དེའི་ཐད། མ་འོངས་པར་ཐག་གཅོད་བྱེད་སྟངས་ཀྱི་ལམ་ཁ་གང་དག་ཡོད།
ལན། ད་ཐེངས་གྲོས་ཚོགས་ནང་གནས་ཚུལ་ཡོང་བསྡད་པ་དེ། དེ་སྔོན་སྡེ་ཚན་ཁག་ ༣༢ ཙམ་ཞིག་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་གཟིགས་མ་ཐུབ་པའམ། ཡང་ན་དུས་ཐོག་རྩིས་ཞིབ་མ་ཟིན་པ་སོགས་ལོ་མང་བསགས་པའི་སྙན་ཐོ་མང་པོ་ཆགས་ཡོད་པ་མ་ཟད། སྙན་ཐོའི་ནང་སྐྱོན་གནད་ཆེ་ཆུང་ལ་མ་ལྟོས་པར་དོན་གནད་མང་པོ་ཞིག་ཡོང་གི་ཡོད་པ་ རེད། ད་ལྟའི་གནས་སྐབས་ལ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་དྲུག་པའི་སྙན་ཐོ་དེར་ཐག་གཅོད་ཟིན་པ་དེ་ཟིན་པ་ཡིན་ཡང་། ད་དུང་རྩིས་དང་ལས་དོན་བྱེད་ཕྱོགས་ཐོག་གཙང་མ་མ་ཆགས་པ་དེར། བཀའ་ཤག་ངོས་ནས་སྡེ་ཚན་སོ་སོར་ཕར་དྲི་བ་བཏང་ནས་གཙང་མ་བཟོ་དགོས་པ་བཟོས་ནས་སྙན་ཐོ་ཞིག་སྤྱི་འཐུས་རྒྱུན་ལས་ལ་ཡོང་གི་རེད། དེ་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་གཙང་མ་མ་ཆགས་པ་དེ་དག་ལ་རེ་རེ་བཞིན་དྲི་བ་བཏང་སྟེ། གཙང་མ་བཟོ་རྒྱུའི་ལམ་ཁ་ག་རེ་ཡོད་པ་ཚང་མ་བཟོས་ཏེ། གྲོས་ཚོགས་ཚོགས་དུས་རྗེས་མ་དེར་སྤྱི་འཐུས་རྒྱུན་ལས་ཀྱི་སྙན་ཐོ་ཡོང་གི་རེད། དེའི་སྐབས་གཙང་མ་ཆགས་པ་དང་མ་ཆགས་པ་གང་ལྟར་ཡང་དེ་འདྲ་བྱས་ནས་འགྲོ་དགོས་པ་ཆགས་ཡོད་སྟབས། ག་ཚོད་ཅིག་གིས་རྩིས་ཀྱི་རྙོག་ཁྲ་དེ་ཡུན་རིང་ལྷག་པ་ཡིན་ནའང་། དེ་ཚོད་ཀྱིས་གཙང་མ་བཟོ་རྒྱུར་དཀའ་ལས་ཁག་པོ་ཡོད་པ་རེད། སྤྱི་འཐུས་ལྷན་ཚོགས་ངོས་ནས་མང་ཚོགས་རྩིས་ཁྲ་ཚོགས་ཆུང་དེ་ལོ་ལྟར་འཛུགས་རྒྱུའི་འབད་བརྩོན་བྱས་ཏེ། ད་ཐེངས་ཚོགས་ཐེངས་དགུ་པ་འདིའི་ཐོག་ལའང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་སྐབས་བདུན་པ་དེ་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་པ་རེད།
དྲི་བ། ད་རེབ་གྲོས་ཚོགས་ནང་ཆེས་མཐོའི་སྨན་པའི་ལྷན་ཚོགས་སྐོར་ལ་སྤྱི་འཐུས་རྒྱུན་ལས་ནས་ཆེད་འཛུགས་ཚོགས་ཆུང་བཙུགས་པའི་སྙན་ཐོ་དང་འབྲེལ་ནས། བོད་སྨན་དེ་རྒྱ་གར་གཞུང་གི་སྨན་པའི་ལྷན་ཚོགས་འོག་(གསོ་བ་རིག་པ།)ཞེས་པའི་མིང་ཐོག་ནས་དེབ་སྐྱེལ་བྱས་པ་དེ་འགྲིག་ཡོད་མེད་ཀྱི་བཀའ་མོལ་ཞིག་བྱུང་སོང་། གནད་དོན་དེར་ཚོགས་གཙོ་མཆོག་གིས་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།
ལན། གསོ་བ་རིག་པ་ལབ་ཀྱི་ཡོད་ནའང་རེད། བོད་ཀྱི་གསོ་བ་རིག་པ་ལབ་ཀྱི་ཡོད་ནའང་རེད། གང་ལྟར་གསོ་བ་རིག་པ་ཞེས་པ་དེ་བོད་པའི་ཚིག་རེད། དབྱིན་ཇིའི་ཐོག་བསྒྱུར་བ་ཡིན་ཡང་བོད་སྨན་ (Tibetan Medicine) ཞེས་པ་ལས་བསྒྱུར་ས་གཞན་ཡོད་པ་མ་རེད། ཐ་སྙད་འདོགས་སྟངས་དེ་གནས་སྟངས་ཤིག་རེད། དེའི་བརྒྱུད་རིམ་འགྲོ་དགོས་པ་དེ་འགྲོ་ཚར་བ་རེད། རྒྱ་ཆེ་ས་ནས་བཤད་སྐབས་གསོ་བ་རིག་པ་ཟེར་བ་དེ་རྒྱ་གར་གཞུང་གིས་ཨ་ཡུ་ཤི་ཟེར་བ་དེའི་འོག་ལ་ངོས་འཛིན་བྱས་ཡོད་སྟབས། མ་འོངས་པར་འགྲོ་ལུགས་འགྲོ་སྟངས་གང་འདྲ་ཆགས་ཀྱི་རེད། ལག་འཁྱེར་དེ་ཚོ་སུས་སྤྲོད་ཀྱི་རེད། སྨན་གྱི་བསླབ་གཞི་དེ་ཚོ་གང་འདྲ་བྱས་ནས་བཟོ་གི་རེད། དེ་ཚོ་ཚང་མ་རྒྱ་གར་གཞུང་ཡིན་ཡང་། སྨན་རྩིས་ཁང་ལ་བརྟེན་བསྡད་ཡོད་སྟབས། རྒྱ་གར་གཞུང་གིས་དེར་ངོས་འཛིན་དང་མཐུན་རྐྱེན་གང་འདྲ་སྦྱོར་གྱི་རེད། མ་འོངས་པའི་གནས་སྟངས་ག་རེ་ཆགས་ཀྱི་རེད། དེའི་ཐོག་ལ་ཁ་གསལ་པོ་བཟོ་དགོས་པའི་གནས་སྟངས་ཆགས་ཡོད་སྟབས། དེ་སྔོན་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་ལ་སྒྲིག་གཞི་བསྐྱར་བཅོས་ཕེབས་ཡོད་པ་རེད། སྒྲིག་གཞི་བསྐྱར་བཅོས་དེར་གྲོས་ཚོགས་ངོས་ནས་ཡང་བསྐྱར་ཞིབ་ཚགས་བྱས་ནས་གཟིགས་དགོས་ཀྱི་འདུག་ཟེར་ནས་ཚོགས་ཆུང་ཞིག་བཙུགས་པ་རེད། ཚོགས་ཆུང་དེའི་སྙན་ཐོ་གྲོས་ཚོགས་ནང་བསླེབས་ཡོད་སྟབས། དེའི་སྔོན་ལ་སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་ལ་བཀའ་མོལ་གསུངས་པ་གཞིར་བཞག་ནས་ཚོགས་གཙོས་འཕྲོད་བསྟེན་བཀའ་བློན་མཆོག་ལ་ལམ་སྟོན་གསལ་པོ་ཞུས་ཡོད་ཀྱང་། ལམ་སྟོན་དེ་གཞིར་བཟུང་ལས་དོན་གནང་ཐུབ་མེད་སྟབས། ད་ལན་སྤྱི་འཐུས་ལྷན་ཁང་ངོས་ནས་ཚོགས་ཆུང་ཞིག་བཙུགས་ཏེ། དེའི་ནང་ལ་ཡིན་གཅིག་མིན་གཅིག་ཚོགས་མི་སྤྱི་འཐུས་ཡིན་དགོས་པ་མ་རེད། ཚོགས་མི་ཁྱད་ལས་པ་དེ་འདྲ་ཡོད་ནའང་འགྲིག་གི་ཡོད་པ་རེད། ཚོགས་ཆུང་དེ་བཙུགས་ནས་གནད་དོན་དེ་གསལ་པོ་ཆགས་རྗེས། ང་ཚོས་སྒྲིག་གཞི་ནང་ལ་ག་རེ་བཟོ་དགོས་འདུག ང་ཚོའི་བཅའ་ཁྲིམས་དེ་བཙན་བྱོལ་བོད་མི་རྣམས་ལ་ཁྱབ་པ་ཡིན་ལབ་ཡོད་སྟབས། ཧི་མ་ལ་ཡའི་རི་རྒྱུད་དེ་ཚོ་ང་ཚོའི་སྒྲིག་གཞིའི་ནང་བཅུག་པ་ཡིན་ན། ཏག་ཏག་བསྡད་མིན་སོགས་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད་སྟབས། གནད་དོན་དེ་དག་གསལ་པོ་ཡོང་ཆེད་ཚོགས་ཆུང་ཞིག་བཙུགས་ནས་ཚོཊ་ཆུང་དེའི་སྙན་ཐོ་སླེབ་རྗེས། གྲོས་ཚོཊ་ཀྱིས་ག་རེ་གནང་དགོས་མིན་གཟིགས་དགོས་པ་ཞིག་རེད།
དྲི་བ། སྦེལ་ཀོབ་འཚོ་བྱེད་སྨན་ཁང་གི་རྙོག་གླེང་དང་འཕྲོད་བསྟེན་བཀའ་བློན་གྱི་ཕྱག་ལས་གནང་སྟངས་ཐོག་གྲོས་ཚོགས་ཀྱིས་གྲོས་ཆོད་ཅིག་བཞག་པ་དེ་མཐའ་མའི་ཐག་གཅོད་རེད་དམ།
ལན། འཚོ་བྱེད་ཁང་གསར་སྨན་ཁང་དང་འབྲེལ་བའི་མཐའ་མའི་ཐག་གཅོད་དེ། བཀའ་ཤག་གིས་བཅད་ཁྲ་གང་བཏང་བ་དེ་རང་ཆགས་ཡོད་པ་རེད། གྲོས་ཚོགས་ནང་ལ་གླེང་སློང་ཡོང་དགོས་པའི་གཞི་རྩ་འདྲ་པོ་གང་རེད་ཟེར་ན། འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཐོག་ནས་བྱུང་བ་ཞིག་ཡིན་སྟབས། སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་བཙུགས་པའི་སྙན་ཐོ་དེ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་པ་རེད། སྤྱི་འཐུས་རྒྱུན་ལས་ཀྱིས་ཚོགས་ཆུང་གི་སྙན་ཐོར་གང་ཡོད་པ་དེ་འགྲིག་མི་འདུག འདི་འདྲ་ཞིག་དགོས་ཀྱི་འདུག་ཟེར་ནས་བཀའ་ཤག་དང་སྤྱི་འཐུས་སུས་ཀྱང་གསུང་མཁན་བྱུང་ཡོད་པ་མ་རེད། ཡིན་ཡང་སྤྱི་འཐུས་རྣམ་པའི་གསུང་འགྲོས་དང་། བཀའ་ཤག་གིས་དགོངས་པ་ག་རེ་ཡོད་པ་དེ་ཚོར་གཞི་བཞག་སྐབས། གང་ལྟར་བཀའ་ཤག་གིས་འཕྲོད་བསྟེན་བཀའ་བློན་ལ་ཉེན་བརྡ་ཞིག་བཏང་ཡོད་པ་རེད། ཉེན་བརྡ་དེ་བཏང་པ་བརྒྱུད་མ་འོངས་པར་འཕྲོད་བསྟེན་བཀའ་བློན་མཆོག་གི་ཕྱག་ལས་ གནང་ཕྱོགས་ཐོག་ལ་ཁོ་རང་གིས་དགོངས་པ་བཞེས་དགོས་པ་ཞིག་རེད། ཡིན་ཡང་རྒྱ་ཆེ་ནས་ག་རེ་ཧ་གོ་དགོས་པ་རེད་ཟེར་ན། དབུས་དང་ས་གནས་ཀྱི་སྣེ་འཁྲིད་མཁན་སུ་ཡིན་ཡང་སྤྱི་པའི་ལས་དོན་བྱེད་སྐབས་ཚགས་ཚུད་པོ་ཡོང་དགོས་པ་གོ་བརྡ་སྤྲོད་རྒྱུ་གལ་ཆེ་ཤོས་ཆགས་ཡོད་སྟབས། མཐའ་མའི་ཐག་གཅོད་དེ་ཁ་སྔོན་གྲོས་ཆོད་བཞག་པ་དེ་རང་ཆགས་ཡོད་པ་རེད།
དྲི་བ། ད་རེབ་གྲོས་ཚོགས་ནང་ཚོགས་གཙོ་མཆོག་ལ་ཉེས་འཛུགས་ཀྱི་གནད་དོན་ཞིག་བྱུང་སྟེ་ཚོགས་གཙོས་དགོངས་པ་ཞུས་པའི་གནས་ཚུལ་ཞིག་བྱུང་ཡོད། དེའི་རྗེས་སྤྱི་འཐུས་ནང་ཁུལ་འཛོམས་ཏེ་ཐག་གཅོད་གང་འདྲ་གནང་ཡོད་དམ།
ལན། སྤྱི་འཐུས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་ཚོགས་གཙོ་བཅར་མེད། བཅར་མི་དགོས་པའི་རྒྱུ་མཚན་ནི་སྤྱི་འཐུས་རྣམ་པས་ག་རེ་གསུང་རྒྱུ་ཡོད་ཀྱང་ལྷུག་པོ་བྱས་ནས་གསུང་ཐུབ་ན་བསམ་པ་རེད། ཁོ་ཚོའི་ནང་ལོགས་སུ་བསམ་ཚུལ་མི་འདྲ་བ་གསུང་མཁན་བྱུང་ཡོད་ཀྱང་མང་ཆེ་བས་ཚོགས་གཙོ་དང་སྐྱོན་འཛུགས་བྱེད་མཁན་བར་གོ་བསྡུར་བྱས་ནས་དགོངས་པ་བཞེས་དགོས་པ་ཆགས་ཡོད་སྐོར་གསུངས་འདུག ངས་ཚོགས་གཙོ་དང་སྐྱོན་འཛུགས་བྱེད་མཁན་བར་སྐད་ཆ་ཤོད་དགོས་པའི་གནས་སྟངས་དེ་འདྲ་མཐོང་མ་སོང་། ད་རེབ་སྤྱི་འཐུས་ཤིག་གིས་བཀའ་མོལ་གནང་བ་དེ་ཇི་ལྟར་བྱུང་བ་རེད་ཟེར་ན། ༢༠༠༣ ལོའི་ཕྱི་ཟླ་ ༣ པའི་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་ང་སྤེན་པ་ཚེ་རིང་བཀའ་བློན་གྱི་འོས་གཞིར་བཏོན་པ་རེད། དེའི་སྐབས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་སྤེན་པ་ཚེ་རིང་གིས་མི་བསད་པ་དང་རྐུན་མ་བརྒྱབ་ཡོད་རེད་ཟེར་ནས་གཞི་མེད་སྐྱོན་འཛུགས་བྱས་པ་རེད། སྐབས་དེར་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཐོག་ནས་ང་ལ་གསལ་བཤད་བྱེད་རྒྱུའི་ལམ་ཁ་མེད་སྟབས། ༢༠༠༣ ལོའི་ཟླ་ ༩ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ངས་སྤྱི་འཐུས་སྒེར་གྱི་ངོ་བོའི་ཐོག་ནས་གསལ་བཤད་བྱས་ཡོད། ངས་གསལ་བཤད་བྱས་རྗེས་སྐྱོན་འཛུགས་བྱེད་མཁན་གྱི་སྤྱི་འཐུས་དེས་དེ་མ་རེད་ལབ་ཡོད་པ་མ་རེད། ང་ཚོའི་བཅའ་ཁྲིམས་དོན་ཚན་ ༤༦ ཡིན་པ་ཡོད། དེའི་ནང་གྲོས་ཚོགས་ནང་སྤྱི་འཐུས་སུ་ཞིག་གིས་གླེང་སློང་གང་འདྲ་ཞིག་བྱས་ཀྱང་ཁྲིམས་ལ་གཏུག་མི་ཆོག་ཟེར་ནས་བཀོད་ཡོད་པ་རེད། གནས་སྟངས་དེའི་འོག་ནས་ཁོ་རང་གིས་ཁེ་ཕན་བླངས་ནས་གསུངས་པ་རེད། ཁོ་རང་གི་སྐད་ཆ་དེའི་རྒྱབ་ལྗོངས་སྐུ་ཞབས་བཀའ་རྟགས་རིན་པོ་ཆེ་གསུང་གི་ཡོད་པ་རེད། སྐུ་ཞབས་བཀའ་རྟགས་རིན་པོ་ཆེ་ང་རང་སྒེར་ལ་ཆ་མཚོན་ན་བཀའ་དྲིན་ཆེན་པོ་ཞེ་དྲགས་ཡིན་པ་ངས་གྲོས་ཚོགས་ནང་གསལ་བཤད་ཞུས་ཡོད། རིན་པོ་ཆེ་མཆོག་ལ་སྙུང་གཞི་མང་པོ་ཡོད་པ་རེད། གཅིན་སྙིའི་ན་ཚ་དང་སྐུ་གཟུགས་ལྗིད་ཁོག་ཆེ་དྲགས་པ་སོགས་ཀྱི་གནས་སྟངས་ཡོད་པ་མ་ཟད། སྙིང་གི་ན་ཚ་ཡང་ཡོད་པ་རེད། སྐབས་རེར་ནད་གཞི་ཡོང་སྐབས་ཆུ་ཚོད་གཉིས་ཙམ་རིང་འཁྲུལ་སྣང་ནང་ཕེབས་ཀྱི་ཡོད་པ་སོགས་ཀྱི་ནད་གཞི་སྔོན་མ་ནས་ཡོད་པ་མ་ཟད། སྨན་ཁང་གི་ཛ་དྲག་སྨན་བཅོས་ཁང་ (ICU) ནང་ཕལ་ཆེར་ཟླ་གཅིག་ཡས་མས་ཤིག་བཞུགས་དགོས་ཐུག་ཡོད་པ་རེད། དེའི་སྐབས་ངས་ཉིན་ལྟར་ཆུ་ཚོད་ ༣ པའི་ཐོག་ཁོང་ཐུག་པར་འགྲོ་བཞིན་ཡོད། རིམ་གྱིས་སྐུའི་སྙུང་གཞི་ཇེ་སྡུག་ཏུ་ཕྱིན་ཏེ་ ༡༩༩༠ ལོའི་དགའ་ལྡན་ལྔ་མཆོད་སྐབས་རིན་པོ་ཆེ་གྲོངས་པ་རེད། སྤྱི་ཚོགས་ནང་གི་མི་རེ་ཟུང་གིས་ང་ལ་ཆེད་དུ་མིང་ཤས་དེ་འདྲ་བཟོས་པ་རེད། ད་རེབ་གྲོས་ཚོགས་ནང་ཁོ་རང་གིས་སྐད་ཆ་དེ་བསྐྱར་དུ་གླེང་བ་རེད། ངས་ལངས་ཕྱོགས་ཤིག་མ་བཟུང་ན་ངོས་ལེན་བྱས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་སྟབས་གནས་ཚུལ་དེ་བྱུང་བ་རེད།
དགོངས་པ་ཞུས་པའི་གནས་ཚུལ་དེ་བྱུང་མ་ཐག་ཐའེ་ཝན་ནས་སན་ཧྥན་སི་སི་ཁཱོ་བར་གྱི་མི་མང་ཚོས་ཁ་པར་འབྱོར་ཡོང་གི་འདུག ལྷག་པར་དུ་བོད་ནང་ནས་ཐུགས་འཚབ་གནང་སྟེ་ཁ་པར་དེ་འདྲ་འབྱོར་འདུག དེ་བཞིན་སྲིད་སྐྱོང་དབུས་པའི་བཀའ་ཤག་ལྷན་རྒྱས་འདིར་ཕེབས་ནས་དགོངས་པ་མ་ཞུ་རོགས་ཞེས་གསུངས་པ་རེད། ང་རང་སྒེར་ངོས་ནས་བསམ་བློ་མང་པོ་བཏང་བ་ཡིན། གཅིག་ནས་བཀའ་རྩ་ཁྱབ་བསྒྲགས་མེད་པ་བཟོས་ཚར་བ་རེད། གལ་སྲིད་ངས་མུ་མཐུད་དུ་མཁྲེགས་འཛིན་བྱས་ཏེ། ཁོ་རང་གིས་གཙང་མ་མ་བཟོས་བར་ངས་དགོངས་ཞུ་ཕྱིར་འཐེན་མ་བྱས་ན། གྲོས་ཚོགས་མུ་མཐུད་ཚོགས་མི་འཐུབ་པའི་གནས་སྟངས་ཆགས་ན། སྔོན་རྩིས་གཏན་འབེབས་བྱེད་ཐུབ་ཀྱི་ཡོད་པ་མ་རེད། སྔོན་རྩིས་གཏན་འབེབས་བྱེད་མ་ཐུབ་ན། ཕྱི་ཟླ་ ༤ ཚེས་ ༡ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆ་ཚང་སྒོ་རྒྱག་རྒྱུ་ལས་ལམ་ཁ་གཞན་ཡོད་པ་མ་རེད། བོད་ནང་གི་ཛ་དྲག་གནས་སྟངས་དང་། མང་ཚོགས་ནང་སེམས་ཚབ་ཆེན་པོ་འབྱུང་བཞིན་ཡོད་པ། ལྷག་པར་དུ་༧གོང་ས་མཆོག་ལ་མཛད་དཀའ་བཟོས་ན་འགྲིག་གི་མེད་པ་སོགས་ལ་ང་རང་གིས་བསམ་བློ་བཏང་སྟེ་དགོངས་ཞུ་ཕྱིར་འཐེན་བྱས་པ་ཡིན། དེ་དུས་ངས་གྲོས་ཚོགས་ནང་གསལ་པོ་ཞུས་ཡོད། གྲོས་ཚོགས་ནང་བཤད་པའི་སྐད་ཆ་དག་ཁྲིམས་ལ་གཏུག་མི་ཆོག་པའི་རྒྱུ་མཚན་ལ་བརྟེན་ནས་ཁེ་ཕན་བླངས་པ་རེད། དངོས་གནས་བློ་ཁོག་ཡོད་ན། གྲོས་ཚོགས་ཕྱི་ལོགས་ལ་ཤོད་དང་། ངས་ཁྲིམས་ཁང་ག་པར་གཏུག་དགོས་ཀྱང་གཏུག་གི་ཡིན་ཞེས་ཞུས་པའི་རྒྱུ་མཚན་དེ་རེད། ད་ལྟ་ཡང་ངས་མི་བསད་པ་རེད་ཟེར་བ་དེ། མི་སུ་བསད་པ་རེད། ག་དུས་བསད་པ་རེད། གང་འདྲ་བྱས་ནས་བསད་ཡོད་མེད་ཁུངས་སྐྱེལ་དགོས་པ་མ་ཟད་གཙང་མ་བཟོ་དགོས་པ་ཞིག་ཀྱང་ཆགས་ཡོད་པ་རེད།
དྲི་བ། ཚོགས་གཙོར་ཉེས་འཛུགས་གནད་དོན་དེའི་ཐད་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་ནང་བཀའ་ཤག་གིས་ངོས་འཛིན་གསལ་བོ་དགོས་པ་ཞིག་གསུངས་འདུག དེ་ལས་གཞན་པའི་དཀར་པོ་ནག་པོ་འཁྲུན་ཐག་ཆོད་པ་ཞིག་གནང་རྒྱུའི་ལམ་ཁ་ཡོད་དམ།
ལན། སྔོན་མ་ ༢༠༠༣ ལོར་གྲོས་ཚོགས་ནང་གླེང་བའི་སྐད་ཆ་ཞིག་ད་རེབ་ཀྱང་བསྐྱར་དུ་གྲོས་ཚོགས་ནང་གླེང་ཡོད་པ་རེད། སྐད་ཆ་དེ་གླེང་ས་གྲོས་ཚོགས་ནང་ཡིན་པའི་དབང་གིས་ཁྲིམས་ཞིབ་ཁང་དང་གཞན་དག་ལ་གཏུག་རྒྱུའི་ལམ་ཁ་མེད་སྟབས། འཛིན་སྐྱོང་བཀའ་ཤག་གིས་ཐུགས་འགན་བཞེས་ཏེ་གནས་ཚུལ་ར་སྤྲོད་གསལ་བོ་ཞིག་བྱུང་ན་ཡག་པོ་ཡོང་གི་རེད། སྐྱོན་འཛུགས་བྱེད་མཁན་ལ་ཁྱེད་རང་ལ་རྒྱུ་མཚན་དང་དཔང་རྟགས་ག་རེ་ཡོད་ཟེར་ནས་སྐད་ཆ་ཞིག་འདྲི་དགོས་ཆགས་ཀྱི་ཡོད་པ་རེད། ཁོ་རང་ལ་དཔང་རྟགས་ཡོད་ལབ་ན་ཁྲིམས་ཐོག་ལ་འགྲོ་དགོས་ཆགས་ཀྱི་ཡོད་པ་རེད། དཔང་རྟགས་མེད་ལབ་ན་གནས་ཚུལ་གསལ་པོ་ཆགས་ཚར་བ་རེད། གང་ལྟར་གཙང་མ་ཞིག་མ་བཟོས་ན་ཡང་བསྐྱར་ཡང་བསྐྱར་གྲོས་ཚོགས་ནང་སླེབས་པ་ཡིན་ན། མི་བསད་པའི་ནག་ཉེས་བཙུགས་ན་ང་སྒེར་ངོས་ནས་ཀྱང་འཁུར་ཐུབ་པ་ཞིག་མ་རེད་ལ། སྤྱི་བའི་ལས་དོན་ཐོག་ལའང་གྱོང་ལས་ཁེ་ཕན་ཡོད་པ་ཞིག་མ་རེད། ང་རང་གིས་ནམ་རྒྱུན་མང་ཚོགས་ལ་བསླབ་བྱ་རྒྱག་སྐབས། རྙོག་གྲ་ཆེ་བ་ཆུང་དུ་གཏོང་དགོས་པ་དང་། ཆུང་བ་མེད་པ་བཟོ་དགོས་ཟེར་ནས་ཤོད་བཞིན་ཡོད་སྟབས། ད་རེས་ཀྱི་གནས་ཚུལ་དེ་ཡང་གསལ་བོ་བཟོས་ཏེ་མ་འོངས་པར་བསྐྱར་དུ་གླེང་མ་དགོས་པ་ཞིག་བྱུང་ན་བསམ་གྱི་འདུག དེ་བཞིན། གྲོས་ཚོགས་ནང་སྤྱི་རྒྱུ་སྒེར་བདག་བྱས་པ་རེད་ཟེར་བ་སོགས་ཀྱང་ཐེངས་མང་གླེང་ཡོད་སྟབས། དེ་ཚོའི་བརྒྱུད་རིམ་ཆ་ཚང་འཛིན་སྐྱོང་བཀའ་ཤག་གིས་མཁྱེན་གྱི་ཡོད་སྟབས། དེ་དག་ཀྱང་གསལ་བོ་ཞིག་མ་བཟོས་ན། མ་འོངས་པར་མི་སྒེར་དང་སྒེར་གྱི་གནས་ཚུལ་དེ་གྲོས་ཚོགས་ནང་གླེང་ན་སྤྱི་བར་གྱོང་ལས་ཁེ་ཕན་ཡོད་པ་མ་རེད། གཙོ་བོ་སྤྱི་བའི་ལས་དོན་ལ་དོ་ཕོག་མ་འགྲོ་བ་ཞིག་དང་སྤྱི་ཚོགས་ནང་བརྡབ་གསིག་མ་ཆགས་པ་ཞིག་ལ་དགོངས་པ་བཞེས་རྒྱུ་གལ་ཆེ་ཤོས་རེད།
དྲི་བ། ད་རེབ་གྲོས་ཚོགས་ནང་ཇོ་ནང་ཆོས་བརྒྱུད་ལ་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་མ་ཐུབ་པའི་དབང་གིས་ཇོ་ནང་པ་ཚོས་གྲོས་ཚོགས་སྒོ་ཁར་ཞུ་འབོད་ཅིག་གནང་བ་རེད། དེར་ཚོགས་གཙོས་ངོས་འཛིན་གང་འདྲ་གནང་གི་ཡོད་པ་དང་། མ་འོངས་པར་ཁོང་ཚོར་ཐོབ་ཐང་རག་པར་ཐབས་ལམ་གང་འདྲ་གནང་དགོས་སམ།
ལན། ཚོགས་གཙོའི་ཐོག་ནས་ངོས་འཛིན་འདི་ཡིན་ཟེར་ནས་ཞུ་ཐུབ་རྒྱུ་ཁག་པོ་རེད། བརྒྱུད་རིམ་ཞིག་ཕྱིན་པ་རེད། ཁོ་རང་ཚོའི་སྙན་ཞུའི་ནང་འཁོད་པ་བཞིན་ལོ་ ༡༨ གོང་སྙན་ཞུ་ཕུལ་བ་དང་ཞུ་གཏུག་ཞུས་པ་ཡིན་གསུང་བཞིན་པ་དེ་རེད། ཐོག་མར་དེ་སྤྱི་འཐུས་ལ་ཞུས་པ་རེད། སྤྱི་འཐུས་ཀྱིས་ལམ་སྟོན་ག་རེ་ཞུས་པ་རེད་ཟེར་ན། ཇོ་ནང་དེ་ཆོས་བརྒྱུད་རང་རྐྱ་འཕེར་བ་ཞིག་ཡིན་མིན་ཞིབ་འཇུག་བྱ་རྒྱུ་དེ། སྤྱི་འཐུས་ལྷན་ཚོགས་ཀྱིས་བྱས་ན་ཏག་ཏག་བསྡད་མི་འདུག དེར་ཆོས་རིག་ལས་ཁུངས་ནས་ཐུགས་འགན་བཞེས་ཏེ། ཆོས་བརྒྱུད་ཚང་མའི་སྐུ་ཚབ་ཡོད་པའི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱེད་དགོས་འདུག་ཟེར་ནས་ཆོས་རིག་ལས་ཁུངས་ལ་བཏང་བ་རེད། ཆོས་རིག་ལས་ཁུངས་ཀྱིས་ཞིབ་འཇུག་ཚོགས་ཆུང་འཛུགས་མ་ཐུབ་པར་ཡུན་རིང་ལྷག་པ་རེད། གང་ལྟར་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་ཚོགས་ཐེངས་ ༡༡ ཐོག་ལ་ཐག་གཅོད་ཅིག་གནང་ཡོད་པ་རེད། ཐག་གཅོད་གནང་སྟངས་གང་འདྲ་གནང་ཡིན་མིན་གྱི་རྒྱབ་ལྗོངས་འགྲེལ་བཤད་རྒྱག་མཁན་མི་འདྲ་བ་ཡོད་ཀྱང་། ཐག་གཅོད་དེའི་ནང་ཇོ་ནང་དེ་ལྟ་གྲུབ་གཉིས་ཀའི་ཐོག་ནས་རང་རྐྱ་འཕེར་བའི་ཆོས་བརྒྱུད་ཅིག་ཡིན་པའི་ངོས་འཛིན་གནང་ཡོད་སྟབས། སྤྱི་འཐུས་ལྷན་ཚོགས་ལ་སླར་ཡང་ཐག་གཅོད་ཀྱི་ལས་འགན་བབས་ཏེ། ང་ཚོའི་ངོས་ནས་ལས་ཀ་ག་རེ་བྱས་ཀྱང་བབ་བརླིང་བརྟན་གསུམ་ཐོག་ནས་བྱེད་དགོས་སྟབས། སྤྱི་འཐུས་རྒྱུན་ལས་ནང་ལ་གྲོས་བསྡུར་དང་བཞུགས་མོལ་ཚོགས་འདུའི་ནང་གོ་བསྡུར་བྱས་ཏེ། སྤྱི་འཐུས་ལྷན་ཚོགས་ངོས་ནས་ ༢༠༡༢ སམ་ ༢༠༡༣ གང་ཡིན་ཞིག་ནང་ཁོ་ཚོར་ཕྱག་བྲིས་ཤིག་ཕུལ་ཡོད་པ་རེད། དེའི་ནང་ལ་སྐབས་ ༡༦ གི་འོས་བསྡུའི་ལས་རིམ་མགོ་མ་ཚུགས་སྔོན་ལ་ང་ཚོས་ཐག་གཅོད་ཅིག་བྱེད་ཀྱི་ཡིན། ཞེས་བཀོད་ཡོད་པ་ལྟར། ཁ་སྔོན་ཟླ་ ༣ པའི་གྲོས་ཚོགས་དེ་འཁེལ་ཡོད་སྟབས། ང་ཚོས་བཞུགས་མོལ་ཚོགས་འདུ་ཚོགས་པ་རེད། བཞུགས་མོལ་ཚོགས་འདུ་ཚོགས་ནས་ཚང་མས་ཁ་གཅིག་གྲགས་ཐོག་ནས་གྲོས་ཚོགས་ནང་འཁྱེར་ནས་ཐག་གཅོད་བྱེད་དགོས་གསུངས་པ་རེད། དེ་དམངས་གཙོའི་ལམ་སྲོལ་ཡིན་སྟབས་ང་ཚོས་གྲོས་ཚོགས་ནང་འཁྱེར་ནས་སྤྱི་འཐུས་ ༡༧ གྱིས་རྒྱབ་སྐྱོར་ཐོབ་པ་རེད། དེར་འགག་བྱ་ག་ཚོད་བྱུང་ཡོད་མེད་ལྟ་དགོས་པ་གང་ཡང་ཆགས་ཡོད་པ་མ་རེད། བཅའ་ཁྲིམས་བསྐྱར་བཅོས་དེ་ཚོ་གཏན་འདེབས་བྱེད་སྐབས་དོན་ཚན་ཁ་ཤས་ཤིག་བཞི་ཆ་ གསུམ་ལོན་དགོས་ཀྱི་ཡོད་པ་རེད། ད་ལྟའི་དོན་ཚན་དེ་འདྲ་ཡིན་ན་རྩ་འབོར་གྱི་གསུམ་ཆ་གཉིས་ལོན་དགོས་ཀྱི་ཡོད་ སྟབས། སྤྱི་འཐུས་ ༡༢ ཀྱི་ཉུང་དྲགས་ཡོད་པ་རེད། མ་འོངས་པར་ཐོབ་དང་མ་ཐོབ་ཟེར་བ་དེ་ཇོ་ནང་བ་ཁོ་རང་ཚོས་རྒྱབ་སྐྱོར་མ་གནང་བ་ཚོར་འགྲེལ་བརྗོད་བསྐྱོན་ནས་རྒྱབ་སྐྱོར་ཐོབ་ཐབས་གནང་དགོས་པ་རེད་བསམ་གྱི་འདུག དེ་ལས་གཞན་པའི་ཐབས་ལམ་ཡོད་པ་མ་རེད།
གསར་འགོད་པ། དོན་གྲུབ།
སྤྱི་འཐུས་ཚོགས་གཙོ་མི་བསད་ནག་ཉེས་ཅན་ཞིག་ཏུ་འགྱུར་བ་བོད་མི་རིགས་ཀྱི་ཞབས་འདྲེན་ཡིན་པས་བློ་བདེ་བོ་རང་མི་འདུག དེའང་མཐར་གཏུག་ན་སྐུ་ངོ་འཇུ་ཆེན་ཐུབ་བསྟན་གྱིས་བྲིས་པའི་ཚིག་དུམ་ཞིག་ལ་བཀའ་སྤྱི་བསྟན་པ་ཡར་འཕེལ་གྱིས་ལུང་ཕུགས་གཏད་དེ་བཤད་པ་ཡིན་བཟོ་འདུག ད་དུང་ ༢༠༠༣ ལོར་ད་ལྟའི་ཚོགས་གཙོ་སྤན་ཚེ་བཀའ་བློན་དུ་འགྲོ་མ་ཐུབ་པའང་གནད་དོན་དེ་ལ་ཐུག་འདུག བཅའ་ཁྲིམས་དོན་ཚན་ ༤༦ ནང་”སྤྱི་འཐུས་སུ་ཞིག་གིས་གླེང་སློང་གང་འདྲ་ཞིག་བྱས་ཀྱང་ཁྲིམས་ལ་གཏུག་མི་ཆོག་”ཟེར་ནས་བཀོད་ཡོད་པ་རེད་ཟེར། ཅི་འདྲའི་ཁྲིམས་ཐེབ་ཆག་ཅིག དེ་ལྟར་ན་མ་འོངས་པར་སྤྱི་འཐུས་ཁྲོད་ནས་བཀའ་བློན་གསར་པ་ཞིག་འདེམས་སྐབས་སྤྱི་འཐུས་སུ་རུང་གིས་ཡུན་རིང་བསགས་པའི་སྒེར་ནད་ཅིག་བཤད་པ་ཙམ་གྱིས་བཀའ་བློན་དུ་འགྲོ་མི་ཐུབ་པའི་འགག་རྡོར་འགྱུར་བ་རེད་དམ། མདོར་རྩ་བཤད་ན། སྤེན་ཚེས་མི་བསད་ཡོད་མེད་ཀྱི་གནས་སྟངས་དེ་སྤྱི་ཚོགས་ཁྲོད་ད་དུང་གསལ་བོ་ཆགས་མི་འདུག གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོས་”སྤྱི་འཐུས་སུ་ཞིག་གིས་གླེང་སློང་གང་འདྲ་ཞིག་བྱས་ཀྱང་ཁྲིམས་ལ་གཏུག་མི་ཆོག་”པར་བརྩི་སྲུང་བྱས་ཡིན་ཟེར་བ་འདིའི་ཤུགས་བསྟན་དུ་སྤྱི་ཚོགས་ཀྱི་མཐོང་སྣང་ལ་ཁོས་མི་བསད་པར་ཁས་ལེན་བྱས་པ་འདྲ་བོ་འདུག ཡང་ན། སྤྱི་འཐུས་ཚོགས་ཁང་གི་ཕྱི་ལོག་ནས་བཀའ་སྤྱི་བསྟན་ཡར་ལ་གདོང་དང་གདོང་ཐུག་སྟེ་སྒེར་ངོས་ནས་དེའི་སྐོར་ཕྱི་གསལ་ནང་གསལ་བྱ་དགོས་པ་རེད། །དེ་མིན་སྤྱི་འཐུས་ཚོགས་གཙོ་མི་གསོད་ནག་ཉེས་ཅན་ཞིག་ཡིན་མིན་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅིག་ཡོང་ཐབས་མ་མཆིས་སོ། །
གོང་དུ་ལྡོང་གསེར་མིག་ལགས་ཀྱིས་གསུངས་པ་ལྟ་བུའི་ཚོར་སྣང་ཞིག་ང་ལ་ཡང་ཡོད། ཚོགས་གཙོས་གནས་སྐབས་རིང་དགོངས་པ་ཞུས་ན་ཡག་ངེས་རེད་བསམ་གི བོད་མི་ས་ཡ་དྲུག་ཡོད་པའི་ནང་ནས་མི་བསད་དང་། སྤྱི་རྒྱུ་སྒེར་སྤྱོད། ལྐོག་ཟ་རུལ་སུང་གི་གླེང་རྙོགས་མེད་མཁན་ག་ཚོད་ཅིག་ཡར་བསྐོས་ན་ཆོག་ཆོག་རེད། འདི་སྤྱིར་བོད་མི་མང་དང་།་དེ་ལས་ཀྱང་མདོ་སྨད་ཚང་ལ་མཚོན་ན་མི་དགོས་པའི་མིང་ཤས་ཤིག་རེད་བསམ་གི། སྤྱི་འཐུས་བསྟན་པ་ཡར་འཕེལ་གཅིག་པོའམ་མི་ཁ་ཤས་ཤིག་གིས་གླེང་རྙོགས་འདི་བཟོས་ཡོང་བ་ཞིག་མ་རེད། བཙན་བྱོལ་ཁྲོད་དུ་གླེང་རྙོགས་འདི་སྔོན་མ་ཡོད་པ་ཞིག་རེད། དེ་ཡིན་པས་ཚོགས་གཙོས་གནས་སྐབས་རིང་དགོངས་པ་ཞུས་ན་ཡག་ངེས་རེད།
སྤྱི་འཐུས་ཚོགས་གཙོ་ལ་ཉེས་པ་དེ་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་བཙུགས་པ་རེད།ཉེས་པ་དེ་རྒྱུ་མ་ཕུ་འདེད་ཀྱིས་གལ་ཏེ་ཚོགས་གཙོར་ནག་ཉེས་ཡོད་ན།ཚོགས་གཙོ་བཙོན་ཁང་དུ་བསྐྱལ་རྒྱུ་བསྟན་པ་ཡར་འཕེལ་གྱི་ལས་འགན་རེད།ནག་ཉེས་ཐེར་འདོན་བྱེད་མ་ཐུབ་ན་བསྟན་པ་ཡར་འཕེལ་ཀྱི་སྐད་ཆ་ཁུངས་ལུང་མེད་པ་ར་འཕྲོད་ཚར་རེད་ད།ཚོགས་གཙོས་དགོངས་ཞུ་གནང་དགོས་པ་གང་ཡང་མེད་པ་རེད།
དགོངས་པ་ཞུ་དགོས་ཡ་ཡོད་པ་མ་རེད། ༸གོང་ས་མཆོག་ཐུགས་ཕན་གཞི་ལས་མ་འདས། དེ་བཞིན་དྲང་བདེན་ལ་ཕྱོགས་པའི་བོད་མི་ཚོ་ཡང་ཐུགས་ཕན་འགྲོ། དཀར་ནག་གི་དབྱེ་བ་གསལ་བོ་བཟོ་དགོས་རྒྱུ་དེ་བཀའ་ཤག་ལ་འགན་ཡོད། དངོས་ནས་ཚོགས་གཙོ་ཉེས་མེད་དུ་འདོད་པ་དང་། དྲང་བདེན་ཡིན་པར་འདོད་པ་ཚོས་དཀར་འདོན་དགོས་པའི་ཡིག་ངག་གཉིས་ཐོག་གི་ཞུ་སྙན་དེ་བཀའ་ཤག་ལ་འབུལ་དགོས་ཀྱི་ཡོད། བཙན་བྱོལ་སྒྲིག་འཛུགས་ཀྱི་མི་སྣ་གལ་ཆེན་ཞིག་ལ་འདི་ལྟར་ཉེས་འཛུགས་བྱས་ཡོང་དུས་བཀའ་ཤག་ཁ་ཟུམ་ནས་སྡོད་ཐབས་མེད། ངེས་པར་དྲང་བདེན་དང་བློ་གཟུ་བོར་གནས་པའི་ཚོགས་ཆུང་ཆེད་འཛུགས་ཀྱིས་ཞིབ་བྱ་དགོས་ཀྱི་ཡོད། ཚོགས་ཆུང་གི་མི་རྣམས་སྔོན་གྱི་ལས་བྱེད་བགྲེས་པ་གནད་ཡོད་ཅན་ཡིན་དགོས། ཚོགས་ཆུང་གི་མི་སྣ་དེ་དག་མི་དམངས་ལ་ཤེས་སུ་འཇུག་དགོས། ཞིབ་འཇུག་ཐོན་པའི་འབྲས་བུ་ལ་ཐག་གཅོད་ནན་མོ་ཞིག་དགོས་ཀྱི་ཡོད།
གལ་ཏེ་ཉེས་འཛུགས་ཡིན་ན། ཉེས་འཛུགས་དེ་རྒྱབ་ལྗོངས་ཀྱང་ཤེས་དགོས། རྒྱབ་ལྗོངས་མི་དམངས་ལ་གསལ་བོར་མ་བཟོས་ན། བོད་མིའི་ཆིག་སྒྲིལ་ལ་གནོད་འགྲོ། ཆིག་སྒྲིལ་ལ་གནོད་ཚེ། མདོར་ན་བོད་མི་མི་རེ་ངོ་རེའི་ཁེ་ཕན་ལ་གནོད་འགྲོ། མདོར་ན་རྒྱལ་བའི་དགོངས་གཞི་དང་། བོད་མིའི་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་རྒྱ་ཆེའི་བོད་མི་དམངས་ཀྱི་མངོན་འདོད་ལ་གནོད་འགྲོ། བོད་མི་ཚང་མས་ཆོལ་ཞེན་རྟ་ཉག་འདྲ་བོའི་ཕྱོགས་སུ་མ་སོང་བར། ཕུགས་རྒྱང་རིང་བའི་བོད་མིའི་སྤྱིའི་ཁེ་ཕན་ལ་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས། ཁ་ནས་མ་གྱུར་སེམས་ཐམས་ཅན་ཟེར། དོན་ལ་བོད་མི་ནང་ཁུལ་ལའང་ཆོལ་ཞེན་གྱི་བདེན་པར་གཡོལ་བསྡད་མཁན་དག་ལ་ཆོས་དང་འཇིག་རྟེན་གཉིས་ཀ་ཡོང་མི་ཐུབ་པ་ཤེས་དགོས།
་་་་་་་་་་་་་་ ད་རེབ་སྤྱི་འཐུས་ཤིག་གིས་བཀའ་མོལ་གནང་བ་དེ་ཇི་ལྟར་བྱུང་བ་རེད་ཟེར་ན། ༢༠༠༣ ལོའི་ཕྱི་ཟླ་ ༣ པའི་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་ང་སྤེན་པ་ཚེ་རིང་བཀའ་བློན་གྱི་འོས་གཞིར་བཏོན་པ་རེད།
དེའི་སྐབས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་སྤེན་པ་ཚེ་རིང་གིས་མི་བསད་པ་དང་རྐུན་མ་བརྒྱབ་ཡོད་རེད་ཟེར་ནས་གཞི་མེད་སྐྱོན་འཛུགས་བྱས་པ་རེད།
སྐབས་དེར་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཐོག་ནས་ང་ལ་གསལ་བཤད་བྱེད་རྒྱུའི་ལམ་ཁ་མེད་སྟབས། ༢༠༠༣ ལོའི་ཟླ་ ༩ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ངས་སྤྱི་འཐུས་སྒེར་གྱི་ངོ་བོའི་ཐོག་ནས་གསལ་བཤད་བྱས་ཡོད། ་་་་་་་་་་་་་་་
་་་་་་་་་་་་་ སྐྱོན་འཛུགས་བྱེད་མཁན་ལ་ཁྱེད་རང་ལ་རྒྱུ་མཚན་དང་དཔང་རྟགས་ག་རེ་ཡོད་ཟེར་ནས་སྐད་ཆ་ཞིག་འདྲི་དགོས་ཆགས་ཀྱི་ཡོད་པ་རེད། ཁོ་རང་ལ་དཔང་རྟགས་ཡོད་ལབ་ན་ཁྲིམས་ཐོག་ལ་འགྲོ་དགོས་ཆགས་ཀྱི་ཡོད་པ་རེད། དཔང་རྟགས་མེད་ལབ་ན་གནས་ཚུལ་གསལ་པོ་ཆགས་ཚར་བ་རེད། ་་་་་་་་་་་་་་་་་་
ད་གང་ཤེས། སུ་ལ་ཡིད་ཆེས་བྱེད་དགོས་རེད། ལགས།
གྲོགས་པོ་ཞིག་གིས་བཤད་རྒྱུར། རྙོག་དྲ་འདི་སྦེ་ཀོབ་གཞིས་ཆགས་ནང་གི་རྒན་པ་སྐོར་ཞིག་ལ་སྐད་ཆ་འདྲི་རྒྱུ་བྱུང་། ཀ་སྟག་སྤྲུལ་སྐུས་སྐུ་ངོ་སྤེན་པ་ཚེ་རིང་མཆོག་སྔོན་སློབ་མ་ཡིན་དུས་སྦྱིན་བདག་གནང་པ་དང་། སློབ་གྲ་ཐོན་རྗེས་ཁོང་གི་ཕྱག་རོགས་སུ་འཐེན་པ་སོགས་དངོས་བདེན་རེད་ལ། དེ་མིན་རིན་པོ་ཆེ་ཡི་བཟའ་ཚང་བར་ལ་འཛུལ་ནས་མཐར་རིན་པོ་ཆེ་གྲོངས་པ་དང་། རིན་པོ་ཆེ་མཆོག་གི་རྒྱུ་དངོས་གང་མང་ཞིག་སྐུ་ངོ་སྤེན་ཚེ་ལག་ཏུ་སོང་ཡོད་ཚོད་རེད། ད་དུང་ཁ་གསབ་བདེན་དཔང་ནི་འདས་ཟིན་པའི་ལོ་བཅུ་ལྷག་གི་ཡས་མས་ཤིག་ལ་ཀ་སྟག་སྤྲུལ་སྐུའི་ལྕམ་མོ་རྡ་སར་ཕེབས་ནས་གྱོད་ཉལ་གནང་རྩིས་བྱེད་སྐབས། xxཨ་ལགས་འཇིགས་མེད་རིན་པོ་ཆེ་མཆོག་མདུན་དུ་བུད་ནས་དངུལ་གང་ཙམ་སྤྲད་ནས་གནད་དོན་ཐག་གཅོད་བྱས་པ་རེད་ཅེས་གངས་སྐྱིད་ཀྱི་རྒྱུས་ཡོད་ཚོས་ནང་མོལ་དུ་འདུག་སྐད། xxx
ཚོགས་གཙོས་འདི་འདྲའི་གསལ་བཤད་བྱས་བྱས་ལ་གོ་རྟོགས་མེད་ན་རྨོངས་ཞེན་དང་དཀྲུགས་ཤིང་འབའ་ཞིག་ལས་གཞན་ཅི་ཡང་མ་རེད།
དོན་དངོས་སུ་ཚོགས་གཙོས་༼ད་རེབ་སྤྱི་འཐུས་ཤིག་གིས་བཀའ་མོལ་གནང་བ་དེ་ཇི་ལྟར་བྱུང་བ་རེད་ཟེར་ན། ༢༠༠༣ ལོའི་ཕྱི་ཟླ་༣ པའི་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས། གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་ང་སྤེན་པ་ཚེ་རིང་བཀའ་བློན་གྱི་འོས་གཞིར་བཏོན་པ་རེད། དེའི་སྐབས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་སྤེན་པ་ཚེ་རིང་གིས་མི་བསད་པ་དང་རྐུན་མ་བརྒྱབ་ཡོད་རེད་ཟེར་ནས་གཞི་མེད་སྐྱོན་འཛུགས་བྱས་པ་རེད། སྐབས་དེར་གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ཐོག་ནས་ང་ལ་གསལ་བཤད་བྱེད་རྒྱུའི་ལམ་ཁ་མེད་སྟབས། ༢༠༠༣ ལོའི་ཟླ་༩ པའི་གྲོས་ཚོགས་ཚོགས་དུས་དྲུག་པའི་སྐབས་ངས་སྤྱི་འཐུས་སྒེར་གྱི་ངོ་བོའི་ཐོག་ནས་གསལ་བཤད་བྱས་ཡོད། ངས་གསལ་བཤད་བྱས་རྗེས་སྐྱོན་འཛུགས་བྱེད་མཁན་གྱི་སྤྱི་འཐུས་དེས་དེ་མ་རེད་ལབ་ཡོད་པ་མ་རེད། ང་ཚོའི་བཅའ་ཁྲིམས་དོན་ཚན་ ༤༦ ཡིན་པ་ཡོད། དེའི་ནང་གྲོས་ཚོགས་ནང་སྤྱི་འཐུས་སུ་ཞིག་གིས་གླེང་སློང་གང་འདྲ་ཞིག་བྱས་ཀྱང་ཁྲིམས་ལ་གཏུག་མི་ཆོག་ཟེར་ནས་བཀོད་ཡོད་པ་རེད། གནས་སྟངས་དེའི་འོག་ནས་ཁོ་རང་གིས་ཁེ་ཕན་བླངས་ནས་གསུངས་པ་རེད།༽ཅེས་བརྗོད་འདུག་པ་ཇི་བཞིན་རེད།
བྱས་ན། ཚོགས་གཙོས་མི་བསད་མི་འདུག སྤྱི་རྒྱུ་སྒེར་བདག་་ཀྱང་བྱས་མི་འདུག དགའ་མི་དགས། སྲང་ལམ་གྱི་དཀྲོགས་གཏམ་རང་རེད་འདུག་གོ།
ཀ་སྟག་སྤྲུལ་སྐུའི་ནང་མི་ཚང་མ་ཤི་ཚར་ཡོད་ཀྱི་མ་རེད། མི་བསད་ཡོད་མེད་སྐོར་ཀ་སྟག་སྤྲུལ་སྐུས་ནང་མི་དང་འབྲེལ་བ་བྱེད་ནས་མི་བསད་དོན་སྐྱེན་མེད་པའི་དཔང་རྟགས་ཡིག་ངག་གཉིས་ཐོག་ནས་བཟོ་ཐུབ་ན་བདེ་དཔང་ངོ་མ་དེ་རེད་བསམ། དེ་བཟོ་མ་ཐུབ་ན་མི་གསོད་དོན་སྐྱེན་ཡོད་བརྟན་ཁེལ་རེད།
གཞན་ང་ཚོའི་ཡོད་རེད་མ་རེད་བཤད་ན་ཕན་འབྲས་གང་ཡང་མེད། སྤྱི་འཐུས་ནང་སྤེན་ཚེའི་མི་བསད་རེད་ཟེར་ནས་བཀའ་བློན་ནང་འགྲོ་མི་ཆོག་པ་བཟོས་ཚར་བ་རེད། ད་དོ་བདག་རང་ཉིད་ལ་བདེན་དཔང་ཡོད་མེད་དེ་ལ་ཐུག་འདུག། སྤྲུལ་སྐུའི་ནང་མི་དང་སྤེན་ཚེ་གཉིས་བར་ཡིག་ངག་གཉིས་ཐོག་ནས་མི་བསད་དོན་སྐྱེན་གྱི་འགལ་ཟླ་མེད་པའི་བདེན་དཔང་ཡིག་ངག་གཉིས་ཐོག་ནས་སྤྱི་འཐུས་གྲོས་ཚོགས་ར་བ་ནང་བྱེད་ཐུབ་ན་ཚང་མས་སྤེན་ཚེ་ལ་མི་གསོད་དོན་སྐྱེན་མེད་པ་ཁས་ལན་མ་བྱས་རང་བྱས་རེད། དེ་མ་ཐུབ་ན་མི་བསད་དོན་སྐྱེན་ཟེར་བ་དེ་ཡོད་བདེན་པ་རེད་བསམ།
ཕ་རོལ་པོའི་ངོས་ནས་སྤེན་ཚེའི་མི་བསད་རེད་ཟེར་ནས་གྲོས་ཚོགས་ར་བ་ནང་མི་དང་མི་གདོང་དང་གདོང་ཐུག་ནས་བཤད་ཅིང་བཀའ་བློན་གྱི་གོ་སྐབས་དེ་ཤོར་ཟིན་པ་རེད། ད་མི་བསད་མེད་པའི་དཔང་རྟགས་དེ་ཚོགས་གཙོ་རང་ཉིད་ནས་གཏོང་དགོས་པ་ལས་ཕ་རོལ་པོའི་ལས་འགན་མ་རེད། ད་ང་ཚོའི་དཔང་རྟགས་ཡོད་མེད་ལ་ལྟ་རྒྱུ་ལས་གཞན་གང་ཡོད།
༸སྐུ་མདུན་སྐུ་ཚེ་བརྟན་པ་དང། །
གཞིས་བྱེས་མཉམ་འཛོམས་འོངས་བར་ཤོག །
ཚོགས་གཙོའི་བདེན་མཐའ་གསལ་བ་དང་། །
སྲིད་སྐྱོང་དབང་ཐང་དར་རྒྱས་ཤོག །
ཚོགས་གཙོ་དགོངས་པ་ཞུ་དགོས་དོན་ཡོད་མ་རེད་་་་་གཟིགས་དང་བསོད་ནམས་སྟོབས་རྒྱལ་ཟེར་མཁན་དེའི་མིང་སླེབས་སོང་ང་་་་་་་འཇུ་ཆེན་གྱི་མིང་ཡང་ཡོང་གི་འདུག་གཱ་་་་་་་་་་་་་ཀརྨ་ཆོས་འཕེལ་ཟེར་བ་སོགས་་ཧཧཧཧཧཧཧཧཧཧ་་་་་་་་་་་དེ་ཚོ་ཚང་མ་བྱ་རིགས་གཅིག་རེད་དཱ
ཚོགས་གཙོས་མི་བསད་ཡོད་ན་སྤྱི་འཐུས་ཚོགས་གཙོ་ལ་ཇི་ལྟར་སླེབས་པ་རེད། ངས་ལྟས་ན་ཚོགས་གཙོ་ལ་ཉེས་པ་མེད་པའི་དབང་གིས་སྤྱི་འཐུས་ཚོགས་གཙོ་ལ་སླེབས་པ་རེད། ཉེས་འཛུག་དེས་རྐྱེན་པས་བཀའ་བློན་ལ་འགྲོ་མ་ཐུབ་པ་བདེན་ཡང་། དེ་ནི་གྲོས་ཚོགས་ནང་ལ་ཅི་བཤད་ཀྱང་ཁྲིམས་ལ་བཏུག་མི་ཆོག་ཅིང་། བསོད་ནམས་སྟོབས་རྒྱལ་གྱིས་གྲོས་ཚོགས་ཕྱི་ལོག་ལ་བཤད་མ་ནུས་པས་ད་ལྟའི་བར་དུ་ཐག་མ་ཆོད་པར་ལུས་སོང་བ་རེད། གནས་ཚུལ་ཐག་ཆོད་མ་བྱུང་བའི་དབང་གིས་བཀའ་བློན་ལ་འགྲོ་རྒྱུར་འགོག་རྐྱེན་བྱུང་བ་རེད།
ལ་དྭགས་ལགས་ནོར་འདུག། མི་བསད་རེ་ཟེར་མཁན་ཐོག་མ་བསོད་ནམས་སྟོབས་རྒྱལ་མ་རེད། ཀ་སྟག་སྤྲུལ་སྐུའི་ཆུང་མ་རེད། དེ་རྗེས་འཇུ་ཆེན་ཐུབ་བསྟན་གྱི་མི་ཚེའི་ལོ་རྒྱུས་ནང་བྲིས་ཟིན་པ་རེད། དེ་རྗེས་བསོད་ནམས་སྟོབས་རྒྱལ་གྱི་ལོ་རྒྱུས་དག་ལུང་འདྲེན་བྱས་པ་ཙམ་རེད། མི་གསོད་མཁན་བཀའ་བློན་ལ་འགྲོ་མི་ཆོག་ཟེར་བ་མ་གཏོགས་སྤྱི་འཐུས་ལ་འགྲོ་མི་ཆོག་ཟེར་བའི་བཅའ་ཁྲིམས་ཞིག་ཡོད་བཟོ་མི་འདུག། མི་བསད་ཡོད་མེད་དག་གསལ་བཟོ་དགོས་ན་ཀ་སྟག་སྤྲུལ་སྐུའི་ཆུང་མ་དང་སྤེན་ཚེ་གཉིས་གདོང་གཤེར་བཟོ་ནས་ཐག་གཅོད་དགོས་པ་ལས་གཞན་ཐབས་ཤེས་གང་ཡང་མེད།
དྲ་འབུ་ཚོ་ཉོན་ཨཱ། མགོ་མ་ཚོས་ན་མ་བཤད་ན་འགྲིག་གི་རེད་ཁྲལ་རྒྱག་མཁན་ཡོད་མ་རེད། སྤེན་ཚེས་་མི་བསད་ནས་བཀའ་བློན་ལ་འགྲོ་མ་ཐུབ་པ་མ་རེད། ག་རེ་རེད་ཟེར་ན་ཟམ་གདོང་བླ་མས་སྤེན་ཚེ་བཀའ་བློན་འོས་མིར་གཏོན་པ་རེད། དེ་ལ་བསོད་ནམས་སྟོབས་རྒྱལ་གྱིས་ཉེས་འཛུགས་བྱས་ནས་གྲོས་ཚོགས་ནས་སྤྱི་་མོས་མ་བྱུང་བ་རེད། གྲོས་ཚོགས་ཀྱི་འགྲོ་སྟེང་བྱས་ན་མཐུས་མི་གཅིག་གི་དགག་བྱ་བྱས་ན་མང་མོས་བྱེད་དགོས་པ་རེད། མང་མོས་བྱས་ནས་སྤེན་ཚེ་བཀའ་བློན་ལ་འགྲོ་པའི་ཚད་གཞི་མ་ལོང་པ་རེད། དེ་ཙམ་གྱིས་སྤེན་ཚེས་མི་བསད་ནས་བཀའ་བློན་ལ་འགྲོ་མ་ཐུབ་པ་རེད་ཟེར་ན་དེ་ནི་མགོ་མ་ཚོས་པའི་སྐད་ཆ་རང་རེད ཡང་མིན་ན་རྐང་བཛུགས་ནས་སྐྲོག་གཏམ་བཟོས་པ་རེད། བློ་བཟང་སྙན་གྲགས་ལ་ཨ་མདོ་སྦོ་ཅིག་གིས་རྐུན་མ་རེད་ཟེར་ནས་དགག་པ་རྒྱབ་པ་རེད་དེ་ལ་ཡང་མང་མོས་མ་བྱུང་ནས་བཀའ་བློན་ལ་འགྲོ་མ་ཐུབ་པ་རེད། འོན་ཀྱང་བློ་བཟང་སྙན་གྲགས་ཀྱིས་རྐུན་མ་རྒྱབ་ནས་བཀའ་བློན་ལ་འགྲོ་མི་ཆོག་པ་བཟོས་པ་རེད་ཟེར་ན་དེ་ནི་སྐྲོག་གཏམ་རང་ལ་ངོས་འཛིན་དགོས་པ་བཞིན་ནོ།། དྲ་འབུ་ཚོ་ཆོལ་ཞེན་མ་བྱེད་ཨཱ་དྲང་བདེན་ལ་རྒྱབ་སྐྱོར་བྱོས་ཨཱ་ཚེ་རིང་རྒྱུ་ཚོ་མདོག་ཆ་མ་བསྟན་ཨཱ།
སྤེན་ཚེས་མི་བསད་ཡོད་མེད་ངས་ཅང་མི་ཤེས། ཡིན་ན་ཡང་། གླེང་གཞི་དེ་གྲོས་ཚོགས་འཐུས་མི་ཁ ཤས་ཤིག་གིས་གསར་དུ་བཟོས་པ་མ་ཡིན་པར་སྔོན་ནས་ཡོད་འདུག གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དཀར་ཚུལ་དང་ནག་ཚུལ་གང་ཡང་མི་འདུག རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་སྐུ་ངོས་གནས་སྐབས་རིང་ཚོགས་གཙོ་ལས་དགོངས་ཞུ་བྱས་ན་ཡག་ས་རེད་བསམ་གི། ཆོལ་ཞེན་ག་ཚོད་ཆེ་ན་ཡང་གནད་དོན་འདི་འདྲ་བ་ཐུག་དུས་སྐད་ཆ་དྲང་མོ་བཤད་དགོས་གི་རེད་བསམ་གི ཁ་ཤས་ཀྱིས་བསྟན་པ་ཡར་འཕེལ་ཟེར་བ་དེར་ཁ་རྡུང་གཏོང་ཁུལ་བྱེད་ཀྱིན་འདུག་མོད་སྐད་ཆ་དེ་གྲོས་ཚོགས་ནང་ལ་སླེབས་མ་སླེབས་ཙམ་མ་གཏོགས་མང་ཚོགས་ཁྲོད་ན་ཁྱབ་ནས་བསྡད་ཡོད་དུས་བསྟན་པ་ཡར་འཕེལ་ཡིན་ནམ་དེར་གཟེངས་བསྟོད་འོས་སམ་ཉེས་ཆད་རན་ད་དུང་དཔྱད་གཞི་རེད་དྲ་འབུ་ཚོ། གཞིས་ལུས་མི་མང་གི་སྔོན་དུ་ཡིན་ན་རེད། རྒྱ་མིས་སྔོན་དུ་ཡིན་ན་ཡང་མི་བསད་ཀྱི་གླེང་གཞི་ཅན་ཞིག་ཚོགས་གཙོར་བཞག་པ་དེ་འོས་འཚམས་ཤིག་མ་རེད་བསམ་གི།
ཧཧཧ་སྤོབས་པ་མཐའ་ཡས་་་བདེན་པའི་རྒྱབ་ལང་བྱས་ན་དྲང་མོ་རྫོ་ལི་རེད་་་་རྒྱུག་པ་ལེབ་རྡུང་བྱས་ན་དྲང་མོ་མ་རེད་དཱ་ཚེ་རིང་རྒྱུ།
མི་ཞིག་གིས་མི་བསད་སོང་ཟེར་བ་དེ་དངོས་གནས་སྐད་ཆ་རྫབ་ཆེན་རེད་ད།བསད་སོང་ཟེར་མཁན་དེས་ངེས་པར་ཁུངས་སྐྱེལ་བྱེད་དགོས་པ་རེད་མ་གཏོགས།གང་བྱུང་གིས་ཕར་ཕྱོགས་ནས་ཉེན་ཁ་མེད་པར་བསམ་སྟེ་ཐུབ་ཚོད་བྱས་ན།ཁྲིམས་འགལ་གྱི་བྱ་སྤྱོད་ཚབ་ཆེན་རེད།སྤོབས་མཐའ་ཟེར་བ་ཁྱེད་རང་ལ་མི་ཅིག་གིས་མི་བསད་སོང་མགོ་ལ་བཙན་གྱིས་བཞག་ན་ག་འདྲ་བསམ་ས་རེད།ཞིབ་སོམས་ཨ།རང་ཐོག་ཏུ་བབས་དུས་དཀའ་ལེ་རེད་ད
སྤུ་གྲི་ལགས། སྐད་ཆ་བཤད་དུས་བསམ་བློ་གཏོང་ནས་བཤད་དགོས་པ་རེད། འཇུ་ཆེན་གྱི་ལོ་རྒྱུས་དེབ་དེ་དག་སྒོ་ལ་བུད་ནས་ལོ་གཅིག་ཀྱང་ཡིན་པ་མེད། བསོད་ནམས་སྟོབས་རྒྱལ་གྱིས་ཉེས་འཛུག་དེ་ཉིང་སྟོང་གསུམ་ལོ་ལ་བྱས་པ་རེད་ད། བསོད་ནམས་སྟོབས་རྒྱལ་གྱིས་ལོ་རྒྱུས་ལུང་འདྲེན་ཇི་ལྟར་བྱེད་དགོས་པ་རེད། ཀ་སྟག་སྤྲུལ་སྐུའི་ཆུང་མས་རང་གི་བཟའ་ཟླ་སྤེན་པ་ཚེ་རིང་གིས་བསད་ཡོད་པའི་ཁུང་སྐྱེལ་ཡོད་ན་ད་བར་དུ་སྤེན་པ་ཚེ་རིང་ཅིའི་ཕྱིར་ཁྲིམས་ལ་མ་བཏུག་པ་རེད། མི་བསོད་མཁན་བཀའ་བློན་ལ་འགྲོ་མི་ཆོག་པ་དེ་བཀའ་བློན་དེ་ཚོ་བོད་མི་མང་གི་དབུ་ཁྲིད་ཡིན་པས་དེའི་ཆེ་མཐོང་དང་འབྲེལ་ནས་བཤད་ཀྱི་ཡོད་པས། སྤྱི་འཐུས་ལ་ཡང་གཅིག་མཚུངས་ལས་མི་བསད་ན་བཀའ་བློན་ལ་འགྲོ་མི་ཆོག་པ་དང་སྤྱི་འཐུས་ལ་འགྲོ་ཆོག་པའི་སྒྲིག་གཞི་ཞིག་ག་ལ་ཡོད།
སྤོབས་པ་མཐའ་ཡས་ལགས། དང་པོ་ཁྱེད་ཆོལ་ཁ་གང་གི་ཁོངས་གཏོགས་དང་ཆོས་རྒྱུད་སུ་ཡིན་པ་མ་གསང་དྲང་པོའི་གཏམ་ཞིག་གསུང་དང་། དེ་ནས་ཆོལ་ཞེན་སུས་བྱེད་ཀྱི་ཡོད་མེད་བསམ་བློ་གཏོང་ས་ཞིག་ཡོང་གི་རེད།
བདུད་འཇོམས་ཆོས་འབྱུང་ནང་ལ། ཆོལ་ཁ་ལ། འཆོལ་ཀ་ཞེས་བྲིས་འདུག་སྙམ། ད་དུང་ལན་གཅིག་ལྟ་བགྱི་ཡིན།
ལུང་རྟོགས་ལགས། སྤོབས་པ་ལགས་ཁྱེད་དང་ཕ་ཡུལ་གཅིག་པ་མ་ཡིན་ནམ། ད་ག་རེ་ཆོལ་ཁ་དང་ཆོས་ལུགས་བརྩད་གཅོད་ཀྱིན་ཡོད་དམ།
སྐུ་ངོ་སྤེན་པ་ཚེ་རིང་ལགས་ལ་མ་ཉེས་ཁ་གཡོགས་རེད་ཟེར་ན། ཐབས་ཡག་ཤོས་དེ་ཨེ་རླུང་། ཨ་རླུང་། དུས་བབ། བང་ཆེན་བཅས་བོད་ཕྱི་ནང་གཉིས་སུ་རྒྱུས་མངའ་ཟབ་པའི་བརྒུད་ལམ་བཞི་ནས་སྐུ་ངོ་དང་ཀ་སྟག་སྤྲུལ་སྐུའི་ལྕམ་མོ་བཅས་ལ་བཅར་འདྲི་གནང་ནས་གསལ་པོ་བཟོ་དགོས་ཡག་རེད། དེ་མིན་དོན་རྐྱེན་འདི་སྐད་འཕྲིན་དང་བརྒྱུད་ལམ་འདྲ་མིན་ནས་བོད་ཕྱི་ནང་གཉིས་སུ་ཁྱབ་ཚར་བ་རེད།
xxx
ཀར་བློ་ལགས། སྤོབས་མཐའ་ངེད་གཉིས་ཕ་ཡུལ་གཅིག་པ་ཡིན་ན་ཁོ་ཆོལ་ཞེན་ཅན་ཞིག་ཡིན་པ་གྲུབ་སོང་བ་རེད། སྐུ་ངོ་སྤེན་ཚེ་ལ་དུས་བབ་ཚང་གིས་གཅར་འདྲི་ཞུས་འདུག་ལ། ཁོང་གིས་གནས་ལུགས་རྒྱུ་མཚན་ཁ་གསལ་ཁུང་དག་གསུངས་འདུག ད་དྲི་བ་བཀོད་ཡུལ་ནི་ཁོང་ལ་ཉེས་འཛུག་བྱེད་མཁན་དེ་ཚོ་ཡིན་ད།
ལུང་རྟོགས་ལགས།
སྐུ་ངོ་སྤེན་པ་གཅིག་པུའི་གཏམ་ལ་ཉན་ཡ་ཡོག་མ་རེད། ཀ་སྟག་སྤྲུལ་སྐུའི་ནང་མི་དང་སྐུ་ངོ་ཕྱོགས་གཉིས་ཀར་བཅར་འདྲི་གནང་དགོས་ཡ་རེད། གཅིག་བྱས་ན་ཀ་སྟག་ཡང་སྲིད་ཀྱང་ཕེབས་ཡོད་སྲིད་པས། ཁོང་ལའང་བཅར་འདྲི་ཞུས་ཆོག་གི་རེད་འདོད། དེ་མིན་ཕྱི་གསལ་ནང་གསལ་ཡོང་གི་མ་རེད་ལ། གླེང་རྙོག་འདི་མུ་མཐུད་དུ་ལྷག་གི་རེད། རྒྱ་གཞུང་གིས་ཀྱང་བེད་སྤྱོད་གཏོང་སྲིད་པ་རེད་དོ།
ཚོགས་གཙོ་སྤེན་ཚེ་ཡིས་མི་བསད་དོན་རྐྱེན་སོགས་རྙོག་གླེང་འདི་བཀའ་ཤག་གིས་གཙང་མ་བཟོ་དགོས་སྐོར་གསུངས་འདུག། སྐད་ཆ་དེ་ཤིན་ཏུ་བགོད་བྲོ་བ་ཞིག་རེད། སྤེན་ཚེས་མི་བསད་སྐོར་ནི་ཁོ་རང་སྒེར་གྱི་གནས་ཚུལ་ཞིག་དང་། དེ་ཡང་རྒྱར་གྲགས་བོད་གྲགས་བཟོས་ཚ་བ་རེད། དེར་བློ་བབ་མེད་ན་སྤེན་ཚེ་རང་ཉིད་ཀྱིས་བདེན་སྤང་དང་དག་འབུད་དགོས་རྒྱུ་ལས། བཀའ་ཤག་གིས་དེར་འགན་ལེན་དགོས་དོན་མེད་ལ། སྤྱིར་ཉེས་འཛུགས་དེ་ནི་ནག་ཉེས་ཅན་གྱི་གནད་དོན་ཞིག་ཡིན་པས་བཀའ་ཤག་དང་བོད་མིའི་ཁྲིམས་ཞིབ་ལྷན་ཁང་གི་དེར་ཇུས་རྟོགས་དང་ཐག་གཅོད་མི་ཆོག། གལ་སྲིད་སྤེན་ཚེ་དང་ཁོང་གི་ཕྱོགས་གཏོགས་པ་ཚོས་ཉེས་འཛུགས་དེ་དག་འབུད་མ་ཐུབ་ན་སྤེན་ཚེ་མི་ཚེ་གཅིག་ལ་མི་བསད་ཀྱི་མིང་ཐོབ་རྒྱུ་ཡིན་པ་ནི་གཞི་གྲུབ་པ་རེད།
ལུང་རྟོགས་ལགས། འཇུ་ཆེན་བདེ་དེ་ལོ་གཅིག་གི་ནང་བྲིས་ནས་མཇུག་སྡོམ་སོང་བ་ཞིག་མ་རེད། ལོ་ཉི་ཤུ་ལྷག་གི་རིང་བྲིས་མཐར་མི་མང་ནང་གཏོང་ནས་ལོ་གཅིག་ལྷག་ཙམ་སོང་བ་རེད་ལགས། བསོད་ནམས་སྟོབས་རྒྱལ་གྱི་འཇུ་ཆེན་གྱི་ལོ་རྒྱུས་ལ་ལུང་འདྲེན་བྱས་པ་ཙམ་རེད། འཇུ་ཆེན་དེབ་ནང་དུ་བཤད་གསལ་ལྟར་ན་ཀ་སྟག་སྤྲུལ་སྐུའི་ཆུང་མས་རེ་བསྐུལ་ལྟར་གོང་ས་མཆོག་ལ་ཡང་སྙན་སྒྲོན་ཞུས་ཡོད་ཚུལ་མཁོད་འདུག། དེ་དག་བདེན་པ་ཡིན་མིན་ཀ་སྟག་སྤྲུལ་སྐུའི་ཆུང་མ་དང་སྤེན་ཚེ་གཉིས་གདོང་གཤེར་བྱས་ན་ལས་སླ་པོའི་ངང་བདེན་རྫུན་དབྱེ་འབྱེད་བྱེད་ཐུབ་ཀྱི་རེད། བདེན་དཔང་མེད་པའི་སྤེན་ཚེ་དང་ང་ཚོའི་དྲ་ལམ་དུ་ག་ཚོད་བཤད་ན་ཕན་འབྲས་གང་ཡང་མེད།
སྤེན་ཚེ། ཀ་སྟག་སྤྲུལ་སྐུ། ཁོང་གི་ཆུང་མ། འཇུ་ཆེན་གྱིས་བྲིས་པའི་དེབ་སོགས་ཉན་རྒྱུ་མང་པོ་ཅིག་ཡོད་པ་འདྲ། ངས་ནི། ་་་་་་ མི་ཤེས།
ཚོགས་གཙོའི་བདེན་དོན་གསལ་བར་ཤོག །
ཚོགས་གཙོའི་བར་ཆད་སེལ་བར་ཤོག །
སྲིད་སྐྱོང་དབང་ཐང་རྒྱས་པར་ཤོག །
སྒྲིག་འཛུགས་ཚགས་ཚུད་འོངས་བར་ཤོག །
༸སྐུ་མདུན་སྐུ་ཚེ་ཡུན་བརྟན་ཤོག །
གཞིས་བྱེས་མཉམ་འཛོམས་གང་མྱུར་ཤོག །
སྤུ་གྲི་ལགས། འཇུ་ཆེན་གྱི་དེབ་སྒོ་ལ་མ་ཐོན་གོང་ནས་བསོད་ནམས་སྟོབས་རྒྱལ་གྱིས་ནང་དོན་ཤེས་སྡད་ཡོད་ན་ཁོ་གཉིས་ཁ་ཁོག་གཅིག་པ་ཡིན་པའི་རྟགས་རེད། དེས་ན་འཇུ་ཆེན་གྱི་དེབ་ནང་ལ་བྲིས་པ་དེར་ཡིད་ཆེས་མི་རུང་བ་འདིས་སྟེང་ནས་གསལ་པོ་ཆགས་སོང་བ་རེད། ལར་ནས་བོད་པའི་མི་རྒན་ཚོས་བོད་མི་རིགས་ཀྱི་མཐུན་སྒྲིལ་ལ་ལེགས་སྐྱེས་རེ་ཕུལ་རྒྱུའི་ཚབ་ལ་ནང་འཁྲུག་སློང་བྱེད་ཀྱི་འབར་རྫས་རེ་བཞག་ནས་བུད་སོང་བ་ནི་ཧ་ཅང་ཡི་མུག་དགོས་པ་ཞིག་རེད།
ལུང་རྟོགས་ལགས། ་དེབ་དེ་སྒོ་ལ་བུད་གོང་གསར་འགོད་པས་དྲི་བ་དྲི་ལན་བྱས་ནས་དྲ་ལམ་དུ་ཐོང་ཟིན་པ་རེད། དེའི་མ་ཚད་
དེབ་དེ་འབྲི་དགོས་གསུང་མཁན་གོང་ས་མཆོག་ཡིན་པ་མ་ཟད་དེབ་དེ་ལེའུ་རེ་རེ་ཚར་དུས་སྐུ་སྒེར་ཡིག་ཚང་རྒྱུད་ནས་གོང་
ས་མཆོག་ལ་སྤྱེན་འབུལ་ཞུས་ནས་བྲིས་ཡིན་ཚུལ་མཁོད་འདུག། སྤེན་ཚེའི་མི་བསད་ལོ་རྒྱུད་སྔ་ས་ནས་བཙན་བྱོལ་སྤྱི་ཚོག་
ནང་ཁྱབ་བ་ཚར་རེད། ད་ཁྱོད་ལ་དེབ་དེའི་སྐོར་མ་འགྲིགས་པ་དང་མ་རེད་པ་འདྲ་བྱུང་ཡོད་ན་དེབ་དེ་དང་འབྲེལ་ཡོད་གོང་ས་
མཆོག་ལྷག་བསྡད་འདུག། བཤད་ཡ་གླེང་ཡ་འདྲ་ཡོད་ན་གོང་ས་མཆོག་ལ་ཤོད་ལོ།
མ་བུད་་ཆད་་་
དེབ་དེས་སྤེན་ཚེ་གཅིག་པུ་མ་ཡིན་པར་ནང་བཙན་བྱོལ་ནང་མི་ངན་མང་དག་ཞིག་གི་བྱ་ངན་ཡིད་སྐྱོ་དགོས་པ་མང་དག་ཞིག་
ཐེར་འདོན་བྱས་འདུག། མི་ངན་དེ་དག་མདོ་དབུས་ཁམས་གསུམ་ཚང་མའི་ནང་གི་མི་ངན་དག་མིང་གཏོང་འདུག།
ངས་གོང་ས་མཆོག་གི་བཀའ་བཀོད་བཞིན་འཇུ་ཆེན་མཆོག་གི་དེབ་དེ་ལོ་མང་རིང་དཀའ་ལས་བརྒྱབ་ནས་བྲིས་ཅིང་།
མཐར་ང་ཚོའི་མིག་སྔོན་དུ་མི་ངན་ཡིད་རྟོན་བྱ་མི་རུང་བ་དག་ཐེར་འདོན་གནང་བ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
སྤུ་གྲི་ལགས། ང་ནི་རྒྱུན་དུ་གསར་འགྱུར་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཡང་འཇུ་ཆེན་ལ་དེབ་དེའི་སྐོར་ནས་དྲི་བ་བྱས་པ་ཞིག་མཐོང་མྱོང་མེད། གང་དུ་ཡོད་ན་གསལ་སྟོན་གནང་རོག མི་མང་པོས་འཇུ་ཆེན་གྱི་དེབ་དེ་ཁོ་རང་མ་ཤི་བར་དུ་སྒོ་ལ་མ་ཐོན་པ་དེར་དོག་པ་བྱེད་ཀྱི་འདུག་ལ། དེབ་དེ་དག་འཇུ་ཆེན་གྱིས་བྲིས་པ་ཡིན་མིན་ལ་ཡང་དོག་པ་འདུག འཇུ་ཆེན་ལ་མཚོན་ན་ཆུང་དུས་ནས་གྲ་པ་བྱས་ནས་ཡི་གེ་ཅུང་ཙམ་སྦྱང་མྱོང་བ་ལས་སློབ་གྲྭ་འགྲིམ་མྱོང་བའི་ལོ་རྒྱུས་མི་འདུག མི་དེ་འདྲ་ཞིག་གིས་དེབ་མང་པོ་དེ་འདྲ་རྩོམས་ཐུབ་མིན་མིན་ཐེ་ཚོམ་རེད།
ལུ་རྟོགས་ལགས། སྔོན་མ་བོད་རྙིང་པའི་སྐབས་སུ་མཐོ་གོང་ས་མཆོག་དང་དམའ་འཇུ་ཆེན་ཟམ་གདོང་ཡན་ཆོད། དགོན་
པ་ནང་ནས་སློབ་སྦྱོང་བྱས་ཡོང་བ་ལས་དེ་ལ་ལྷག་པའི་སློབ་གྲ་ཞིག་ཡོད་བཟོ་མི་འདུག། དེ་ཡིན་དུས་སློབ་སྦྱོང་ཡག་པོ་
ཡོད་ཀྱི་རེད། གཞན་འཇུ་ཆེན་ལ་དྲི་བ་དྲི་ལན་བྱས་པའི་སྐོར་ད་རུང་ཤུགས་རྒྱོབ་ལྟོས་གདའ་རྙེད་ཡོང་ལགས།