Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་དང་། དབུས་འོས་བསྡུ་ལས་ཁང་ལ་ཡོངས་བསྒྲགས་ཀྱིས་ཕུལ་བའི་སྙན་ཞུ།

Posted on 2020-12-07 By ཁ་བརྡ 14 Comments on བཀའ་ཤག་དང་། དབུས་འོས་བསྡུ་ལས་ཁང་ལ་ཡོངས་བསྒྲགས་ཀྱིས་ཕུལ་བའི་སྙན་ཞུ།

གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས།
 
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་ཤག་ལྷན་རྒྱས་དང་། སྐུ་ངོ་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་གིས་དབུས་པའི་འོས་བསྡུའི་འགན་འཛིན་རྣམ་པ་ལྷན་རྒྱས་ཀྱི་ཞབས་དྲུང་དུ།

གུས་ཕྱག་དང་བཅས་གསོལ་འདེབས་ཞུ་སྙིང་། ལྡི་ལི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་འདི་སྔོན་རླུང་འཕྲིན་ཁང་གཉིས་ལ་དོན་གཅོད་ལས་ཁུངས་རང་ནས་སྲིད་སྐྱོང་འོས་བསྡུའི་སྐོར་ལ་བཅར་འདྲི་བྱས་ཡོད་པ་དང་། ཁ་སང་ཨ་རིའི་རླུང་འཕྲིན་ཁང་ལ་འོས་བསྡུའི་གཏམ་གླེང་བྱས་འདུག་པའི་སྐོར་མཁྱེན་ཆུབ་ཡོད་ཤག་ལགས།

སྐུ་ངོ་འབྲོང་ཆུང་དངོས་གྲུབ་ལགས་ལོ་ངོ་མང་པོར་སྲི་ཞུའི་ལས་བྱེད་གནང་བའི་ཉམས་མྱོང་ཡོད་པ་དང་། སྲིད་སྐྱོང་གི་འོས་མིར་བཞེངས་རྒྱུ་སྐུ་ངོ་ཁོང་གི་ཐོབ་ཐང་ཡིན་པ་སྨོས་མེད་ཡིན་ནའང་། འདི་ལྟར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། འོས་བསྡུའི་སྒྲིག་གཞི་ལ་བརྩི་མེད་རྡོག་རོལ་གཏོང་རྐྱང་བྱེད་པའི་གནང་སྟངས་འདི་ཆུ་ངན་ལམ་ཤོར་ཕྱིན་ན་འགྲིག་ཐབས་མེད་པས། དཔལ་ལྡན་བཀའ་ཤག་ལྷན་རྒྱས་དང་། འོས་བསྡུའི་འགན་འཛིན་རྣམ་པས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཐག་གཅོད་ནན་ཏན་ཞིག་གནང་དགོས་གལ་ཆེན་ཆགས་ཀྱི་འདུག་སྙམ་ལགས།

བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༣ པ་སྲིད་སྐྱོང་གི་འོས་ཆོས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་མ་ཡིན་པ་ཞེས་བཀོད་ཡོད་པ་དང་། དོན་ཚན་ ༣༩ པར། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅེས་པ། བོད་མིའི་སྒྲིག་འཛུགས་ཀྱི་དབུས་དང༌། གཤམ་འོག་ལས་ཁུངས་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་གཏན་འཇགས་ལས་བྱེད་དང་། ཆོད་གན། དམིགས་བསལ་ལས་བྱེད་བཅས་ལ་གོ་དགོས་ཤིང༌། ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན་ཞེས་བཀོད་ཡོད་པས། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་དོན་ཚན་ ༡༩ པའི་ཆ་རྐྱེན་འོག་ནས་དམིགས་བསལ་བསྐོ་གཞག་བྱས་པའི་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ལེན་བཞིན་དུ་སྲིད་སྐྱོང་གི་འོས་བསྡུའི་ནང་ཞུགས་ཆོག་གི་རེད་དང་མ་རེད་གསལ་པོ་བཟོ་གནང་ཡོང་བ་ཞུ་རྒྱུ་དང་།

འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་དོན་གཅོད་ཡིག་ཚང་རང་ནས་རང་ཉིད་སྲིད་སྐྱོང་འོས་བསྡུའི་ནང་ཆ་ཤས་ལེན་རྒྱུ་ཡིན་ལུགས་སྔ་རྗེས་སུ་གསར་འགྱུར་བརྒྱུད་ལམ་ཁག་ནང་གཏམ་བཤད་བྱས་པ་དེ། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ པའི་ནང་གསེས་ ༨ ཀ པར། སྒྲིག་འཛུགས་དང། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག་ཅེས་པའི་དགོངས་དོན་ལྟར་ན། དོན་གཅོད་ལས་ཁུངས་ནས་འོས་བསྡུའི་གཏམ་གླེང་བྱས་པ་དེ་སྒྲིག་འཛུགས་ཀྱི་དངུལ་དངོས་བེད་སྤྱོད་བྱས་པ་ཞིག་ཆགས་ཀྱི་འདུག་གམ་མི་འདུག

གལ་སྲིད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང། དངུལ་དངོས་བེད་སྤྱོད་བྱས་པ་ཡིན་ན། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༥ པའི་ནང་གསེས་ ༨ པར། འོས་མི་དེར་ས་གནས་དེའི་འོས་ཐོབ་ཆ་ཚང་རྩིས་མེད་གཏོང་རྒྱུ་ཞེས་བཀོད་འདུག་པ་དེ་ལག་བསྟར་གནང་དགོས་ཆགས་ཀྱི་རེད་དམ་མ་རེད།

འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་སྔོན་འགྲོ་འོས་གཞིའི་ནང་བསྡད་ན་ལས་བྱེད་ནས་དགོངས་ཞུ་བྱེད་མི་དགོས་པ་ལྟ་བུའི་འགྲེལ་བཤད་རྒྱག་ཁུལ་བྱས་ན་ཏག་ཏག་རེད་དམ་མ་རེད།

འབྲོང་ཆུང་དངོས་གྲུབ་ཀྱི་གནང་སྟངས་དེ་རིགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༢༡ པར། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ་ཁྲིམས་སྒྲིག་ཅི་རིགས་དང་མི་འགལ་བ་ཞེས་པའི་ཆ་རྐྱེན་གྱིས་བཀག་པ་ནང་བཞིན་ཆགས་ཀྱི་འདུག་གམ་མི་འདུག

ཁྲིམས་སྒྲིག་མགོ་ནས་བཤིག་ཏུ་བཅུག་ན་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པས། འབྲོང་ཆུང་དངོས་གྲུབ་ལགས་ལ་སྒྲིག་དོན་གོ་བསྐོན་དང་། ཐག་གཅོད་གཙང་མ་ཞིག་གནང་རྒྱུ་བཅས་སྙན་བསུན་དུ་མི་གཟིགས་པར་དགོངས་དཔྱད་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་། འབྲེལ་ཐོགས་ཚང་མས་སྒྲིག་གཞི་དང་མཐུན་པའི་ཕྱག་བསྟར་མ་གནང་ཚེ། ཕྲན་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱེད་ངེས་ཡིན་པ་བཅས་་རྣམ་མངའ་མཁྱེན་ཞུ། གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པས་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༧ ཉིན་གུས་པས་ཕུལ། །

འཕྲིན་ཡིག

Post navigation

Previous Post: དམིགས་ཡུལ་མེད་པའི་སྤྱི་འཐུས་ལས་དམིགས་ཡུལ་ཅན་གྱི་སྤྱི་འཐུས་ཤིག་ལེགས།
Next Post: འོས་བསྡུ་དང་ཐོབ་ཐང་།

Comments (14) on “བཀའ་ཤག་དང་། དབུས་འོས་བསྡུ་ལས་ཁང་ལ་ཡོངས་བསྒྲགས་ཀྱིས་ཕུལ་བའི་སྙན་ཞུ།”

  1. པ་སངས་ཚེ་རིང་། says:
    2020-12-07 at 5:47 pm

    གནས་ལུགས་དང་ཁྲིམས་སྒྲིག་གི་ཁ་ནས་ཐར་ས་མེད།

    གང་ཞིག་དྲང་པོ་མིན་པའི་གཡོ་རྒྱུ་ཡིས།།
    གཞུང་གི་ཁྲིམས་སྒྲིག་འོ་མའི་མཚོ་ཆེན་ལ།།
    སྦྱོར་བ་ངན་པའི་གོ་གྲུ་བཏང་ན་ཡང་།།
    དྲང་བདེན་ཐག་པའི་སྣེ་ནས་ཐར་ཐབས་མེད།།

  2. ཚུལ་ཁྲིམས says:
    2020-12-07 at 8:43 pm

    འབྲོང་ཆུང་དངོས་གྲུབ།
    ཕོར་བ་ནང་ནས་འཐུང་ཞོར་ལ།། སླ་ང་ནང་ལ་ཡང་ཡང་ལྟ།
    རྡི་ལེ་དོན་གཅོད་ཡིན་ཡིན་ལ།། སྲིད་སྐྱོང་རྐུབ་སྟེགས་ཡང་ཡོད་ན་འདོད།

    རྒྱ་རི་སྒྲོལ་མ།
ཕོ་ཟད་མོ་ལ་ཐུག། ལག་ཟད་དཔུང་ལ་ཐུག།
    བོད་པའི་ལས་དབང་དེ།། ཨ་མ་རྒྱགས་པར་ཐུག

    བློ་བཟང་སྙན་གྲགས
    སྲིད་སྐྱོང་ཐོབ་ཀྱང་རུང་། །
    སྲིད་སྐྱོང་མ་ཐོབ་ཀྱང་རུང་། །
    བོད་ཀྱི་ཐེབས་རྩའི་འགན་འཛིན་དེ།།
    མ་ཤི་བར་དུ་ཁྱེད་ཀྱི་རེད།།
    ཨ་སྒོར་འབུམ་གྱི་གླ་ཆ་དེ།།
    ལོ་ངོ་རེ་ལ་ཁྱེད་ཀྱིས་ལེན།།
    སུ་ལའང་མེད་པའི་ཁེ་དབང་དེ།།
    ཁྱེད་ཀྱིས་ཡོངས་ལ་མངོན་དོན་ཅི།།

    སྐལ་རྡོར།
    སྟག་མཆོང་སརཝ་མཆོངས།
    སེང་གེ་མཆོང་སར་རང་མཆོངས།
    ཁྱི་ལ་སེང་གེའི་མིང་བཏགས་ནས།།
    རང་གི་གྲོགས་པོ་ཐེངས་གཅིག་མཆོངས།།
    ཨ་ཁུ་སྟོན་པ་གཅིག་མཆོང་ནས་ཆོག་པར་གྱིས།
    ད་ཡང་ཁྱེད་རང་མཆོང་ན། ཨ་ཁུ་སྟོན་པའི་ལྟས་ངན་ཐམས་ཅད་འདོམས་ནང་ཐོན་ཡོང་།

    སྤེན་ཚེ།
    བདུད་རྒན་སྟོང་གི་ཁ་ནས་མཐར།།
    ཁྲམ་པ་མང་པོ་ཁྲིམས་སར་བཏུལ།
    ཁྱི་སྨྱོན་གཡུག་པའི་འོག་ཏུ་རྫུས།།
    ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་།།
    དེ་ཡི་ཁ་དོག་ཉམས་མི་སྲིད།།

  3. ལྷག་པ། says:
    2020-12-07 at 9:58 pm

    ད་འོ་ན། བློ་སེང་ལོ་ཡུན་དང་པོ་མ་རྫོགས་གོང་ཐེངས་གཉིས་པ་སྲིད་སྐྱོང་ལ་ལངས་ཀྱི་ཡིན་ཞེས་བཀའ་ཤག་ནས་གསལ་བསྒྲགས་བྱས་པ་དེ་སྒྲིག་གཞི་དང་འགལ་བ་དང་། བཀའ་ཤག་གིས་ལས་ཁུངས་ནས་བཤད་པར་སོང་གཞུང་དངོས་བེད་སྤྱད་པ་རེད་དམ། དེ་དུས་ཁྱོད་ག་པར་ཡོད། ས་འོག་འཛུལ་ལམ། གནམ་ལ་ལྡིང་།
    ད་འོ་ན། གངས་སྐྱིད་ཀྱི་ལམ་ནས་ང་སྲིད་སྐྱོང་ལ་ལང་གི་ཡིན་ཞེས་བཤད་ན། གཞུང་དངོས་བེད་སྤྱད་པ་རེད་དམ། ལམ་ཁ་དེ་བོད་མིའི་སྒྲིག་འཛུགས་ཀྱི་ཡིན་པའི་ཕྱིར། ཧ་ཅང་ཐལ་སོང་།
    ཡིན་ཡིན་མདོག་མདོག་སྒྲིག་གཞི་ཁ་ལ་འཁུར་ནས་མང་པོ་བཤད་འདུག ཕོ་ཁྱོ་ག་ཡིན་ན་ཁྲིམས་ཁང་ལ་རྒྱུགས་དང་ཤེས་ཡོང་།
    བཀའ་ཟུར་འབྲོང་ཆུང་མཆོག་གིས་བརྡ་དཀྲོག་ཕུ་དཀྲོག་མེད་པར་བཟང་སྤྱོད་འགན་འཁུར་ནས་བཞུགས་འདུག་པ་ང་ཚོ་མི་མང་གིས་ཁོང་གི་སྒོ་རྡུང་ནས་མང་བཀུར་སྲིད་སྐྱོང་དུ་བཞེངས་རོགས་ཞེས་ཞུས་པ་ཡིན། མ་ཟད་ཁོང་སྲིད་སྐྱོང་དུ་ཕེབས་ཐུབ་པའི་གདེང་ཆ་ཚང་འདུག ཉི་མའི་འོད་ཟེར་ཤར་དུས་འབྱུང་པོའི་མིག་ལོང་བ་ཆོས་ཉིད་རེད། ཁོང་སྲིད་སྐྱོང་ལ་ཕེབས་ཐུབ་ན། བོད་ལ་རེ་བ་མཐོང་། དེ་མིན་བློ་སེང་གིས་ཏག་ཏག་བཟོས་སོང་། ག་རེ་བཟོས་སོང་ཟེར་ན།༸གོང་ས་མཆོག་དབུས་བོད་མི་རྒན་རབས་པ་རྣམས་ཀྱིས་ལོ་ངོ་དྲུག་ཅུ་ལྷག་དཀའ་སྡུག་གིས་ཧྲ་ཐག་ཐག་བཟོས་པ་དེ་ད་ནི་ཚར་ལ་ཁད་དུ་འདུག

  4. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 12:19 am

    བཀྲ་ཤིས་ལགས་ཀྱིས།
    ་
    ་་་་་་་་་་་་་་་་་་ ཁྲིམས་སྒྲིག་མགོ་ནས་བཤིག་ཏུ་བཅུག་ན་ཧ་ཅང་ཉེན་ཁ་ཆེན་པོ་ཡིན་པས། འབྲོང་ཆུང་དངོས་གྲུབ་ལགས་་་་་་་་་་་་་
    ་
    ཟེར།

  5. ཁྲིམས་དཔོན། says:
    2020-12-08 at 12:22 am

    ཁྲམ་པའི་སྐད་ཆ་མ་བཤད་ན་ཡག་གི་རེད། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༣ པ་དང་ ༣༩ གཉིས་ཀ་ལོག་འགྲེལ་མ་བྱས་ན་ཡག་གི་རེད། དོན་ཚན་ ༦༣ སྲིད་སྐྱོང་གི་འོས་ཆས་རེད། དེས་ནི་སྲིད་སྐྱོང་ཡིན་ན་གཞུང་གི་ལས་བྱེད་མིན་པ་ཞིག་དགོས་པ་བསྟན་པ་ལས། སྔོན་འགྲོའི་སྐབས་ནས་དགོངས་པ་ཞུ་དགོས་པའི་དོན་མིན། དོན་ཚན་ ༣༩ པའི་ནང་ཧ་ཅང་གསལ་པོ་བསྟན་པ་ནི། གཞུང་གི་ལས་བྱེད་པའི་ཁྱབ་ཚད་དང་། དམིགས་བསལ་སྒྲིག་གཞི་རང་དུ་ཁ་གསལ་པོས་” ལས་བྱེད་འདི་རིགས་འོས་གཞིར་སླེབས་ཤིང་རང་ངོས་ནས་འོས་གཞིར་ཞུགས་འདོད་ཡོད་ཚེ་ལས་བྱེད་ནས་རྩ་དགོངས་ཞུས་འཁྲོལ་དགོས་པ་ཡིན། ”ཞེས་གསལ་པ་མིག་ཞར་ནས་མ་མཐོང་བ་ཡིན་ནམ། ཡང་ན་ཕྱོགས་ཞེན་གྱིས་སྒྲིབ་ནས་མཐོང་སྐལ་མ་ལྡན་པ་ཡིན་ནམ། འོས་གཞིར་སླེབས་ཤིང་ཞེས་པ་༼་དངོས་གཞིའི་འོས་མི་༽་་ཁོ་ན་གསུང་གི་ཡོད་པ་ལས། གཞན་ལོག་འགྲེལ་བྱེད་ས་མེད། ཁྱོད་རང་གིས་མི་ཤེས་ཤེས་མདོག་གི་ལོག་འགྲེལ་བྱེད་སྟངས་ལ་བལྟས་ན། བརྒྱ་ཆ་བརྒྱ་གཞུང་ཞབས་ཟུར་པ་ཞིག་མིན་ཐག་ཆོད། ཡིན་ན། དཀོར་གཟན་སྒེར་སེམས་ཅན་ཞིག་ཡིན་པ་གསལ་པོ་རེད། འདིའི་སྐོར་དེ་སྔ་ནོར་ཝེ་རླུང་འཕྲིན་ཁང་གིས་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་ལ་བཀའ་འདྲི་ཞུས་པའི་སྐབས་ཀྱང་དེ་ག་རང་གསུང་ཡོད།

    གཞན་ཡང་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་་ ཀ་་་་དྲངས་ནས་འབྲེལ་མེད་འབྲེལ་བཏགས། ར་མགོ་ལུག་སྦྱར་བྱས་འདུག སྒྲིག་གཞིའི་ཚིག་དོན་ནང་གི་ཕྱེད་ཀ་བཅད་གཏུབ་ཀྱིས་རང་གི་ལོག་པའི་མངོན་འདོད་སྒྲུབ་ཐབས་བྱས་པ་ནི་བྱབ་ཆུང་རང་རེད། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༢༤ ནང་གསེས་ ཀ་་་པ་ཞིག་མེད། ཁྱོད་ཀྱིས་འདྲེན་ཁུལ་ནི་དོན་ཚན་ ༢༤ ནང་གསེས་ ༨ པའི་་་་ཀ་་་པ་རེད། དེ་ནི་འདི་ལྟ་སྟེ། ཇི་མ་ཇི་བཞིན་དྲངས་ན། འོས་སྒྲིག་དོན་ཚན་ ༢༤ ནང་གསེས་ ༨ ” འོས་བསྡུའི་ལས་རིམ་གསལ་བསྒྲགས་ཟིན་པའི་ཉིན་མོ་ནས་སྲིད་སྐྱོང་དང་། བཀའ་བློན། སྤྱི་འཐུས་བཅས་ཀྱིས་རང་ཉིད་དམ་སྐྱེ་བོ་སུ་རུང་འོས་གཞིར་ཞུགས་པའི་ཆེད། {ཀ} སྒྲིག་འཛུགས་དང་། གཞུང་འབྲེལ་མིན་པའི་ཚོགས་ཁག་གིས་འོས་བསྡུ་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱུང་རིགས་ནང་གཞུང་འབྲེལ་གྱི་ངོ་བོར་ཚོགས་བཅར་མི་ཆོག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དང་། དངུལ་དངོས་གང་ཡང་བེད་སྤྱོད་མི་ཆོག ”ཅེས་གསལ་བ་ནི། སྲིད་སྐྱོང་དང་བཀའ་བློན། སྤྱི་འཐུས་གསུམ་ལ་དམིགས་སུ་བཀར་ནས་བྱེད་ཆོག་དང་མི་ཆོག་གི་ས་མཚམས་དབྱེས་པ་ཤེས་བཞིན་དུ། ར་མགོ་ལུག་སྦྱར་བྱེད་དོན་ཅི།
    མ་གཞི་ནས་འོས་བསྡུའི་སྒྲིག་གཞིའི་ནང་་་ཁྱོད་ཀྱིས་ལོག་འགྲེལ་བརྒྱབས་པའི་་་༼ སྔོན་འགྲོའི་འོས་གཞི་༽་ཟེར་པ་ཞིག་མེད་པས། བག་ཡོད་དང་ཚོད་ཟིན་ན་དགའ་ལ། ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཀྱང་དེང་སང་བཅའ་ཁྲིམས་དང་འགལ་ཡོད་ན་ཐད་ཀར་ལག་པ་བརྐྱངས་གི་ཡིན་ལབ་ཀི་ཡོད་པས། རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ་དགོས་དོན་མེད་དོ།།

  6. ཀརྡོ་རབ་འབྱམས་པ་ says:
    2020-12-08 at 12:24 am

    ལྷག་པས། ལན་དུ།
    ་
    ་་་་་་་་་་་་་་་ང་ཚོ་མི་མང་གིས་ཁོང་གི་སྒོ་རྡུང་ནས་མང་བཀུར་སྲིད་སྐྱོང་དུ་བཞེངས་རོགས་ཞེས་ཞུས་པ་ཡིན། མ་ཟད་ཁོང་སྲིད་སྐྱོང་དུ་ཕེབས་ཐུབ་པའི་གདེང་ཆ་ཚང་འདུག ཉི་མའི་འོད་ཟེར་ཤར་དུས་འབྱུང་པོའི་མིག་ལོང་བ་ཆོས་ཉིད་རེད། ་་་་་་་་་་་
    ་
    ཟེར།

  7. པ་རྡོ་རེ། says:
    2020-12-08 at 12:45 am

    ལྷག་པ་ལགས་ལ་རྒྱབ་སྐྱོར་ཞུ། གོང་གི་གཞུང་ཞབས་ཟུར་པ་མིང་ཕྱེད་འཛིན་པ་མི་སྨྱོན་དེ་རིགས་ཀྱིས་བོད་དང་བོད་མི་ཕོངས་སུ་འཇུག་རྒྱུ་ཡིན་པ་གདོན་མི་ཟ། མི་ངན་དེ་རིགས་ཀྱིས་རྒྱལ་ཁབ་དང་མི་རིགས་ཀྱི་ལ་རྒྱ་ག་ནས་ཤེས། སྙིང་རེ་རྗེ།

    ང་ཚོ་བོད་མི་རྣམས་ནས་རྣམ་ཀུན་དོ་སྣང་གནང་དགོས་པ་ནི། རྒྱ་མི་པད་༥༠ ཅན་དབྱིན་བོད་རྒྱ་གསུམ་གྱི་སྟེང་ནས་མཆན་སྤེལ་མཁན་ཡོད་མུས་སྟབས། དྭོགས་གཟོན་གནང་དགོས། བོད་རྒྱལ་རྒྱུར་ཅིག

  8. དྲག་བཙན་རང་གྲོལ། says:
    2020-12-08 at 1:13 am

    ཧཧ་་་སྐུ་ངོ་ལྷག་པ་ལགས། སྐུ་ངོ་བློ་བཟང་སེང་གེ་ཐེངས་དང་པོ་ལས་ཡུན་རྫོགས་ནས་ཐེངས་གཉིས་པ་ལངས་མིན་གསལ་བསྒྲགས་བྱེད་དགོས་པ་ཐོབ་ཐང་རེད། འཛམ་གླིང་གི་སྤྱི་སྲོལ་རེད། སྒྲིག་གཞི་གང་ལའང་འགལ་མེད་པ་རེད།
    རྒྱུ་མཚན་གཉིས་པ་སྲིད་སྐྱོང་དེ་གཞུང་གིས་བསྐོ་བཞག་བྱས་པའི་སྲི་ཞུའི་ལས་བྱེད་ལ་བརྩི་གི་མ་རེད། འབྲོང་ཆུང་དངོས་གྲུབ་གཞུང་གི་སྲི་ཞུ་ལས་བྱེད་པའི་ས་མིག་སྒང་ལ་བསྡད་ཡོད་རེད། གནས་ཚུལ་མཁྱེན་པ་གནང་རོགས།

  9. ལྷག་པ། says:
    2020-12-08 at 5:34 am

    དྲག་བཙན་རང་གྲོལ། ཡ་ཡ་ད་འོ་ན། རྒྱ་རི་སྒྲོལ་མ་དང་དངོས་གྲུབ་ཚེ་རིང་བཀའ་བློན་ཡིན་བཞིན་དུ་ལས་ཁུངས་ནས་བློ་སེང་དུས་ཡུན་དང་པོ་རྫོགས་ཁར་སྐབས་རྗེས་མའི་སྲིད་སྐྱོང་དུ་རྒྱབ་སྐྱོར་ཡོད་བཤད་སོང་། དེ་ག་རེ་རེད་དམ།

  10. གཞུང་པ་ཚེ་དབང་བསོད་ནམས says:
    2020-12-08 at 7:53 am

    ཨ་ཁ་འོ་ད་ཡང་༢༠༡༦ གི་སྲི་ངན་དེ་ལངས་ཡོང་བ་མ་རེད་དམ་?

  11. ལྷག་པ། says:
    2020-12-09 at 1:19 am

    དྲག་བཙན་རང་གྲོལ། ག་པར་ཡོད། ད་དུང་དཔེ་མཚོན་ཡོད་དྰ། ཨོ་དགའ་ཚང་སྐལ་རྡོར་ཨ་རིའི་དོན་གཅོད་ཡིན་བཞིན་བློ་སེང་སྲིད་སྐྱོང་དུ་སླེབས་ཆེད་འོས་བསྡུའི་དྲིལ་བསྒྲགས་ཤུགས་ཆེ་བྱས་ནས་༸གོང་ས་མཆོག་གསུང་ཤོར་བཅུག་པ་དེ་ཁྲིམས་མཐུན་རེད་པས།
    གཞུང་ཞབས་ཟུར་པ་བཀྲ་ཤིས་མིང་འཛིན་པ་ཁྱོད་ཀྱང་ཉོན། ཁྱོད་གཞུང་ཞབས་ཟུར་པ་ཞིག་མིན་ཐག་ཆོད། མིང་བརྫུན་འོག་ནས་གསལ་བསྒྲགས་དེས་མི་མང་མགོ་བསྐོར་མི་ཐུབ། གཞུང་ཞབས་ཟུར་པ་དང་གཞུང་ཞབས་པ་རྣམས་བོད་བསྟན་སྲིད་ལ་གཅེས་པ་དང་། བོད་མིའི་སྒྲིག་འཛུགས་ལ་དམིགས་བསལ་ཤ་ཞེན་ཟོལ་མེད་ཡོད་རྐྱེན། མི་མང་མགོ་བསྐོར་ཐེབས་ནས་གློ་བུར་དུ་སྲིད་སྐྱོང་དུ་སླེབས་པའི་བློ་སེང་གི་རུལ་སུང་ལ་སེམས་གཏིང་ནས་ཞེན་པ་ལོག་སྟེ། ད་ནི་སྐོམ་པས་གདུང་བས་ཆུ་ལ་རེ་བ་བྱེད་པ་བཞིན། སྲིད་སྐྱོང་དུ་སྐུ་ངོ་འབྲོང་ཆུང་ངམ། ཚོགས་ཟུར་སྤེན་ཚེ་མཆོག་ཕེབས་རེ་བྱེད་བཞིན་འདུག མ་ཟད་ཁོང་ཚོས་མི་ཚེ་ལེགས་སྐྱེས་སུ་ཕུལ་ཏེ་བཞག་པའི་རྗེས་ཤུལ་དེ་ཁྲམ་པའི་ཁ་ལ་མ་ཤོར་བ་བྱེད་གཏན་རེད། ཁྱོད་འདྲ་གཞུང་ཞབས་ཟུར་པ་ཨེ།

  12. བློ་བཟང་། says:
    2020-12-09 at 8:01 am

    ཧ་ཧ་ཧ་ཡང་རྒྱ་དགའ་བོད་སྡུག་གི་ལས་ཀ་བ་ཚོ་ཐོན་ཡོད་ས་རེད། བོད་པ་ཚོས་གཟབ་རོགས།

  13. ཁྲིམས་དཔོན། says:
    2020-12-09 at 11:29 pm

    གཞུང་ཞབས་ཟུར་པ་ཡིན་མདོག་བཀྲ་ཤིས་མིང་ཅན་ཁྱོད་ལ་ལན་ཡོད་ན་ཐོབས་དང་། བལྟ་ཆོག བཤད་ཆོག དེ་མིན་འུ་ཐུག་ཐབས་ཟད་ཀྱི་ལས་འདི་འདྲ་མ་བྱས་ན་བཟང་། སྤེན་ཚེའི་རྒྱབ་སྐྱོར་པ་ཚོ་འུ་ཐུག་ནས་འདྲ་མིན་བཤད་པ་འདི་རིགས་མཐར་རྣམ་སྨིན་རང་མགོར་སྨིན་བྱེད་ཆགས་ན། འགྱོད་པ་རྗེས་ལ་སྐྱེ་ངེས།

  14. པ་རྡོ་རེ། says:
    2020-12-10 at 12:56 am

    བོད་མི་རྣམས་ནས་དཔྱད་རྩོམ་འབྲི་སྐབས་གང་ཟག་ཅི་འདྲའང་རུང་ནག་པོ་བཟོ་བའི་ཐབས་སུ་མ་གནང་རོགས། ང་ཚོ་བོད་མི་རྣམས་ལ་ནག་པོ་བཟོ་མཁན་པད་༥༠ ཅན་གྱི་རྒྱ་མིའི་དམག་མི་ཞེས་པ་ཟུར་དུ་ཡོད་པས། དོགས་ཟོན་གལ་ཆེའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme