སྐལ་བཟང་རྡོ་རྗེ།
བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉམས་ལེན་ཞུ་དགོས་པའི་དུས་བཀག་དེ་ ༢༠༡༩།༡༢།༢༧ ཕྱི་དྲོ་ཆུ་ཚོད་ ༤ བར་དུ་རེད། དུས་བཀག་དེའི་ནང་ཚུན་བཀའ་ཤག་གིས་བཅད་ཁྲ་ཉམས་ལེན་མ་བྱས་ན། སྲིད་སྐྱོང་དང་བཀའ་བློན་ཚོའི་འོས་བསྡུའི་ཐོབ་ཐང་འཕྲོག་གི་ཡིན་ཞེས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཀའ་ཁྱབ་བཏང་ཡོད་རེད།
གཅིག
སྲིད་སྐྱོང་དང་བཀའ་བློན་ཚོར་འོས་བསྡུའི་ཐོབ་ཐང་མེད་པ་ཆགས་ན། མུ་མཐུད་ལས་ཁུར་ལེན་ཆོག་མིན་སྐོར་ཁྲིམས་སྒྲིག་ཁག་ཏུ་ཁ་གསལ་གང་ཡང་བཀོད་མི་འདུག རྒྱུ་མཚན་ནི་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསལ་ལྟར་ན། སྲིད་སྐྱོང་དང་བཀའ་བློན་འཕོ་འགྱུར་གྱི་དབང་ཚད་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འོས་བསྡུའི་ཐོབ་ཐང་དང་། བོད་ཀྱི་ཡུལ་མིའི་ཐོབ་ཐང་འཕྲོག་རྒྱུའི་དབང་ཆ་མ་གཏོགས། མང་ཚོགས་ཀྱིས་འོས་བསྡུ་བྱས་པའི་སྲིད་སྐྱོང་དང་། སྤྱི་འཐུས་ལྷན་ཚོགས་ནས་འདེམས་བསྐོ་བྱས་པའི་མཛད་གཙོ་རྣམ་པ་འཕོ་འགྱུར་གྱི་དབང་ཚད་མེད། ཡིན་ནའང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འོས་བསྡུའི་ཐོབ་ཐང་འཕྲོག་པའི་སྐྱེ་བོ་ཞིག་མུ་མཐུད་ལས་གནས་དེར་བསྡད་ན་བཟང་སྤྱོད་ཀྱི་ཐོག་ནས་ག་རེ་ཆགས་ཀྱི་རེད། ཁྲིམས་ཆད་ཕོག་ཟིན་པ་རེད། ཁྲིམས་ཆད་དེ་ཡང་གཤམ་འོག་ལས་བྱེད་ལ་མ་ཉེས་ཁག་གཡོགས་བྱས་པའི་ཐོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉམས་ལེན་མ་བྱས་པའི་ཆད་པ་རེད། ཁྲིམས་ཞིབ་ཁང་གི་བརྡ་ཐོར་ཉམས་ལེན་མ་ཞུས་པ་ཙམ་གྱིས་བཅའ་ཁྲིམས་དོན་ཚན་ ༡༣(༢) ནང་གསལ་བོད་ཀྱི་ཡུལ་མིའི་ལས་འགན་མ་བསྒྲུབས་པ་ཞིག་ཡིན་སྐོར་སྤྱིདམངས་གཏུག་བཤེར་ཁྲིམས་ཡིག་དོན་ཚན་ ༢༨ ནང་བཀོད་འདུག་པས། བཅད་ཁྲ་ཉམས་ལེན་མ་བྱས་ན་དེ་བས་ཀྱང་ཚབས་ཆེན་ཡིན་པ་བཤད་མི་དགོས་པ་ཞིག་རེད། བཀའ་ཤག་གི་ཁྲིམས་རྩོད་པར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་ཀྱི་ཆད་པ་བཀལ་ཚར་བ་རེད། གལ་སྲིད་བཀའ་ཤག་ལའང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་ཆད་པ་མཉམ་དུ་བཀལ་བ་ཡིན་ན། བཀའ་ཤག་གི་ཆད་པ་དེ་དག་ཐབས་ག་རེ་ཡོད་རེད། ཆད་པ་དེ་ལྟ་བུ་ཕོག་མཁན་གྱི་བཀའ་ཤག་དེར་མུ་མཐུད་འཛིན་སྐྱོང་གི་ལས་ཀ་བྱེད་ཆོག་པའི་ཁྲིམས་མཐུན་གྱི་གནས་བབས་ཤིག་ཡོད་སྲིད་དམ།
གལ་སྲིད་སྲིད་སྐྱོང་དང་བཀའ་བློན་ཚོས་རྩ་དགོངས་ཞུས་ན་ག་རེ་ཡོང་གི་རེད་ཟེར་ན། ཁོང་ཚོས་རྩ་དགོངས་ཞུས་པའི་ཉིན་མོ་ནས་ཉིན་གྲངས་ ༡༢༠ ནང་ཚུན་སྲིད་སྐྱོང་གསར་པ་འོས་བསྡུ་བྱེད་དགོས་པ་དང་། སྲིད་སྐྱོང་གསར་པ་མ་ཕེབས་བར་དུ་ཁོ་ཚོས་བར་བརྒལ་བཀའ་ཤག་གི་ལས་འགན་ལེན་དགོས་པ་དང་། དུས་ཡུན་དེའི་རིང་ལ་རྒྱུན་ལྡན་གྱི་ལས་དོན་ཙམ་ལས་སྲིད་ཇུས་དང་འབྲེལ་བའི་ཐག་གཅོད་གལ་ཆེན་བྱེད་ཆོག་གི་མ་རེད།
གལ་སྲིད་སྲིད་སྐྱོང་ཨུ་ཐུག་ནས་ལས་འཁུར་རྩ་དགོངས་ཞུས་ཏེ་ཨ་རིར་ཐོན་ཕྱིན་པ་ཡིན་ན། བཀའ་ཤག་རང་བཞིན་གྱིས་འཕོ་འགྱུར་འགྲོ་དགོས་ཀྱི་ཡོད་ནའང་། ལས་ཁུངས་གྲལ་རིམ་ལྟར་ཆོས་རིག་བཀའ་བློན་གྱིས་སྲིད་ཚབ་གནང་ནས་སྲིད་སྐྱོང་གསར་པ་མ་ཕེབས་བར་དུ་བར་བརྒལ་བཀའ་ཤག་དེ་སྡོད་དགོས་ཀྱི་རེད།
གཉིས།
གལ་སྲིད་བཀའ་ཤག་སྐབས་འདིའི་ལས་ཡུན་ནང་བཅད་ཁྲ་ཉམས་ལེན་མ་བྱས་པར། སྲིད་སྐྱོང་དང་བཀའ་བློན་འཁྱུར་རྗེས་སོ་སོ་སྒེར་གྱི་མིང་ཐོག་ནས་ཉམས་ལེན་ཆོག་གི་རེད་དམ་ཟེར་ན། ཆོག་གི་མ་རེད། རྒྱུ་མཚན་ནི། སྤེན་པ་ཚེ་རིང་ལ་སྐྱོན་འཛུགས་དོན་ཚན་བཅུ་བྱེད་མཁན་བཀའ་ཤག་འདི་ཡིན་པ་དང་། སྤེན་པ་ཚེ་རིང་གིས་ཁ་མཆུ་འཛུགས་སའང་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་ཤག་སྐབས་བཅོ་ལྔ་པ་འདི་ཡིན་པས། སྲིད་སྐྱོང་དང་བཀའ་བློན་ཚོས་ལས་ཐོག་ཡིན་པའི་སྐབས་རང་ལ་ཉམས་ལེན་བྱེད་དགོས་པ་ལས། ལས་འགན་འཁྱུར་རྗེས་ཁོང་ཚོ་སྒེར་ལ་ཉམས་ལེན་ཞུ་རྒྱུའི་ཐོབ་ཐང་མེད།
བཀའ་ཤག་གི་འགན་ཁུར་ནི་བཀའ་བློན་ཚང་མ་མཉམ་འདུས་ཀྱི་འགན་ཁུར་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༨ ནང་གསལ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་དང་འབྲེལ་བ་ཡོད་པའི་དོན་གནད་རྣམས་སྲིད་སྐྱོང་དང་བཀའ་བློན་རྣམས་སྤྱི་མོས་སམ་མང་མོས་ཀྱིས་གྲོས་དོན་ཐག་གཅོད་བྱེད་དགོས་པ་ལས་སྲིད་སྐྱོང་ངམ་བཀའ་བློན་བྱེ་བྲག་པ་ཞིག་གིས་ཐག་གཅོད་མི་ཆོག་པ་དང་། བཀའ་ཤག་གིས་གཏན་འབེབས་ཟིན་པའི་དོན་གནད་གང་ལའང་བཀའ་བློན་བྱེ་བྲག་པར་མོས་མཐུན་མེད་ཚེ་རང་ཉིད་བཀའ་བློན་གྱི་ལས་འཁུར་ནས་དགོངས་ཞུ་བྱེད་དགོས་པ་ལས་མོས་མཐུན་མེད་ཚུལ་དང༌། ཕྱོགས་འགལ་གྱིས་མང་ཚོགས་སུ་གསུང་བཤད་དང༌། གསར་འགོད་དྲིལ་བསྒྲགས་རིགས་མི་ཆོག
དེར་བརྟེན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་ཉམས་ལེན་མི་བྱེད་པའི་བཀའ་ཤག་གི་ཐག་གཅོད་ལ་མོས་མཐུན་མེད་ན། བཀའ་བློན་བྱེ་བྲག་པ་དེས་རང་གི་ལས་འཁུར་དགོངས་ཞུ་བྱེད་དགོས་པ་དང་། དགོངས་ཞུ་བྱས་པ་ཙམ་གྱིས་མི་ཆོག་པར། དགོངས་ཞུ་བྱེད་དགོས་པའི་རྒྱུ་མཚན་དུ་བཅད་ཁྲ་ཉམས་ལེན་ཞུ་དགོས་པའི་གལ་གནད་བཀོད་དེ་ཡོངས་བསྒྲགས་བྱེད་པའམ། རང་ངོས་ནས་བཅད་ཁྲ་ཉམས་ལེན་ཞུས་པ་ཡིན་པའི་གསལ་བསྒྲགས་བྱས་པ་ཡིན་ན། ད་གཟོད་བཀའ་བློན་དེ་ལ་འོས་བསྡུའི་ཐོབ་ཐང་འཕྲོག་རྒྱུའི་ཆད་པ་ཕོག་མ་དགོས་པ་ཆགས་སྲིད། ཡིན་ནའང་། བཀའ་ཤག་སྐབས་འདིའི་ཡུན་ཚད་རྫོགས་རྗེས། བཀའ་བློན་དེ་ལ་བཅད་ཁྲ་ཉམས་ལེན་ཞུ་རྒྱུའི་ཐོབ་ཐང་མེད་པ་དང་། འོས་བསྡུའི་ཐོབ་ཐང་སླར་གསོ་བྱ་རྒྱུའི་ལམ་ཁ་མེད་པ་ཆགས་ཀྱི་རེད།
གསུམ།
བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་སྣང་མེད་དུ་བཞག་སྟེ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྲིད་སྐྱོང་དང་བཀའ་བློན་རྣམས་ཀྱི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་ཐག་གཅོད་བྱས་པ་ཡིན་ན། མཇུག་འབྲས་ག་རེ་ཡོང་གི་རེད་དམ་ཞེ་ན།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་བློ་བཟང་སེང་གེ་དང་། བཀའ་བློན་རྣམ་པས་སྔར་བཤགས་ཕྱིས་འདོམས་མ་བྱས་བར་དུ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱ་རྒྱུ་ཡིན་ཞེས་འོས་བསྡུའི་ཐོབ་ཐང་བཀག་བསྐྱིལ་གྱི་དུས་བཅད་ལོ་ཡུན་ངེས་ཅན་དུ་མིན་པར། མི་ཚེ་ཧྲིལ་པོ་ཡིན་པ་གསལ་པོ་ཡིན།
བཀའ་བློན་ཁོངས་ནས་གཡུ་ཐོག་དང་འཁོར་ལྷ་ཚང་ལྟ་བུ་དགུང་ལོ་བགྲེས་པོ་ཡིན་པས། འོས་བསྡུའི་ཐོབ་ཐང་འཕྲོག་པ་ཙམ་ལ་དེ་འདྲའི་གྱོང་གུན་ཆེན་པོ་མིན་ནའང་། བཀའ་བློན་གཞན་པ་ཚོར་མཚོན་ན་མ་འོངས་པའི་ཆབ་སྲིད་ཀྱི་མདུན་ལམ་འཕྲོག་པ་དང་གཅིག་པ་རེད།
འོས་བསྡུའི་ཐོབ་ཐང་འཕྲོག་པ་ཡིན་ན། རང་ཉིད་བཀའ་བློན་དང་སྤྱི་འཐུས། ཁྲིམས་ཞིབ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སོགས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ལས་ཁུར་ལེན་མི་ཆོག་པ་མ་ཟད། ས་གནས་འཐུས་མི་དང་། ས་གནས་འགོ་འཛིན། རང་བདེན་ཚོགས་ཆུང་ཚུན་གྱི་འོས་གཞིར་ལངས་པ་དང་། འོས་ཤོག་འཕེན་མི་ཆོག་པ་དང་། མང་མོས་ཐག་གཅོད་འོས་བསྡུ་ལའང་འོས་ཤོག་འཕེན་མི་ཆོག་པ་ཆགས་ཀྱི་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འོས་བསྡུའི་ཐོབ་ཐང་འཕྲོག་པའི་བཀའ་ཁྱབ་བཏང་བ་ཡིན་ན། དེ་ལག་ལེན་དུ་བསྟར་མཁན་འོས་བསྡུ་ལས་ཁང་དང་། སྤྱི་འཐུས་ལྷན་ཚོགས་རེད། ལས་ཁུངས་འདི་གཉིས་ནས་འོས་བསྡུའི་ཐོབ་ཐང་འཕྲོག་ཟིན་པའི་སྲིད་སྐྱོང་དང་། བཀའ་བློན་རྣམ་པ་མི་ཚེ་ཧྲིལ་པོའམ། ཡང་ན་དུས་ཡུན་ངེས་ཅན་ནང་འོས་བསྡུའི་ལས་དོན་ནང་འཛུལ་ཞུགས་བྱེད་མི་ཆོག་པའི་བཀའ་ཆད་ཉམས་ལེན་བྱེད་དགོས་ཀྱི་རེད། གལ་སྲིད་ལས་ཁུངས་འདི་གཉིས་ཀའམ། ལས་ཁུངས་སུ་རུང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ལག་བསྟར་མ་བྱས་པ་ཡིན་ན། ལག་བསྟར་མི་བྱེད་མཁན་གྱི་ལས་ཁུངས་དེའི་འབྲེལ་ཡོད་ལ་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་བརྩི་མེད་བྱས་པའི་ཆད་པ་ཕོག་གི་རེད།
ཐེངས་འདིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་ནང་། འོས་བསྡུའི་ཐོབ་ཐང་འཕྲོག་རྒྱུ་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་མ་ལག་གི་གཞུང་འབྲེལ་ལས་གནས་གང་རུང་དུ་འདེམས་བསྐོ་བཀག་སྡོམ་དང་གནས་ཕབ་གནས་དབྱུང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟ་རྟོག་རོགས་རམ་དང་མཐུན་འགྱུར་སྦྱོར་སྤྲོད་མཚམས་གཅོད། གཞན་གང་རུང་བཅས་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱེད་ཆོག་ཅེས་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་དོན་ཚན་ ༥༡ [ཁ] ༢) པའི་འབྲུ་དོན་འདི་དག་ཀྱང་ལུང་འདྲེན་བྱས་ཡོད་པས། འོས་བསྡུའི་ཐོབ་ཐང་འཕྲོག་རྒྱུ་ཁོ་ན་མིན་པར། གོང་གི་ཆད་འགེལ་འདི་རིགས་ཀྱང་ཡོང་སྲིད་པའི་ཚོད་དཔག་བྱེད་ཆོག
བཞི།
བཀའ་ཤག་གིས་བཅད་ཁྲ་ཉམས་ལེན་བྱས་པ་ཡིན་ན། རྗེས་འབྲེལ་གྱི་གནད་དོན་རེ་ཟུང་མ་གཏོགས་ཁ་མཆུ་ཨང་ ༢༠ པའི་ལེའུ་གལ་ཆེ་ཤོས་དེ་མཇུག་རྫོགས་པ་རེད། གལ་སྲིད་ཉམས་ལེན་མ་བྱས་ཚེ། ཕྱི་ཟླ་ ༣ པའི་ནང་ཚོགས་རྒྱུའི་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་དོན་ཚན་ ༢༩ པ་གཞིར་བཟུང་བཀའ་ཤག་འཕོ་འགྱུར་གྱི་གོམ་པ་མ་སྤོས་རང་སྤོས་ཆགས་ཀྱི་ཡོད་པ་དང་། སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཡན་ལོངས་ཀྱི་ཡོད་མེད་ཇི་ལྟར་ཡང་། སྤྱི་འཐུས་ལྷན་ཚོགས་ནས་དེའི་ཐོག་བགྲོ་གླེང་མི་བྱེད་ཀ་མེད་ཆགས་ཀྱི་རེད།
བཅད་ཁྲ་དེའི་ནང་ད་དུང་སྤྱི་འཐུས་ལྷན་ཚོགས་ལ་འབྲེལ་བ་ཆགས་པའི་གནད་དོན་ཞིག་ནི། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་ཡིན་པ་དང་། དོན་གཅོད་ཟུར་པ་སྐལ་རྡོར་དང་། བཀའ་ཤག་གིས་ཨ་རི་བོད་ཀྱི་ཐེབས་རྩའི་དངུལ་འབོར་དེ་དག་ཨ་རི་དོན་ཁང་ལ་བུ་ལོན་གྱི་གན་ཡིག་བཞག་པའི་དངོས་དོན་དེ་དག་སྤྱི་འཐུས་ལྷན་ཚོགས་ལ་སྦས་སྐུང་བྱས་ཡོད་པ་དེ་བཅད་ཁྲའི་ནང་ཧ་ཅང་ཞིབ་རྒྱས་བཀོད་ཡོད་པ་དང་། བཀའ་ཤག་གིས་དེ་ལྟ་བུའི་ཁྲིམས་འགལ་གྱི་ལས་ཀ་བྱས་པ་ཞིག་ལ། བཀའ་ཤག་གི་ཁྲིམས་རྩོད་པས་དེའི་ནོར་འཁྲུལ་གྱི་འབྱུང་རྩ་བཀའ་ཤག་མིན་པར་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལྷན་ཚོགས་ནས་འདྲི་རྩད་མ་བྱས་པར་ལན་པ་ཡིན་ཚུལ་སྐད་གསེང་མཐོན་པོས་ཡང་ཡང་བསྒྲགས་པ་བཅད་ཁྲའི་ནང་གསལ་གྱི་འདུག
བཀའ་ཤག་གིས་རྒྱུན་དུ་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་བའི་ཐོག་ནས་ལས་དོན་སྙན་ཞུ་དང༌། དྲི་བར་ལན་འདེབས་བྱེད་དགོས་པ་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསལ་ཡོད་པ་དང་། གྲོས་ཚོགས་ལ་དངོས་དོན་སྦས་སྐུང་བྱས་ན། གྲོས་ཚོགས་ལ་དབུ་སྐོར་ཞུས་པ་ཆགས་ཀྱི་ཡོད་པས། ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀའི་སྐོར་ལ་བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ལ་ལས་དོན་སྙན་ཞུ་ཇི་ལྟར་ཕུལ་ཡོད་མེད་དང་། དེའི་ཐོག་གྲོས་ཚོགས་ནང་སྤྱི་འཐུས་ཀྱི་དྲི་བར་སྲིད་སྐྱོང་གིས་ལན་འདེབས་ཇི་ལྟར་ཞུས་ཡོད་མེད་གྲོས་ཚོགས་ཀྱི་དེབ་ཐེར་བསྔོགས་ཏེ་བགྲོ་གླེང་བྱེད་དགོས་པ་ཆགས་ཀྱི་རེད།
ལྔ།
བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དྲང་བདེན་བྱུང་མེད་ལུགས་རྒྱ་གར་ཁྲིམས་ཁང་ལ་ཞུ་གཏུག་བྱས་ན་བོད་མིའི་སྒྲིག་འཛུགས་སྤྱི་ལ་དཀའ་ངལ་ག་རེ་ཡོང་གི་རེད་དམ།
ཆེས་མཐོའི་ཁྲིམས་ཞིབ་ཁང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་མེད་པས། བཀའ་ཤག་གིས་ཁྲིམས་ཞིབ་ཁང་རྒྱ་གར་ཁྲིམས་ཁང་ལ་བསྐྱལ་བ་ཙམ་གྱིས་དཀའ་ངལ་ཡོང་གི་རེད་མདོག་མདོག་ཤོད་མཁན་ཚོས། རྩོད་པ་ཞིག་ཁྲིམས་སར་བསྐྱལ་བ་དེ་བདེན་པ་འཚོལ་ཆེད་ཡིན་པ་ལས། རྙོག་དྲ་བཟོ་ཆེད་མིན་པའི་གནས་ལུགས་ཤེས་ན། དེ་ལ་བློ་འཚབ་བྱེད་དགོས་དོན་མེད།
ཁ་མཆུ་ཨང་ ༢༠ པའི་རྩོད་པ་འདི་སློང་སྟངས་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་ནས་བསླངས་ཡོད་པ་དང་། རྩོད་པ་འདིའི་ཐག་གཅོད་ཀྱང་བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཁག་གཞིར་བཞག་གིས་གནང་ཡོང་བ་ཞིག་ཡིན་པས། ཁ་མཆུ་འཛུགས་མཁན་དང་། རྩོད་ལན་བྱེད་མཁན་གཉིས་ཀར་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ཁྲིམས་སྒྲིག་ཁག་རྒྱ་གར་ཁྲིམས་ཁང་ལ་ཨིན་ཡིག་ཐོག་འབུལ་དགོས་པ་དང་། བཅད་ཁྲ་ཤོག་གྲངས་ ༡༠༢༨ ཨིན་སྒྱུར་དགོས་པ་སོགས་ཀྱི་ལས་རྙོག་ཆེ་ཙམ་འབྱུང་རྒྱུ་ཡིན་ན་མ་གཏོགས། རྒྱ་གར་ཁྲིམས་ཁང་ལ་ཁ་མཆུ་བཙུགས་པ་ཙམ་གྱིས་བོད་མིའི་སྒྲིག་འཛུགས་ལ་དཀའ་ངལ་ཡོང་དོགས་མེད། རྒྱུ་མཚན་ནི་བཀའ་ཤག་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་རྒྱ་གར་ཁྲིམས་ཁང་ལ་བསྐྱལ་བའི་རྩོད་གཞི་དེ་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲའི་དོན་གནད་བྱེ་བྲག་ཅིག་ཡིན་དགོས་ཀྱི་རེད་མ་གཏོགས། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས་ཡོད་མེད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་དེ་རྒྱ་གར་ས་ཐོག་ཏུ་ཁྲིམས་མཐུན་ཆགས་ཀྱི་ཡོད་མེད་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཁ་མཆུ་ཐག་གཅོད་བྱེད་པའི་དབང་ཚད་ཡོད་མེད་སོགས་ཀྱི་སྐོར་ལ་ཁ་མཆུ་འཛུགས་སྲིད་མདོག་ཁ་པོ་མ་རེད།
བཀའ་ཤག་གི་ཁྲིམས་རྩོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁོ་རང་ལ་ཁྱད་གསོད་ཀྱི་ཆད་པ་བཀལ་བ་དེ་སྨྲ་བརྗོད་རང་དབང་དང་འགལ་ལུགས་དང་། ཁོ་རང་གིས་དེ་དོན་རྒྱ་གར་ཁྲིམས་ཁང་ལ་ཞུ་གཏུག་བྱས་པ་ཡིན་ན། དེ་ནི་ཁ་མཆུ་ཨང་ ༢༠ པའི་གྱོད་དོན་ངོ་མ་དང་ཐད་ཀར་འབྲེལ་བ་མེད་པས། བཀའ་ཤག་ལ་དངོས་གནས་དྲང་གནས་བཅད་ཁྲ་དྲང་བདེན་བྱུང་མེད་པའི་སེམས་ཚོར་ཤུགས་ཆེན་པོ་ཡོད་ན། བརྒྱུད་རིམ་འདིའི་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་འགྲན་ཡ་འཛུགས་པའི་གོ་སྐབས་ཤིག་མངོན་གྱི་འདུག
ཡིན་ནའང་། བཀའ་ཤག་དང་། བཀའ་ཤག་གི་ཁྲིམས་རྩོད་པ་གཉིས་ཀར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་གང་ཞིག་དྲང་བདེན་བྱུང་མེད་པ་དང་། ཐོབ་ཐང་གང་ཞིག་གནོད་སྐྱོན་བཟོས་ཡོད་པའི་ཁུངས་སྐྱེལ་ངེས་གསལ་ཞིག་ངེས་པར་དུ་དགོས་ཀྱི་ཡོད་རེད།
དྲུག
སྲིད་སྐྱོང་དང་བཀའ་ཤག་གིས་བཙན་བྱོལ་སྤྱི་ཚོགས་ནས་རང་ཉིད་ལ་རྒྱབ་སྐྱོར་གྱི་རྣམ་པ་སྟོན་མཁན་དང་། ངོ་རྒོལ་གྱི་རྣམ་པ་སྟོན་མཁན་གཉིས་ཀའི་གནས་བབས་ལ་བསམ་ཞིབ་བྱེད་ཐུབ་དགོས་པ་དང་། ཁྲིམས་ལུགས་དབང་འཛིན་དང་། ཁྲིམས་བཟོ་ལྷན་ཚོགས་ལ་ཁྲིམས་མཐུན་གྱི་འགན་ཁུར་ལེན་ཐུབ་དགོས་པ་མ་ཟད། གལ་ཆེ་ཤོས་ནི་བཙན་བྱོལ་གྱི་མང་གཙོའི་འཕེལ་རིམ་ལ་དོ་ཕོག་གནོད་རྐྱེན་མི་འབྱུང་བ་དང་། བཙན་བྱོལ་སྤྱི་ཚོགས་ཐེར་ཚལ་སྦར་ཚལ་མི་འགྲོ་བའི་ཁྲིམས་ཀྱི་འགན་ཁུར་དང་བཟང་སྤྱོད་ཀྱི་འགན་ཁུར་ཏག་ཏག་ལེན་ཐུབ་དགོས་ཀྱི་རེད།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང་བཀའ་ཁྱབ་ལ་བརྩི་མེད་བྱས་པའི་མཇུག་འབྲས་ནི་ལས་སླ་པོའི་སྒོ་ནས་ཚོད་དཔག་བྱེད་ཐུབ་པ་ཞིག་མིན་ལ། བཀའ་ཤག་གིས་མང་ཚོགས་ཀྱི་རྣམ་དཔྱོད་དང་སྟོབས་ཤུགས་ལ་དམའ་རྩིས་གཏན་ནས་གནང་མི་འོས་སྙམ།
བྱང་ཐང་ནས་ཚྭ་ལེན་མཁན་བཀའ་ཤག་རེད། ད་དུང་བཀའ་ཤག་བྱང་ཐང་ལ་ཚྭ་འཚོང་གི་འགྲོ་རྩིས་རེད་དམ། །
བཀའ་བློན་ཁོངས་ནས་གཡུ་ཐོག་དང་འཁོར་ལྷ་ཚང་གཉིས་ཀྱི་རྒན་ཡོལ་འགྲོ་སའི་ཁང་པའི་ཐོབ་ཐང་མེད་པ་བཟོས་པ་རེད། གྱོང་ཆེན་པོ་རེད།
ཡག་པོ་བྲིས་འདུག འདི་འདྲ་བྲིས་ན་མི་དམངས་བྱིང་ལ་ཕན་ཐོག་ཆེན་པོ་འདུག དེ་མིན་ཁ་ངན་ཚིག་རྩུབ་ཀྱིས་ཕན་དགོས་སར་མི་ཕན་པར་གནོད་མི་དགོས་སར་གནོད་ཀྱི་འདུག
ཡག་པོ་ཞེ་དྲག་བྲིས་འདུག འོན་ཀྱང་ང་གད་མོ་ཞིག་ཤོར་བཞིན་འདུག ད་ལྟའི་སྲིད་སྐྱོང་དང་བཀའ་ཤག་ནས་དགོངས་ཞུ་བྱེད་མི་སྲིད་པ་ཞིག་རེད། རྒྱུ་མཚན་ནི་སྲིད་སྐྱོང་ཁོང་ལ་ཁ་སྐྱེངས་ཟེར་བ་དེ་འདྲ་ཞིག་གཏན་ནས་མེད་ཚོད་རེད། དེ་མིན་བཙན་བྱོལ་བོད་གཞུང་ལ་བསམ་བློ་མ་བཏང་ནའང་ངོ་ཚ་ཤེས་དགོས་པ་རེད། མི་འདི་འདྲ་ཡོད་ན་དཀའ་ལས་ཁག་པོ་རེད། ཁོང་ཁ་བདེ་བོ་དང་རྫུན་བཤད་མཁས་པ་རེད། མི་མང་པོ་ཞིག་གི་དེར་དབུ་འཁོར་ནས་སྡོད་ཀྱི་རེད། དེར་ཐབས་ཤེས་ཡོད་པ་མ་རེད། །
༄༄། སྐལ་བཟང་རྡོ་རྗེ་ལགས་ནས་བཅད་ཁྲའི་དགོང་དོན་ཐོག་དགོང་འཆར་གནང་བ་གང་ལེགས་འདུག་རུངབཀའ་གཤག་ནས་བཅད་ཁྲའི་དགོང་དོན་རྩིས་འཁུར་གནང་མིན་ལ་མ་ལྟོས་པར་ཁ་ཆུ་ཨང་ ༢༠ པའི་རྒྱུད་རིམ་འདི་ཚར་ལ་ཉེ་བ་ལ་སླེབ་ཟིན་ཡོད་ན་འདིའི་འཇུག་འབྲས་གཙོ་བོ་དེ་༧གོང་ས་༧སྐྱབས་ཆེན་པོ་མཆོག་གི་དགོང་གཞི་དང་ལྡན་མིན་དང་ དེ་བཞིན་ང་ཚོས་དུས་དང་རྣམ་པ་ཀུན་དུ་ཟབས་ནན་བྱེས་དགོས་པའི་རྒྱ་དམར་གཞུང་ནས་ང་ཚོའི་བོད་མིའི་སྒྲིགས་འཚུག་འདི་ལ་འབྲེལ་འརྗོད་ག་འདྲ་ཞིག་བྱེད་དམ་བསམ་པའི་བློ་དོག་ཞིག་བདག་ལ་ཡོད་ཞུ་རྒྱུ་ཡིན་ནོ་།།
ངོ་མ་ཡག་གི་