བཀའ་སྤྱི་གཉིས་ཀྱི་ལས་འགུལ་ལས་འཕྲོས་པའི་གཏམ། ཆབ་མདོ་ངག་ཕུན། Posted on 2013-02-19 By ཁ་བརྡ་ 1 Comment on བཀའ་སྤྱི་གཉིས་ཀྱི་ལས་འགུལ་ལས་འཕྲོས་པའི་གཏམ། ཆབ་མདོ་ངག་ཕུན། དང་པོ། བཀའ་སྤྱི་གཉིས་ཀྱི་སྣེ་ཁྲིད་འོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ནང་ཉིན་རེ་བཞིན་ཛ་དྲག་གི་གནས་སྟངས་འགྱུར་བཞིན་པར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་སོང་ལ། ད་རེས་ལས་འགུལ་ནང་རྒྱ་གར་དུ་གནས་སྡོད་བོད་མི་གང་མང་རྒྱབ་རང་འཁུར་གྱིས་ཕེབས་འདུག་ཅིང་། ལྷག་པར་ད་རེས་ཀྱི་ལས་འགུལ་ནང་བོད་མི་རྒན་དར་གཞོན་གསུམ་དང་སྐྱ་སེར་རིས་མེད་འདུས་འདུག་ཅིང་། བཀའ་སྤྱི་གཉིས་ཀྱི་ལམ་སྟོན་གནང་དོན་ལྟར་རྒྱ་ཆེ་མང་ཚོགས་ཀྱང་དེ་བཞིན་ལས་དོན་མཐའ་དག་ཆད་ལྷག་མེད་པ་འབད་བརྩོན་གནང་སོང་། ད་ནི་བོད་མི་རྣམས་ནི་དེ་སྔོན་དང་མ་འདྲ་བ་བསམ་རྒྱ་དང་ཐོས་རྒྱ་ཆེ་རུ་ཕྱིན་འདུག་སྙམ་པའི་ཚོར་སྣང་བྱུང་ལ། དེ་ཡང་སྔོན་དང་མ་འདྲ་བ་བཞེས་ལག་བཏང་དུས་ཚང་ཁ་མེད་པ་བང་རིམ་ཚུལ་མཐུན་བསྒྲིགས་པ་དང་། རླངས་འཁོར་ནང་འགྲོ་དུས་ཀྱང་དཔེ་དེ་བཞིན་མི་འཐུས་རྣམས་ཀྱིས་བཀོད་མངགས་ལྟར་བང་རིམ་བསྒྲིགས་ནས་འགྲུལ་བཞུད་གནང་སོང་ལ། བཀའ་སྤྱི་གཉིས་ཀྱི་གོ་སྒྲིག་གིས་མི་མང་སྡོད་གནས་ཁག་ཀྱང་དངོས་གནས་ཧ་ལས་པ་མཐུན་འགྱུར་བསྐྲུན་གནང་མཛད་འདུག་ཅིང་། དེ་བཞིན་ལས་འགུལ་སྤེལ་སྟངས་དེ་དག་ཀྱང་ཧ་ལས་པའི་གྲ་སྒྲིག་པོ་དང་ཚགས་ཚུད་པོ་གནང་སོང་བས། ངས་ཁོང་རྣམས་པ་ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་། ལྷག་པར་དེ་སྔོན་དང་མ་འདྲ་བའི་ད་རེས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་མང་པོ་ཞིག་གདན་ཞུས་ལྟར་དུས་ཐོག་ཕེབས་ནས་རྒྱ་གར་གཞུང་མང་གཉིས་ཀྱི་བོད་ཐོག་ལ་རྒྱབ་སྐྱོར་བྱ་མུ་ཡང་ད་དུང་མུ་མཐུད་དེ་མ་འོངས་པར་བོད་དོན་རྒྱབ་སྐྱོར་ཆེ་རུ་གཏོང་རྒྱུ་དང་། ལྷག་པར་འཕགས་བོད་ཀྱི་འབྲེལ་བ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་བླ་སློབ་ཀྱི་འབྲེལ་ལམ་དམ་ཟབ་ཡོད་ཅིང་། ༡༩༥༩ བོད་ལ་རྒྱ་དམར་བཙན་འཛུལ་གྱིས་བོད་ཆོལ་ལྡན་གྱི་ཞིང་ཁམས་འདི་ཉིད་རྒྱ་དམར་གྱིས་བཙོན་ར་ཆེན་པོ་ཞིག་ཏུ་འཛུགས་སྐྲུན་བྱས་པ་ལས་གཞན་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་ལས་དོན་གང་ཡང་བྱས་མེད་པ་དང་། དེ་བཞིན་བོད་ཀྱི་རང་བྱུང་གཏེར་ཁ་སོགས་བསྔོག་འདོན་བྱེད་བཞིན་ཡོད་པ། བོད་མི་རྣམས་ལ་རང་ས་རང་བདག་མེད་པ་སོགས་ཀྱིས་དཀའ་སྡུག་གི་དུ་མ་ཞིག་ཕྲད་ཀྱི་ཡོད་པ། གཞིས་ལུས་རྒྱ་ཆེ་མི་མང་རྒྱ་ནག་དམར་པོའི་བཙམ་གནོན་འོག་ཏུ་སྡོད་འདོད་མེད་པས་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་མི་ལུས་རིན་ཆེན་མཆོད་མེ་སྒྲོན་ནས་ངོ་རྒོལ་བྱེད་ཀྱི་ཡོད་ཀྱང་ད་དུང་རྒྱ་གཞུང་གིས་བསམ་ཤེས་མེད་པའི་ལོག་བཤད་སྣ་ཚོགས་ཤིག་བྱེད་ཀྱི་ཡོད། དེ་བཞིན་རྒྱ་གཞུང་གི་བོད་བཙན་བཟུང་བྱས་ནས་བཟུང་སྟེ་རྒྱ་གར་གྱི་ས་མཚམས་ཁག་ལ་གཏན་ལྷིང་མེད་པའི་གནས་སྟངས་འོག་ཕན་ཚུན་དོགས་ཟོན་ཁོ་ནའི་སྡོད་དགོས་ཐུག་གི་ཡོད་པ་རེད། བོད་ཀྱི་དཀའ་རྙོག་དེ་དག་ནི་བོད་མིའི་ཁེ་ཕན་གཅིག་པུའི་གནད་དོན་མ་ཡིན་པར་ཤར་གླིང་ཨེ་ཤ་ཡ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། དེ་ཡང་བྷི་ཇེ་བི་ཆབ་སྲིད་བློན་ཆེན་ཟུཔ་སྐུ་ཞབས་ཨ་ཌཱ་ཝ་ནི་མཆོག་གིས་གསུངས་བཤད་ལས། “སྔོན་མ་རྒྱ་གར་གྱི་ནང་སྲིད་བློན་ཆེན་སར་ཌར་པཱ་ཊེལ་མཆོག་གིས་ཕྱི་ལོ་ ༡༩༥༩ ཟླ་ ༡༡ ཚེས་ ༧ ཉིན་བོད་དོན་དང་འབྲེལ་བའི་གལ་ཆེའི་ཡི་གེ་ཤོག་གྲངས་བདུན་ཅན་ཞིག་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ནེ་རུ་མཆོག་ལ་ཕུལ་ཡོད། རྒྱ་གར་ནང་དེའི་སྐབས་དཀའ་ངལ་ཆེན་པོ་ཡོད་ཀྱང་བོད་དོན་ཐོག་འགན་ཁུར་བཞེས་ཀྱི་ཡོད་པ་གསལ་པོ་རེད།” ཅེས་དང་། རྒྱ་གར་ཀོང་རི་སི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་འཐུས་མིའི་གཙོ་འཛིན་དང་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲིཡ་དཏྟ་མཆོག་གིས་གསུང་བཤད་ལས། “བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པར་སེམས་འཚབ་ཆེན་པོ་ཡོད། ད་ལྟ་སྲིད་སྐྱོང་དང་ཚོགས་གཙོའི་གསུང་བཤད་ཀྱིས་བོད་ཀྱི་གནད་དོན་དང་མངོན་འདོད་སོགས་མང་པོ་ཞིག་ཤེས་རྟོགས་བྱུང་།” ཞེས་དང་། ཡང་”བོད་མིའི་སེམས་ཤུགས་མངོན་འདོད་ལ་རྒྱ་གར་གྱི་ཚོགས་པ་ཡོངས་ནས་རྒྱབ་སྐྱོར་ཡོད།” ཅེས་སོགས་བོད་དོན་འབྲེལ་བའི་གསུང་བཤད་གནང་ཡོད། ཡང་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་ཀོང་རི་སི་ཚོགས་པའི་གཞུང་འབྲེལ་སྐུ་ཚབ་ནཊ་ཆི་པན་མཆོག་གིས་གསུང་བཤད་ལས། “ང་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ཙམ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་སེམས་འཚབ་ཡོད། ཁྱེད་རང་ཚོ་བོད་མི་ཚང་མ་གཅེན་གཅུང་ལ་རྩི་བཞིན་ཡོད་པ་ལས་ཁྱིམ་མཚེས་དང་། སྐྱབས་བཅོལ་བ་སོགས་ལ་ངོས་འཛིན་ཞུ་གི་མེད། ཚོར་སྣང་དེ་ཡང་ང་ཚོའི་དབུ་ཁྲིད་སོ་ནི་གྷན་དྷི་མཆོག་ལ་ཡོད་སྐོར་”སོགས་གསུང་བཤད་གནང་ཡོད། དེ་བཞིན་ད་ལྟའི་བོད་ཀྱི་གནས་སྟངས་དང་དེས་རྒྱ་དཀར་ནག་གཉིས་ལ་ཤུགས་རྐྱེན་ཅི་ཐེབས་སྐོར་ལ་མཁས་པའི་བགྲོ་གླེང་སྐབས་སུ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་ནང་ཕྱི་ལོ་ ༢༠༠༩ ལོ་ནས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་དང་པོ་བྱུང་ས་དང་། དེ་བཞིན་རང་ལུས་མེར་བསྲེགས་མང་པོ་གཏོང་སའང་ངའི་ཕ་ཡུལ་ཨ་མདོ་རྔ་བའི་ས་ཁུལ་ཆགས་ཡོད་པ་དང་། དེའི་རྒྱུ་མཚན་ནི། ཕྱི་ལོ་ ༡༩༣༥ ལོར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་དམར་དམག་གི་གོམ་པ་རིང་པོའི་རྒྱང་སྐྱོད་ཟེར་བས་ཨ་མདོ་རྔ་བའི་ས་ཁུལ་བརྒྱུད་ནས་བོད་སར་ཐོག་མར་བཙན་འཛུལ་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་མིའི་ཞི་རྒོལ་སྐབས་རྔ་བའི་མི་མང་ཐོག་མེ་མདའ་གང་བྱུང་བརྒྱབ་སྟེ་མི་གྲངས་ ༢༣ དམར་གསོད་བཏང་བ་དང་། ད་དུང་མང་པོ་ཞིག་ལ་རྨས་སྐྱོན། སུན་གཙེར། དམ་བསྒྲགས་དང་གདུག་རྩུབ་ཀྱིས་རྔ་བ་ཀིརྟི་དགོན་པ་བཙོན་ཁང་དང་། གྲྭ་པ་རྒན་གཞོན་བར་གསུམ་དུས་གཅིག་ལ་བཙོན་པའི་ངོ་བོ་ལྟ་བུར་བསྒྱུར་ཏེ་མནར་གཅོད་ཚད་མེད་བཏང་བར་བརྟེན། ད་ལྟའི་ཛ་དྲག་གི་དོན་རྐྱེན་འདིའི་མགོ་བཙུགས་པ་ཞིག་ཡིན་སྐོར་གསུང་ཡོད། སྐུ་ཞབས་ཇ་ཡ་ཌེ་ར་ན་ཌེ་མཆོག་གིས་གསུང་བཤད་ལས། “བོད་ནང་དམག་གི་རྟེན་གཞི་ ༦༩༠༠ ལྷག་བཙུགས་ཡོད་སྐོར་དང་། བོད་ཀྱི་ས་ཁུལ་ཁག་ཏུ་རྒྱ་མིའི་དཔོན་རིགས་མང་པོ་ཆེད་གཏོང་གི་ལས་གཞི་སྤེལ་བཞིན་པ་དེས་བོད་ཀྱི་ས་ཁུལ་བརྟན་ལྷིང་ཡོང་རེ་བྲལ་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་”ལ་སོགས་པའི་གསུང་བཤད་གལ་ཆེན་གནང་ཡོད། གྷན་དྷི་དིའི་ཞི་བདེ་དགེ་རྩ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ར་དྷ་བྷ་ཏ་མཆོག་གིས་གསུང་བཤད་ལས། “བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཡོད་པ་དང། གལ་ཏེ་འདི་བརླག་པ་ཡིན་ན། བོད་གཅིག་པུའི་གྱོང་གུན་ཙམ་མིན་པར་འཛམ་གླིང་གི་གཅེས་ནོར་རྩ་ཆེན་པོ་ཞིག་བརླག་འགྲོ་བཞིན་ཡོད་པར་བརྟེན། རྒྱ་གར་མི་མང་ཚང་མས་བོད་དོན་ཐོག་ཚོར་ཤུགས་ཡོད་པ་ཞིག་བྱེད་རྒྱ་གལ་ཆེན་པོ་རེད།” ཅེས་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་གྷོ་སྤལ་སྤུར་བོད་ཁྱིམ་སློབ་གྲྭའི་གཏམ་བརྗོད་འཁྲབ་སྟེ་དངོས་གནས་ད་ལྟ་བོད་ནང་དཀའ་སྡུག་མྱོང་བཞིན་པ་མཚོན་པའི་དོན་དག་སྙིང་བསྡུས་གཏམ་བརྗོད་ཡག་པོ་ཞིག་འཁྲབ་གནང་སོང་ཞིང་། འཁྲབ་སྟོན་པ་སློབ་ཕྲུག་དེ་དག་གི་དངོས་གནས་ཁྲབ་རྩལ་གྱིས་མི་མང་རྣམས་ལ་སྨྲ་མི་ཤེས་པའི་ཚོར་བ་ཟབ་མོའི་འོག་ནས་མི་ཚང་མ་མིག་ཆུ་མི་ཤོར་མཁན་ཕལ་ཆེ་གཅིག་ཀྱང་མི་འདུག་ཅིང་། གཏམ་བརྗོད་དེས་རྒྱ་ཆེ་མི་མང་རྣམས་ཀྱི་སེམས་རྒྱུད་ལ་བག་ཆགས་བཟང་པོ་ཞིག་འཇོག་སོང་སྙམ་པའི་འཚོ་སྣང་ཞིག་དབང་མེད་དུ་སྐྱེས་བྱུང་། ད་རེས་ཀྱི་ལས་འགུལ་ལམ་ལྷོང་ངང་ནས་མཇུག་སྒྲིལ་སོང་ཞིང་། མ་འོངས་པ་ཡིན་ནའང་ལས་དོན་དེ་རིགས་ཆགས་གཞི་གོ་རིམ་ལྡན་པ་གང་མང་སྤེལ་ཐུབ་ཚེ་ཕན་ཐོགས་ཆེན་པོ་ཡོད་པར་མངོན། གཉིས་པ། ད་ནི་རྒྱ་གཞུང་གིས་བོད་བཙན་བཟུང་བྱས་ནས་རྒྱ་གཞུང་ལ་ཁེ་ཕན་ཁོ་ན་མ་གཏོགས་བོད་མི་རིགས་ལ་ཕན་ཐོགས་ཡོད་པའི་ཡར་རྒྱས་ལས་སྣེ་གཅིག་བཏང་མེད་ལ། བོད་མི་རིགས་ལ་གནོད་གཞི་ཅན་གྱི་ལས་འགུལ་ཟམ་མ་ཆད་པ་རྐྱང་རྐྱང་སྤེལ་དང་སྤེལ་བཞིན་ཡོད་ཅིང་། བོད་མི་རྣམས་ཀྱི་སེམས་ནང་གི་དཀའ་ངལ་ཕྱིར་འདོན་མ་ཐག་དེ་དག་གི་འབྱུང་རྩ་ཞིབ་འཇུག་རྩ་བ་ནས་མེད་པའི་ཁ་བྲལ་རིང་ལུགས་པ་ཞེས་ཞྭ་མོ་གཡོག་རྐྱང་གིས་བཙོན་འཇུག་དང་སྡུག་སྦྱོང་འདྲ་མིན་སྣ་ཚོགས་ཤིག་གཏོང་གི་ཡོད་པ་རེད་ལ། དེ་བཞིན་ཕྱི་སྡོད་བོད་མི་རྣམས་ཀྱི་བརྒྱུད་བསྐུལ་བྱས་ཚུལ་སོགས་ཀྱི་གཞི་མེད་ཀྱི་སྐྱོན་འཛུགས་རྐྱང་རྐྱང་གིས་སྔུག་སྦྱོང་གཏོང་བ་ལས་བོད་མི་དེ་དག་གི་སེམས་ནང་གི་དངོས་འདོད་གང་ཡིན་པ་ཞིབ་འཇུག་བྱེད་རྒྱུ་ལས་ལྡོག་སྟེ་ཐབས་ལམ་སྣ་ཚོགས་བཙལ་ནས་གདུག་རྩུབ་ཅན་གྱི་ཁྲིམས་ལུགས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་དེ་རེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་དང་རྣམ་པ་ཀུན་ནས་དེ་རིགས་བརྒྱུད་བསྐུལ་བྱེད་མྱོང་མེད་ལ། སེམས་ནང་དུ་འཁོར་མྱོང་མེད་པ་དེ་རེད། དེ་ཡང་སྲིད་སྐྱོང་མཆོག་གིས་གསར་འགོད་པ་རྣམས་ཐུག་འཕྲད་ཀྱིས་གསུང་བཤད་ལས། “བོད་མིའི་སྒྲིག་འཛུགས་ནས་གཞིས་བཞུགས་བོད་མི་རྣམས་ལ་འུ་ཐུག་གི་ལས་འགུལ་དེ་རིགས་མ་སྤེལ་རོགས། ཞེས་འབོད་བསྐུལ་ཞུ་མུས་ཡིན་ནའང་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དམ་བསྒྲགས་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་མ་ཟད། བོད་མི་འབྲོག་པ་རྣམས་ལ་བཙན་དབང་གིས་གཞིས་སྤོས་བྱེད་བཅུག་པ་སོགས་ཀྱི་སྲིད་བྱུས་ལས་བྱུང་བ་”སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། རྒྱ་གཞུང་གི་དྲག་གནོན་ག་ཚད་གཅིག་བྱས་ནའང་ད་དུང་གཞིས་ལུས་རྒྱ་ཆེ་མི་མང་གིས་གཅིག་རྗེས་གཉིས་རྗེས་མཐུད་ནས་གཅེས་པའི་སྐུ་སྲོག་ཡོད་ཚད་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་བཞིན་ཡོད་ལ། དེ་དག་ལ་རྒྱ་གཞུང་ངོ་ཚ་ཁྲེལ་གཞུང་མེད་པའི་དེ་དག་བརྒྱུད་བསྐུལ་བྱེད་མཁན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡིན་ཚུལ་སོགས་ཀྱི་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་བཞིན་ཡོད་པ་དེ་རེད། སེམས་ནང་དཀའ་སྡུག་བཟོད་ཐབས་མེད་པ་ཞིག་མེད་ན་གཞན་གྱིས་བརྒྱུད་བསྐུལ་བྱས་པ་ཙམ་གྱི་སྐུ་ལུས་མཆོད་མེ་སྒྲོན་སྲིད་ཀྱི་རེད་དམ། རྒྱ་དམར་གཞུང་གི་མི་ལོ་དྲུག་ཅུ་ལྷག་ཙམ་ཞིག་གི་རིང་དུ་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོ་དགོན་རྙིང་རིན་ཐང་བྲལ་བ་རྩ་གཏོར་བཏང་བ་དང་། བོད་མི་རིགས་ཀྱི་ཚེ་འདི་གཉིས་ཀྱི་སྐྱབས་གནས། ༸རྒྱལ་བ་རིན་པོ་ཆེའི་མཚན་ཙམ་ཡང་འབོད་དབང་མེད་པ། ཁོང་ལ་མཚན་སྨད་དང་དམའ་འབེབ་སྣ་ཚོགས་ཤིག་གཏོང་བ་དང་། བོད་ཀྱི་རང་བྱུང་གི་ཁོར་ཡུག་ལ་གཏོར་བཤིག་ཚད་ལས་འདས་པ་བཏང་དང་གཏོང་བཞིན་ཡོད། དེ་བཞིན་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་སྐད་ཡིག་སྦྱོང་དབང་མེད་ཅིང་། མི་འདོད་བཞིན་དུ་མི་རིགས་གཞན་སྐད་ཡིག་སྦྱོང་དགོས་ཐུག་གི་ཡོད་པ། འབྲོག་ས་གྲོང་སྡེ་ལ་བསྒྱུར་བ། བོད་མི་རིགས་ཀྱི་སེམས་ཁམས་དང་ཁྱོན་ནས་མི་མཐུན་པའི་རྒྱལ་གཅེས་ཆོས་གཅེས་ཞེས་དགོན་སྡེ་ཡོངས་རྫོགས་ལ་བཙན་དབང་གིས་སློབ་གསོ་སྤྲོད་ཀྱི་ཡོད་པས་བོད་མི་རིགས་ཀྱི་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་རྒྱ་གཞུང་གིས་བཟོ་བཞིན་ཡོད། ཏཱ་ལའི་མི་རིགས་ཁ་བྲལ་གཏོང་གི་ཡོད་ཚུལ་སོགས་ཀྱི་གཞི་མེད་ཀྱི་སྐྱོན་བརྗོད་དབང་གིས་བོད་མིའི་སྙིང་ལ་གྲི་བཙུགས་པ་ནང་བཞིན་རྨ་ཁ་རྐང་བཙུགས་ནས་རྒྱ་མིས་མི་རིགས་ཁ་བྲལ་བཟོ་བཞིན་ཡོད། བོད་གཞིས་ལུས་རྒྱ་ཆེ་མི་ཁྲག་དང་མིག་ཆུའི་འོག་ཏུ་འཚོ་བ་རོལ་དགོས་པའི་གནས་སྟངས་ཐབས་སྐྱོ་འོག་ནས་སེམས་ནང་དུ་མ་བཟོད་ནས་སྐུ་ལུས་མཆོད་མེ་སྒྲོན་དགོས་ཐུག་གི་ཡོད་པ་རེད། ད་ལྟ་བར་དུ་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་དང་གཉིས་སྐུ་ལུས་མཆོད་མེ་སྒྲོན་མཁན་བྱུང་ཡོད་པས། དེ་དག་ལ་སུ་ཞིག་གིས་གཞན་ལ་གནོད་པ་ཚིག་ངན་གཅིག་ཀྱང་བརྗོད་མེད་པས་ཁོང་རྣམ་པའི་ཞལ་ཆེམས་ལས་རྟོགས་ཐུབ་པ་ཞིག་རེད། འཚེ་མེད་ཞི་བའི་ཁོ་ན་ཐོག་ནས་ལས་འགུལ་སྤེལ་ཡོད་པས། དེ་དག་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་གསེར་གྱི་བྲིས་ནའང་བྲིས་རིན་ཡོད་པ་ཞིག་དང་། བོད་མི་རིགས་ཙམ་དུ་མ་ཟད་དེ་སྔོན་འཛམ་གླིང་གི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་གསོན་པོ་ཞིག་ཀྱང་རེད་སྙམ། ཁོང་རྣམ་པའི་བོད་མི་རིགས་ཀྱི་ལོ་རྒྱུས་ཆགས་འཇིགས་ཀྱི་དུས་སྐབས་ཛ་དྲག་འོག་ནས་ཡོད་ཚད་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་ཁོང་རྣམ་པའི་མཛད་རྗེས་ཀྱི་ལོ་རྒྱུས་ནི་བོད་ཙམ་མ་ཡིན་པའི་འཛམ་གླིང་གི་ལོ་རྒྱུས་ནང་དུ་གསེར་གྱི་བྲིས་ནའང་བྲིས་རིན་འོས་པ་ཞིག་ཡིན། གསུམ་པ། འཚེ་བ་ཞེས་པ་ནི་གཞན་ལ་གནོད་པའི་རིགས་ལ་ཟེར་བ་མ་གཏོགས་རང་ཉིད་ཀྱི་ལུས་གཞན་གྱི་ཆེད་དུ་བློས་བཏང་གནང་བ་དེ་ནི་འཚེ་བ་ཡིན་ནམ །ལྷག་པར་རྗེ་ཙོང་ཁ་པས། དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་དམན་ན་ས་དང་ལམ་ཡང་དམན། །ཐམས་ཅད་བསམ་པ་དག་ལ་རག་ལག་པས། །ཞེས་གསུང་པ་ལྟར་ཁོང་རྣམ་པའི་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་ཀྱི་བསྟན་པའི་དོན་དུ་སྐུ་ལུས་མཆོད་མེ་སྒྲོན་པ་ཞིག་ལས་སོ་སོའི་ལྟོ་གོས་གཏམ་གསུམ་གྱི་ཆེད་དུ་ག་ལ་ཡིན། དེང་སྐབས་འཛམ་གླིང་ནང་དུ་བོད་ཅེས་ཚིག་དེ་གོ་མ་ཐག་རྒྱ་གཞུང་གི་བཙན་འཛུལ་བྱས་པས་ལུང་པ་ཞིག་ཡིན་པ་གོ་གི་ཡོད་པ་དེ་ནི་ཁོང་རྣམ་པའི་བློས་བཏང་བས་འགྲུབ་འབྲས་རེད། དེ་བཞིན་ཁོང་རྣམ་པའི་ཞལ་ཆེམས་ལ་བརྟེན་ནས་བོད་ཆོལ་ཁ་གསུལ་ཡོངས་རྫོགས་དམ་ཚིག་ཆིག་བསྒྲིལ་སྔར་ལྷག་གནས་ཐུབ་པ་བྱུང་ཡོད། འགྲུབ་འབྲས་རླབས་ཆེན་ཐོན་ཡོད་པ་ལས་འགྲུབ་འབྲས་མ་ཐོན་པ་ཞིག་ལ་ངོས་འཛིན་གཏན་བྱེད་མི་ཐུབ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་རྣམ་པ་ནི་ལེགས་ཉེས་དབྱེ་འབྱེད་ཐུབ་མཁན་གྱི་ཤེས་རབ་ཀྱི་མཆོག་ཏུ་ཡང་པ་མི་བུ་དག་ཡིན་པ་ལས་ཅི་ཡང་མི་ཤེས་མཁན་གཞན་ཟེར་གྱི་རྗེས་སུ་བགྲང་མཁན་བླུན་པོ་ཆུ་སྣ་ག་ཁྲིད་གཅིག་གཏན་ནས་མིན་ནོ། རྒྱལ་གཅེས་པ་ཁོང་རྣམ་པའི་བློས་བཏང་དེ་དག་འགྲུབ་འབྲས་གསོན་མ་སོང་བསམ་མཁན་དེ་དག་ནི་རང་གི་ངོ་གདོང་ལས་གཞན་ཅི་ཡང་མི་མཐོང་བས་སྐྱོན་ལས་གཞན་ཅི་ཡིན། ལྷག་པར་བོད་ཀྱི་ཛ་དྲག་གི་གནས་སྟངས་འགྱུར་མེད་པའི་ཛ་དྲག་གི་ལས་འགུལ་དེ་རིགས་མ་སྤེལ་ན་བསམ་པ་ནི་བོད་ཀྱི་དངོས་ཡོད་ཀྱི་གནས་སྟངས་མ་རྟོགས་པ་སྐྱོན་གནད་ལས་གཞན་ཅི་ཡིན། བོད་ཀྱི་དཀའ་ངལ་དེ་དག་སྤྱིར་བཏང་དུས་རྒྱུན་གྱི་དཀའ་ངལ་གྱིས་གནས་སྟངས་ཤིག་གཏན་ནས་མིན་ནོ། བོད་ཡུལ་འདི་ཉིད་རྒྱ་ཡུལ་གྱི་གྲོང་ཁྱེར་བསྒྱུར་དང་སྒྱུར་བཞིན་ཛ་དྲག་གནས་སྟངས་ཆགས་ཡོད་ལ། བོད་མི་རིགས་ཀྱི་སྙིང་ནོར་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་རྒྱ་གཞུང་གི་འཛམ་རྩུབ་གཉིས་ཀྱི་ཐོག་ནས་མེད་པ་བཟོ་རྒྱུ་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་པས་ཧ་ཅང་ཛ་དྲག་གི་གནས་སྟངས་གྱུར་ཡོད། ལྷག་དོན་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་ལམ་ལུགས་དང་ཡོངས་སུ་མི་མཐུན་པའི་བོད་ཀྱི་སྤྲུལ་སྐུ་ལམ་ལུགས་མེད་པ་བཟོ་རྒྱུའི་ངན་ཇུས་སྤེལ་ནས་ཛ་དྲག་གི་གནས་སྟངས་འགྱུར་ཡོད་ལ། བོད་ནང་དུས་བདེའི་ལྷིང་འཇགས་ཡོད་ན་ཁབ་རྩེ་ཙམ་ཡང་རེག་མི་ནུས་པའི་སྐུ་ལུས་མཆོད་མེ་སྒྲོན་གྱི་རེད་དམ། ཞིང་པའི་སྟོན་ཐོག་ག་དུས་འདེབས་དགོས་མིན་ཞིང་པའི་ཤེས་ཀྱི་རེད་མ་གཏོགས་ཞིང་ལས་ག་དུས་མགོ་བཙུགས་ག་དུས་བསྡུ་དགོས་མི་ཤེས་མཁན་གྱི་ཞིང་པ་ཞིག་ཡོད་ཀྱི་མ་རེད་སྙམ། ཞིང་པའི་ཧུར་བརྩོན་དང་ནམ་དུས་ཆར་ཆུ་སོགས་སྣེ་མང་འཛོམས་ནས་རིམ་གྱིས་སྟོན་ཐོག་བསྡུ་བའི་གོ་སྐབས་ཡོང་གི་རེད་མ་གཏོགས་ཞིང་པས་འབད་བརྩོན་ཁྱོན་ནས་མ་དགོས་པའི་ཞིང་ཁ་ནང་ས་བོན་བཏབས་པ་ཙམ་གྱི་སྟོན་ཐོག་ལེན་ཆོག་ཆོག་གཏན་ནས་ཡོང་གི་མ་རེད། དཔེ་དེ་བཞིན་ང་ཚོའི་བདེན་དོན་ཆེད་དུ་འབད་བརྩོན་ཁྱོན་ནས་མ་བྱས་པར་ཡུལ་དུས་ཀྱི་འཕོ་འགྱུར་སྒུག་ནས་སོས་དལ་གྱི་ངང་ནས་བསྡད་ན་དུས་ནམ་ཡང་བོད་ཀྱི་བདེན་མཐའ་གསལ་གྱི་རེད་དམ། ང་ཚོར་བདེན་པ་ཡོད་པ་ནང་བཞིན་རྩོད་དགོས་པ་རེད། ང་ཚོའི་རྒྱུད་ལམ་སྣ་ཚོགས་བཙལ་ནས་ཆུ་ཚོད་སྐར་མ་གཅིག་ཀྱང་འཕྲོག་ལྷག་མ་ཕྱིན་པའི་ཐོག་ནས་བདེན་དོན་རྩོད་དགོས་པ་དེ་རེད། ངས་སྐུ་ལུས་མཆོད་མེ་སྒྲོན་དགོས་རེད་ཅེས་པའི་བརྡ་དོན་གཏན་ནས་མིན་ཞིང་། བོད་ནང་བཞུགས་མཁན་གྱི་རྒྱལ་གཅེས་པ་དེ་དག་གི་བོད་ཀྱི་གནས་སྟངས་དངོས་ཡོད་མིག་མདུན་མཐོང་ནས་བསམ་ཞིག་གནང་ནས་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་པ་ཞིག་ལས་གཞན་གྱི་རྒྱུད་བསྐུལ་བྱེད་མཁན་བོད་ཕྱི་ནང་གཉིས་ནས་སུ་ཞིག་མེད་ཅེས་ངས་ཚིག་གཅོད་པོའི་ཐོག་ནས་བརྗོད་ཐུབ་བོ། །གཞིས་བྱེས་རང་དབང་བདེ་སྐྱིད་ཉི་མ་མགྱོགས་ནས་མྱུར་དུ་འཆར་ནས་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་དང་། ལྷག་དོན་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་སྐུ་ལུས་མཆོད་མེ་སྒྲོན་མཁན་རྒྱལ་གཅེས་པ་དཔའ་བོ་དཔའ་བོ་ཁོང་རྣམས་ལ་སྙིང་དབུས་ནས་མྱང་ངན་གྱི་རྗེས་དྲན་ཞུ་བ་དང་ཆབས་ཅིག་དལ་འབྱོར་གྱི་མི་ལུས་བཟང་པོ་ཐུབ་པའི་སྨོན་འདུན་ཞུའོ། དཔྱད་རྩོམ།
སྤྱིར་བཏང་ཡག་པོ་བྲིས་འདུག། ཡིན་ཡང་ཡིག་ཚོགས་དེ་ཆེ་དྲགས་ནས་དུས་ཚོད་མང་པོ་ཡོད་མཁན་ཞིག་ཡིན་ན་གཏོགས་ཀློགས་ཐུབ་ས་མ་རེད་་་་་་་་ངས་ནི་ཆོས་ཀློག་ཀློག་བྱས་ནས་ཀློགས་པ་ཡིན་མགྱོགས་པོ་འདྲ་ཚར་སོང་་་་་
སྤྱིར་བཏང་ཡག་པོ་བྲིས་འདུག། ཡིན་ཡང་ཡིག་ཚོགས་དེ་ཆེ་དྲགས་ནས་དུས་ཚོད་མང་པོ་ཡོད་མཁན་ཞིག་ཡིན་ན་གཏོགས་ཀློགས་ཐུབ་ས་མ་རེད་་་་་་་་ངས་ནི་ཆོས་ཀློག་ཀློག་བྱས་ནས་ཀློགས་པ་ཡིན་མགྱོགས་པོ་འདྲ་ཚར་སོང་་་་་