སད་མི་ཅོང་ཐོགས།
སྤྱིར་ན་ངས་ཆབ་སྲིད་མི་ཤེས། དེའི་རྐྱེན་གྱི་དགའ་ཡང་མི་དགའ། དོ་སྣང་མེད་པས་ཁ་ཡང་གྲགས་མི་འདོད། འོན་ཀྱང་ང་དྲང་བདེན་ལ་དགའ། དྲང་བདེན་གྱི་རྒྱབ་རྩར་སྲོག་བསྡུས་ཀྱིས་བགྲེང་ན་འདོད། དྲང་བདེན་གྱི་རྒྱབ་རྩར་བགྲེང་སྟེ་གཡོ་བརྫུན་གྱི་རིགས་མཐའ་དག་ཕམ་པར་རྒྱག་ན་འདོད། དེ་བས། ཁ་ཚ་དགོས་གཏུགས་ཀྱི་སྐད་ཆ་འགའ་འདིར་ཨུ་ཚུགས་ཀྱིས་བཤད་རྒྱུ་ཡིན་ལ། གཡས་ཕོག་གཡོག་རྩུབ་ཀྱི་གནད་དོན་རེ་བྱུང་ཚེ་དཀྱེལ་ཡངས་གནང་རོགས་ཞུ་རྒྱུ་ཡིན།
ཚང་མས་ཤེས་གསལ་ལྟར་ཉེ་བའི་ལོ་ཟླ་འདི་དག་གི་རིང་ལ་བོད་ནང་གི་གནས་ཚུལ་ཛ་དྲག་རེད། ཛ་དྲག་གི་གནས་ཚུལ་བྱུང་རིམ་བཞིན་རྒྱ་གཞུང་གིས་རང་ཉེས་གཡོ་འགེབས་དང་བོད་ཀྱི་དངོས་ཡོད་འཁྱོག་བཟོ་བྱེད་བཞིན་ཡོད། ཉེ་བའི་དུས་ཚོད་འདིའི་ནང་། བོད་ཀྱི་རང་ལུས་མེར་སྲེག་གིས་རང་དབང་དང་དྲང་བདེན་རྩོད་པའི་གནས་ཚུལ་འདི་དག་གི་ཐད་ལ། རྒྱ་གཞུང་གིས་རང་ལུས་མེར་སྲེག་གཏོང་མཁན་དེ་དག་ནི་ལོ་ན་མ་ཟིན་ཞིང་བསམ་བློ་མ་སྨིན་པའི་བསམ་མེད་ཞེ་གཅིག་ཡིན་པ་དང་། ཁོ་ཚོར་ཕྱི་རོལ་གྱི་བོད་མི་ལོག་སྤྱོད་པས་ངན་སྐུལ་མགོ་སྐོར་བཏང་བ་ཞིག་དང་། བྱ་སྤྱོད་དེ་ནི་མངོན་གསལ་མིན་པའི་འཇིགས་སྐུལ་དྲག་སྤྱོད་པའི་བྱ་སྤྱོད་དང་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ཐབས་ཤིག་ཡིན་པར་འུར་བརྗོད་བྱེད་ཀྱི་ཡོད། རྒྱ་གཞུང་གིས་ད་བར་བསགས་པའི་ཉམས་མྱོང་ལས་བྱ་ཐབས་འདི་ནི་ད་བཟོད་རྒྱལ་ཕྱི་ནང་གི་སྨྲ་མགོ་གནོན་ཐུབ་ཅིང་། སུ་ལ་ཡང་དོགས་སྣང་མི་དགོས་པར། ངོ་རྒོལ་བ་ཚོའི་ཐོག་ཅི་འདོད་དུ་དྲག་སྤྱོད་སྤེལ་ཆོག་པའི་ཐབས་ལམ་ཡག་ཤས་དེ་ཡིན་པར་མཐོང་ཡོད།
བོད་དུ་རང་ལུས་མེར་སྲེག་སོགས་ཀྱི་ངོ་རྒོལ་དོན་རྐྱེན་བྱུང་ཐེངས་བཞིན། རྒྱ་ནག་མི་དམངས་ཚོས་གང་ཡིན་ཅི་ཡིན་སྙམ་གྱི་ཡོད་ལ། འཚོ་བ་འདི་འདྲ་སྐྱིད་རུང་ཁོ་ཚོ་ད་དུང་འདུག་མི་ཐུབ་པར། དོན་ངོ་མར་ཁོ་ཚོས་ཅིི་ཞིག་བྱེད་འདོད་པ་རེད་སྙམ་གྱི་ཡོད། རྒྱ་གཞུང་གིས་ཕྱིའི་བརྒྱུད་ལམ་བཀག་པའི་རང་གི་སློབ་གསོ་དང་ཕྱོགས་སྟོན་ཐབས་ལམ་གྱིས་རྒྱ་ནག་དམངས་ཚོགས་གནའ་ནས་རང་གི་ཞབས་འོག་ཏུ་བཅུག་ཡོད་པས། སྐབས་འདི་དག་ཏུ་མེས་རྒྱལ་དང་མི་རིགས་ལ་རྒོལ་བ་ཡིན་ཚུལ་གྱི་སྐད་ཆ་ཚིག་འགའ་ཡིས་དམངས་ཚོགས་མག་འཇམ་མེར་གྱུར་འགྲོ་ཞིང་། རང་ཕྱོགས་སུ་ཀ་བ་ལངས་ལངས་བྱེད་འགྲོ་བས་སུ་གང་ལ་ཡང་ཞེད་སྣང་དང་འཚེར་སྣང་དགོས་ཀྱི་མེད། རྒྱ་གཞུང་གི་ཐབས་ལམ་འདི་ཧ་ཅང་ལམ་ལྷོང་བྱུང་བས། བོད་མི་དམངས་ཚོགས་ཀྱིས་གཉའ་མནོན་དང་མནར་གཅོད་ཅི་འདྲ་ཞིག་མྱངས་རུང་རྒྱ་ནག་དམངས་ཚོགས་ཀྱིས་གདུང་སེམས་མཉམ་བསྐྱེད་གནང་རྒྱུ་ཕར་ཟད། དེ་ལས་སྡང་ཟུག་དང་སྡིགས་དམོད་བྱེད་ཀྱི་ཡོད་ལ། ཤུགས་རྐྱེན་དེས་ཐ་ན་རང་དབང་དང་དམངས་གཙོའི་རྒྱལ་ཁབ་དག་ཏུ་སྡོད་པའི་རྒྱ་རིགས་མི་སེར་ཚོས་ཀྱང་བོད་པའི་ཐོག་ལ་སྡང་ཟུག་དང་ལྟ་སྟངས་ངན་པ་འཆང་གིན་ཡོད།
རྒྱ་ནག་གཞུང་ཕྱོགས་ཀྱི་རྒྱུས་མངའ་དང་གདེང་ཚོད་ཀྱི་རྒྱུན་འཁྱོངས་དང་། བོད་གཞུང་ཕྱོགས་ཀྱི་སྡར་གཤིས་དང་བླུན་རྨོངས་ཀྱི་འཐུས་ཤོར་གྱི་འོག་ནས། བོད་མི་དམངས་ཚོགས་ཀྱིས་གནའ་ནས་ད་བར་དཀའ་སྡུག་དང་སྡུག་གྱོང་རྐྱང་རྐྱང་འཁུར་ནས་འོངས་པ་རེད་ལ། ད་དུང་འཐུས་ཤོར་གྱི་རྣམ་པ་དེ་ལ་འགྱུར་བ་ཞིག་གཏོང་མ་ཐུབ་ཚེ་བོད་མི་དམངས་ཚོགས་ཀྱིས་མུ་མཐུད་དུ་སྡུག་ཐོག་སྡུག་བརྩེགས་ཀྱི་གྱོང་ནག་འཁུར་ནས་རྫོགས་དགོས་རྒྱུ་རེད།
ང་ཚོའི་ཕྱོགས་ནས་རྒྱ་ནག་ནང་ཁུལ་ལ་གནས་ཚུལ་ཇི་བཞིན་པ་ཤེས་སུ་འཇུག་མ་ཐུབ་པ་ནི་སྐད་བརྡ་དང་ས་ཆའི་གནས་བབས་ཀྱི་ཡིན་པར་བསྙད་ཆོག་ན་ཡང་། ཡུལ་དང་སྐད་བརྡའི་བཀག་རྒྱ་མེད་པའི་ཕྱི་སྡོད་རྒྱ་རིགས་ཚོར་གནས་ཚུལ་གསལ་སྟོན་དང་འབྲེལ་གཏུག་གྲོགས་སྒྲིག་བྱེད་མ་ཐུབ་པ་ནི་འཐུས་ཤོར་གྱི་ཚབ་མཚོན་ཞིག་ཡིན་པར་སུ་ཡིས་བསྙོན།
ཁ་སང་ཁེ་ཉིན་གྱི་བཀའ་སྤྱི་མཉམ་རུབ་ཀྱི་ལས་འགུལ་དེ་ཡང་། རྒྱུན་དང་རྔ་མ་མེད་པའི་ཉིན་ཤས་ཀྱི་འཁྲབ་སྟོན་ཞིག་ཡིན་པ་རྒྱ་གཞུང་ཙམ་མ་ཟད་ང་ཚོ་སུ་ཡིས་ཀྱང་ཤེས་པ་ཞིག་ཡིན་མོད། ཅུང་བློ་ཕམ་དགོས་པ་ཞིག་ལ། ལས་འགུལ་སྐབས་བཏོན་པའི་ཆ་རྐྱེན་གཉོམ་དྲགས་པ་དང་། འབོད་ཚིག་གིས་བོད་ནང་གི་ལུས་སྲོག་བློས་གཏོང་གིས་རྩོད་ལེན་བྱེད་པའི་བོད་ཀྱི་བདེན་དོན་དེ་ང་ཚོ་དང་འབྲེལ་མེད་ཡིན་པ་ལྟ་བུའི་ཚོར་སྣང་སྟེར་འོངས་པ་དེ་རེད། གདུང་སེམས་མཉམ་བསྐྱེད་ཅེས་པའི་ཚིག་འདི་མི་ཞིག་ལ་སྡུག་བསྔལ་དང་དཀའ་ངལ་བྱུང་སྐབས་དེ་ལ་གདུང་སེམས་སྟོན་པའི་ངག་ཚིག་ཅིག་ལས། རང་དང་ཐུན་མོང་གི་དགོས་དམིགས་རྩོད་ལེན་བྱེད་སྐབས་སྤྱོད་རྒྱུའི་འབོད་ཚིག་ཅིག་མ་རེད་དེ། འབོད་ཚིག་དེས་ཁྱོད་ཚོས་རང་གི་དགོས་དོན་རྩོད་པ་ང་ཚོ་དང་འབྲེལ་བ་མེད་ན་ཡང་ང་ཚོས་ཁྱོད་ཚོའི་དཀའ་སྡུག་ལ་གདུང་སེམས་བྱེད་ཀྱི་ཡོད་ཅེས་པ་ལྟ་བུ་ཞིག་སྟོན་པ་རེད། ང་ཚོ་སུ་ལ་ཡང་ཚོར་སྣང་ཡོད་པ་བཞིན། བོད་ནང་གི་བོད་མི་ཚོས་གཅེས་པའི་ལུས་སྲོག་ཚུན་ཆད་བློས་གཏོང་གིས་བོད་ཐུན་མོང་གི་ཐོབ་ཐང་རྩོད་ལེན་བྱེད་པའི་སྐབས་འདིར། ང་ཚོའི་ཕྱོགས་ནས་ང་ཚོའི་དོན་དག་དང་འབྲེལ་མེད་ཡིན་པ་ལྟ་བུའི་རྣམ་འགྱུར་སྟོན་པ་ནི་ཆེས་མ་འོས་པ་ཞིག་རེད། འོ་ན་ང་ཚོས་རང་གི་རྣམ་འགྱུར་དང་སྐད་སྒྲ་ལ་འགྱུར་བ་ཅི་འདྲ་ཞིག་གཏོང་དགོས་ཞེ་ན། ང་ཚོས་ཁོང་ཅག་གི་ཚེ་སྲོག་དེ་ང་ཚོའི་ཚེ་སྲོག་ཀྱང་ཡིན་ལ། ཁོང་ཅག་གི་འབོད་སྒྲ་དེ་ང་ཚོའི་འབོད་སྒྲ་ཡང་ཡིན་པ་གསལ་བོར་སྟོན་དགོས། དུས་ཚིགས་ཤིག་དང་དྲན་གསོ་ཙམ་མ་ཡིན་པར། བདེན་དོན་འཐབ་རྩོད་ཀྱི་གོམ་པ་དེ་མུ་ནས་མུ་རུ་སྤོ་དགོས་པ་ཡིན། ང་ཚོས་སྐད་སངས་མཐོན་པོས་རྒྱལ་སྤྱིའི་ཕྱོགས་སོ་སོར་སྒྲེང་སྟེ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། སྨྲ་བརྗོད་རང་དབང་དགོས། སྐད་ཡིག་རང་དབང་དགོས། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དགོས། དྲག་སྤྱོད་དང་བཙན་གནོན་མཚམས་འཇོག་དགོས་པ་བཅས་ཀྱི་དགོས་འདུན་དང་འབོད་སྐུལ་ཤུགས་ཆེར་སྒྲོག་དགོས་ལ། རེ་འདུན་དེ་འཛམ་གླིང་གི་རྒྱལ་ཁབ་ཡོད་ཚད་ཀྱི་སྒོ་རྩར་བསྐྱལ་ཏེ་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དུ་འཇུག་དགོས། དེ་དང་མཉམ་དུ་ཐབས་ལམ་སྣ་ཚོགས་ཀྱིས་རྒྱ་ནག་མི་མང་ལ་བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་སུ་འཇུག་དགོས་པ་དང་། གུང་ཁྲན་གཞུང་གི་གདོང་རིས་ངོ་མ་དེ་མི་རྣམས་ལ་ཤེས་སུ་འཇུག་དགོས།
རྒྱ་གཞུང་གུང་ཁྲན་གྱི་དྲག་སྤྱོད་དང་བཙན་གནོན་ལ་ངོ་རྒོལ་བྱེད་མཁན་ནི་བོད་གཅིག་པུ་མ་ཡིན་པར། དྲུག་བཞིའི་སློབ་མའི་ཤུལ་མི་དང་། དམངས་གཙོ་དོན་གཉེར་བ། རྩ་རླུང་སྒོམ་སྒྲུབ་པ། ཁོར་ཡུག་སྲུང་སྐྱོབ་པ་སོགས་ཧ་ཅང་མང་བས། ང་ཚོའི་ངོས་ཐད་ནས་ཁོང་ཅག་ལ་འབྲེལ་གཏུག་མཐུན་སྒྲིལ་དང་སྟོབས་ཤུགས་མཉམ་སྒྲིལ་བྱེད་དགོས་པར་མ་ཟད། ཁོང་ཚོའི་ནུས་པར་བརྟེན་ཏེ་སྐམ་ས་ཆེན་མོའི་རྒྱ་ནག་མི་དམངས་ལ་དངོས་དོན་གསལ་སྟོན་གྱིས་བདེན་དོན་གནས་ལུགས་ལ་བློ་ཁ་ཕྱོགས་སུ་འཇུག་དགོས།
བོད་མི་ཚོས་བོད་དོན་ལས་འགུལ་སྤེལ་སྐབས། ཐོག་མའི་ཆར་ཚ་ཚ་འུར་འུར་འདྲ་ཞིག་ཡིན་རུང་། ཉིན་ཤས་འདས་རྗེས་མག་འཇམ་མེར་འགྱུར་འགྲོ་བས། གཏིང་ཕུགས་མེད་པའི་བྱ་སྤྱོད་འདིའི་རིགས་ལ་རྒྱ་གཞུང་སྔ་མོ་ནས་རྒྱུས་མངའ་ཆེ་ཞིང་མིག་མདུན་གསལ་བོ་ཡིན་པས། སྐབས་དེ་རིང་ལ་གཟབ་གཟབ་དང་མགོ་སྐོར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཉེན་མགོ་ནོན་ཙམ་བྱུང་ན། དེ་ནས་སྔར་བཞིན་གཉིད་སྐྱིད་པོར་རོལ་ནས་སྡོད་ཆོག་པའི་གདེང་ཚོད་རྣམ་དག་ཅིག་ཡོད། ད་ནི་ང་ཚོས་ད་བར་བརྒྱུད་པའི་ལམ་ཁའི་མཉམ་མྱོང་གཞི་ལ་བཞག་སྟེ། རྒྱ་གཞུང་གི་གཉིད་ལམ་དེ་དཀྲོག་ཐབས་བྱེད་དགོས་ལ། མུ་དང་མཐའ་རུ་དེད་དེ་སླར་གཉིད་ལམ་དེར་འཇུག་ཐབས་མེད་པ་ཞིག་བྱེད་དགོས།
གྲོགས་པོ་ལགས། ཉིད་ཀྱིས་དགོངས་ཚུལ་གསུངས་པར་ཡི་རིང་ཡོད་མོད། འུ་ཅག་གིས་གཞུང་གིས་ཅིག་འཇོན་མ་སོང་། གཞུང་གིས་ཉིག་ཐུབ་མ་སོང་ཟེར་བཞིན་ཏག་ཏག་ཁ་ནང་ཁོ་ནར་ཕྱོགས་ཏེ་རྙོག་གཏམ་རྐྱང་རྐྱང་གིས་ཉི་མ་ཕུད་ཐབས་བྱས་ན་དེ་ནི་དགྲ་ཕྱོགས་ལ་ཁ་འཁོར་བའི་ལས་འགུལ་ཞིག་ཡིན་ནམ། ད་དུང་དེ་ལས་ཀྱང་ཐབས་སྐྱོ་བ་ལ་ཞིག་རང་གི་གདོང་པ་དང་མིང་ངོ་མ་དེ་ཡང་སྦས་སྐུང་བྱས་ནས་མི་ང་ནི་དྲང་མོ་ཡིན་ལ། མི་ང་ལ་ཡོད་པ་ནི་ལྷག་བསམ་དང་སྙིང་སྟོབས་ལ་རྒྱ་བཅས་ཡིན་ཟེར་བཞིན་རང་བཟང་རོགས་ངན་རྐྱང་རྐྱང་བཤད་ན་གཞན་སུ་ཞིག་ཡིད་ཆེས་ཏེ་སུ་ཡང་ཡིད་མི་ཆེས་སོ། རང་གི་མིང་ངོ་མ་དེ་ཡང་བཤད་མི་ཕོད་པའི་འུ་ཅག
གཏམ་དཔེ་ལ། རྡོ་ཆེ་ཆེའི་ཐོག་ན་ཁ་བ་ཆེ་ཆེ། རྡོ་ཆུང་ཆུང་གི་ཐོག་ན་ཁ་བ་ཆུང་ཆུང་ཟེར་བ་ལྟར་འུ་ཅག་སུ་ལའང་བོད་དོན་སྒྲུབ་འགན་ཡོད།
རག་ཤུལ་ཆོས་འགྲུབ་ལགས་ཀྱིས་གསུང་པ་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། དེང་སང་ང་ཚོའི་མི་དེ་ཚོ་ག་རེ་ཡིན་ན་བསམ་ནས་དོགས་པ་རང་བཞིན་གྱིས་ཟ་ཡོང་བ་ཞིག་རེད་འདུག གཞུང་དང་གཞུང་གི་ལས་བྱེད་ལ་སྐྱོན་ཞིག་བཙུག་ཐབས་མ་གཏོགས་བསམ་རྒྱུ་མེད་པ་འདྲ་བོ་དང། དེ་ལ་སྐྱོན་བཙུགས་རྒྱུ་ལ་འཛེམ་ཟོན་མེད་པ་ཞིག་ཆག་ནས་ཡོད་པ་འདིའི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱ་རྒྱུ་ནི་གལ་ཆེན་པོ་རེད་འདུག སྤྱིར་བཏང་གྱི་ཆ་ནས་བསམ་བློ་བཏང་ན་འདུས་ཆོས་ཕལ་ཆེ་བ་ལ་སྐྱོན་རེ་མེད་པ་མི་སྲིད་པ་འདྲ་བོ་རེད། འོན་ཀྱང་སྐྱོན་ཡོན་ངོས་ཟིན་པའི་ཐོག་ནས་བཤད་ན་ཕན་ཐོག་འབྱུང་མིན་ལ་ལྟ་རྒྱུ་དེ་གལ་ཆེན་པོ་ལ་མཐོང་གི་ཡོད། ག་དུས་ཡིན་ན་གཞུང་གི་མིང་ཡོད་པའི་མི་ཞིག་ལ་སྐྱོན་ཁོ་ན་བརྗོད་མཁན་འདི་རིགས་གང་དུ་ཡོད་ཀྱང་སྤྱི་པའི་ཐོག་ཏུ་གོད་ཆག་བྱུང་བ་མ་གཏོགས་ཕན་ཐོག་བྱུང་བ་ཤིན་ཏུ་ནས་དཀོན་པོ་རེད། ཡང་སྐབས་རེ་འཐུས་ཤོར་ཞེ་དྲག་ཡོང་གི་ཡོད་ན་སྐྱོན་འདོན་རྒྱ་དེ་གལ་ཆེན་པོ་ཡིན་ཀྱང་དེ་དུས་མི་འདི་ཚོས་རིགས་ཀྱིས་བཟློག་ཕྱོགས་མི་བཤད་པའི་ངངེས་པ་མེད།
སད་མི་ཅོང་ཐོགས་ལགས་ཀྱིས་གསུངས་པའི་དགོངས་ཚུལ་ལ་རྒྱབ་སྐྱོར་དང་ཡི་རང་ཡོད། བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་ཚ་རླབས་དགུང་དུ་འཕྱུར་བཞིན་པའི་སྐབས་འདིར་ང་ཚོས་ཕྱོགས་མཐའ་དག་ནས་ལས་འགུལ་སྤུས་དག་པ་དང་རྒྱུན་བརྟན་པ། མཐའ་རིང་བ། གཏིང་ཕུགས་པ་ཞིག་ཅི་ནས་ཀྱང་བྱེད་གལ་ཆེ་ཞིང་། ང་ཚོའི་འཐབ་རྩོད་ཀྱི་ངོ་བོ་དང་དམིགས་འབེན། ཁ་ཕྱོགས་དང་ཁ་གཏད་བཅས་རྒྱུས་ལོན་པའི་ཐོག་ནས་འཆར་གཞི་ཡོད་པ་དང་གོ་རིམ་ཡོད་པ། གྲ་སྒྲིག་འཐུས་ཚང་བ་སྤེལ་རྒྱུ་གནས་ཀྱི་དམ་པ་ཡིན་ཞིང་། གཞན་དུ་ན། སྤྱི་ཕན་མེད་པའི་ནང་ཁུལ་གྱི་རྙོག་གླེང་རེར་མགོ་འཁོར་བསྡད་ན་ཡོང་རྒྱུ་དང་ཐོབ་རྒྱུ་ཅི་ཡང་མེད་པས། ཉིད་ཀྱིས་དགོངས་ཚུལ་ནི་དེ་ལྟར་མ་ཡིན་པར་བཤད་དགོས་ས་ཞིག་དང་བཤད་འོས་ས་ཞིག་གི་ཐོག་ལ་རྒྱུ་མཚན་ལྡན་པའི་སྒོ་ནས་གནད་ལ་ཕོག་པའི་རྩོམ་ཡིག་ཅིག་སྤེལ་འདུག་པས་ཐུགས་རྗེ་ཆེ་ཞུ།།
དྲ་གྲོགས་ཚོ། བརྒྱ་བཤད་སྟོང་བཤད་ནའང་། བོད་འདིར་ཡར་རྒྱས་འགྲོ་རྒྱུ་མེད་ལ། བཙན་བྱོལ་བོད་སྒྲིག་གི་༧གོང་ས་མཆོག་བོད་ལ་གདན་འདྲེན་ཞུ་ཐུབ་རྒྱུ་བྱུང་ན། བོད་ཀྱི་འདས་པ་དང་ད་ལྟ། མ་འོངས་སོགས་རན་མེད་ངང་བཙོང་རྐྱང་ཡིན་པས། མགྱོགས་སུ་རང་ཉིད་ལ་འཚོ་ཐབས་ཡག་པོ་ཞིག་བཙལ་ན་དགའ།
རུ་ཤུལ་ཆོས་འགྲུབ་ལགས་དང་རྡོ་ཤུལ་ལགས། དང་བོ་རྩོམ་ཡིག་འདི་ཐེངས་གཅིག་ཀློག དེ་ནས་སྐྱོན་བརྗོད་གནང་རོགས། རྩོམ་ཡིག་ནང་ཅི་ཞིག་བཤད་ཀྱི་ཡོད་མེད་མ་ཤེས་པར་རྩོམ་པ་པོར་སྐྱོན་བརྗོད་གནང་ན་དེ་ན་ཕྱོགས་སྔའི་ནམ་མ་ལངས་པར་དགག་པའི་ཉི་མ་ཤར་ཞེས་པ་དེ་མ་ཡིན་ནམ།
སྙུག་མིང་ལ་ཡིད་མ་རངས་པར་ཐུགས་ཁག་མེད་ཞུ་རྒྱུ་ཡིན། འོན་ཀྱང་ང་ལ་ཡང་ངའི་ཚོད་ཀྱི་གནས་ལུགས་ཡོད་པ་རེད། མི་སུ་ཡིན་རུང་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ལོས་ཡོད།
ཏྲེ་ཧོར་ཐུབ་བསྟན་ལགས་དང་ལོ་ངན་ཀྱིས་བློ་གཟུ་བོར་གནས་པའི་ཐོགས་ནས་གསུང་བཤད་གནང་བར་བཀའ་དྲིན་ཆེ། ད་ལྟ་ང་ཚོ་སུ་ཡིན་རུང་རང་རང་ས་ནས་འགྱིང་ནས་སྡོད་པའི་དུས་མིན་པར། གང་ཐུབ་ཅི་ཐུབ་ཀྱིས་རང་གི་བློ་རིག་རྩལ་དུ་སྤྲུགས་ཏེ་དཀའ་སྤྱི་གཉིས་ལ་རོགས་འདེགས་རེ་ཨེ་ཐུབ་ལྟ་རྒྱུ་གལ་ཆེ།
ནང་ཁུལ་གཞུང་དང་ཚོགས་སྡེ་ཁག་གིས་འཇོན་རུང་མ་འཇོན་རུང་ཁ་རྡུང་གཏོང་རྒྱུ་འདི་བཙན་བྱོལ་རྩོམ་པ་པོ་ཚོ་ལ་མཚོན་ན་ངན་ལང་ལ་ཤོར་ཚར་བ་ཞིག་ཡིན་པས་བཅོས་སུ་མེད་པ་རེད།
སད་མི་ཅོང་ཐོགས་ལགས། ཁྱེད་ཀྱི་རྩོམ་བཀླགས་ཡིན། དོན་ལ་བསམ་གཞིགས་ཀྱང་བྱས་ཡིན། ངས་ཇི་ལྟར་བསམ་ཀྱང་རྒྱུ་མཚན་མེད་པར་རང་གཞུང་དང་ལས་ཀྱི་སྣེ་མོ་བ་རྣམ་པར་ངན་དམོད་བྱེད་བཞིན་པ་དེ་དག་ནི་བོད་མི་ལྷག་བསམ་ཅན་ཞིག་བྱེད་ཚུལ་ཡིན་པ་ཤེས་ཀྱི་མི་འདུག
ལུང་རྟོགས་དང་རུལ་ཤུལ་ཆོས་འགྲུབ་ལགས། རྩོམ་ཡིག་འདིའི་གང་ཞིག་ན་རང་གཞུང་དང་ལས་ཀྱི་སྣེ་མོ་རྣམ་པར་ངན་དམོད་བྱེད་ཀྱི་འདུག ང་ངོ་མས་ཡ་མཚན་གྱི་འདུག དོན་ངོ་མར་ཁྱེད་ཚོར་ཅི་ཞིག་བྱུང་བ་རེད་དམ།
དེ་དེན་པ་རེད། དོན་ངོ་མར་བསམ་བློ་བཏང་ན་གཞུང་ལ་བསམ་བློ་གཏོང་དགོས་པ་རེད། རང་དོན་གལ་ཆེན་པོ་རེད། ྣའོན་ཀྱང་ལྷག་བསམ་ཆེ་མདོག་སྟོན་དགོས་ན་ཡ་རབས་སྤྱོད་བཟང་གི་རྣམ་པ་སྟོན་གང་ཐུབ་བྱས་ན་བཟང། ཡང་ན་ག་རེ་ཡིན་ན་དོན་ངོ་མ་གོ་གི་མི་འདུག