ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
དང་པོ། འདི་ལོའི་སྲིད་སྤྱིའི་འོས་བསྡུའི་འགྲན་རྩོད་ནང་རང་བཙན་དང་དབུ་མ་ལ་སྐྱབས་བཅོལ་ནས་མི་མང་གི་མདུན་དུ་འོས་རེ་མཁན་མང་པོ་འདུག་རུང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་རང་བཙན་དང་དབུ་མ་གང་ཡང་མི་གསལ་བར་”བོད་དོན་བདེན་མཐའ་གསལ་ཐབས་”ཟེར་བའི་ཐ་སྙད་འདི་ལས་གང་ཡང་མེད་ན། བཅའ་ཁྲིམས་ནང་མ་གསལ་བའི་ཐ་སྙད་ལ་སྐྱབས་བཅོལ་ནས་དོན་འབྲས་ལག་ཏུ་ལོན་རྒྱུ་ཕར་བཞག བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་ཡང་ཕར་འཐེན་ཚུར་འཐེན་བྱས་ནས་ཆིག་སྒྲིལ་གྱི་ནུས་པ་ལ་ཉམས་ཆག་གཏོང་རྒྱུའི་ཆབ་སྲིད་ཙམ་ལས་མ་མཐོང་ན། ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་རང་བཙན་དང་དབུ་མ་གང་ལ་ང་ཚོ་ཁ་ཕྱོགས་དགོས་ཀྱང་བཅའ་ཁྲིམས་ནང་གཏན་འབེབས་གནང་ནས་མ་འོངས་བོད་མི་ཚང་མ་བཅའ་ཁྲིམས་འོག་རྒྱག་གཅིག་མཆོང་གཅིག་ཐུབ་པའི་ཁྲིམས་ལུགས་ཤིག་ངེས་པར་གཏན་འབེབས་གནང་རོགས་ཞུ།
གཉིས་པ། སྲིད་སྐྱོང་ལ་འོས་པའི་ཆ་རྐྱེན་ཡང་དག་པ་ཞིག་བཟོ་དགོས་པ་ནི་ད་ལྟའི་བཅའ་ཁྲིམས་ནང་གི་ཆ་རྐྱེན་ནི་བོད་ཀྱི་ཡུལ་མིའི་ཐོབ་ཐང་ཙམ་ལས་སྲིད་སྐྱོང་གི་འོས་ཆོས་ཡང་དག་ཕུན་སུམ་ཚོགས་པ་ཞིག་ལ་ནམ་ཡང་ངོས་འཛིན་ཞུ་མ་ཐུབ་ན། སྲིད་སྐྱོང་ལ་འོས་ཆོས་ཚད་ལྡན་ཞིག་བཟོ་ཐུབ་པའི་འགན་འཁུར་བཞེས་རོགས་གནང་།
གསུམ་པ། བཅའ་ཁྲིམས་དོན་ཚན་གསུམ་པའི་ནང་དེ་སྔ་འཁོད་པའི་ཡུལ་མི་རྒྱལ་ཁབ་(Republic) དེའི་ཚབ་ཏུ་ཡུལ་མིའི་སྲིད་སྐྱོང་ལ་སྤྱི་འཐུས་སྐབས་བཅོ་ལྔ་བ་ནས་ཐ་སྙད་ལ་བཟོ་བཅོས་གནང་འདུག་ན། ཡུལ་མིའི་སྲིད་སྐྱོང་ཟེར་བའི་ཐ་སྙད་འདི་ལ་ནུབ་ཕྱོགས་དབྱིན་སྐད་ཐོག་འགྲེལ་བཤད་ག་འདྲ་ཞིག་རྒྱག་གི་ཡོད་དམ། མང་གཙོའི་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་གང་ལ་སྐྱབས་བཅོལ་ནས་ཡུལ་མིའི་རྒྱལ་ཁབ་དེ་ཡུལ་མིའི་སྲིད་སྐྱོང་ལ་ཁ་ཕྱོགས་པ་ཡིན་ཚུལ་མང་གཙོའི་རིག་པའི་གཞུང་ལུགས་དང་མཐུན་པར་ཁྲིམས་མཐུན་གྱི་གསལ་བཤད་རྒྱ་མ་ཆུང་བ་ཞིག་རྒྱ་ཆེ་མང་ཚོགས་ཐོག་གསལ་བཤད་བཀའ་དྲིན་ཆེ་བ་ཞུ།