—–ནམ་མཁའ།
བཀའ་ཤག་མ་རེད་རྫུན་ཤག་རེད།།
གྲོས་ཚོགས་མ་རེད་དམག་ཚོགས་རེད།།
སྲིད་སྐྱོང་མ་རེད་རྫུན་སྐྱོང་རེད།།
ཚོགས་གཙོ་མ་རེད་དམག་གཙོ་རེད།།
དམངས་གཙོ་མ་རེད་སྒེར་གཅོད་རེད།།
བགྲོ་གླེང་མ་རེད་རྙོག་གླེང་རེད།།
ཆིག་སྒྲིལ་མ་རེད་གཏོར་བཤིག་རེད།།
བཟང་སྤྱོད་མ་རེད་ཐ་སྤྱོད་རེད།།
སྤྱི་དོན་མི་བསམ་སྒེར་དོན་བསམ།།
ལྷག་བསམ་མ་རེད་འཁོན་སེམས་རེད།།
གཞན་བསྟོད་མ་རེད་རང་བསྟོད་རེད།།
གཞི་ལུས་མི་བསམ་རང་ལུས་བསམ།།
གྲོས་མོལ་མི་བསམ་བཤིགས་མོལ་བསམ།།
སྤྱི་ཁྲིམས་མི་བསམ་དབང་ཐང་བསམ།།
འབྲས་བུ་མི་བསམ་རེ་སྟོང་བསམ།།
ལ་རྒྱ་མི་བསམ་རང་རྒྱལ་བསམ།།
དྲང་གཏམ་མི་བཤད་འཁྱོག་གཏམ་བཤད།།
ཕན་གཏམ་མི་བསམ་གནོད་གཏམ་བསམ།།
ཆོལ་གསུམ་མི་བསམ་ཆོལ་ཞེན་བསམ།།
སྤྱི་སྐྱོན་མི་གླེང་སྒེར་སྐྱོན་གླེང་།།
གཅིག་ལས་གཅིག་རྩུབ་ཕྲག་དོག་མཚེར་མ་འཚིངས་བའི་འཇིག་རྟེན་འདིར།།
བུ་རམ་སྦྲང་རྩི་སྦྱར་བའི་དུག་གི་ལོ་ཆང་འཐུང་ཞོར་དུ།།
རྫུན་པའི་ཚིག་ལ་བཅོས་མའི་འཛུམ་གྱིས་བདེན་ཁ་སྦྱིན་པ་ལས།།
དྲང་མོའི་མི་ལ་བདེན་པའི་ཚིག་གིས་བདེ་ལམ་སུ་ཡིས་བརྗོད།།
གནད་དོན་ཆུང་ཙག་ལ་ཆེན་པོ་བཟོས་ནི་སྤྱི་ཚོགས་ནང་དཀྲོགས་རྐྱེན་བཟོ་རྒྱུའི་གནས་ཚུལ་མང་དྲགས་ནི་མཆན་འབྲི་རྒྱུར་ཡིད་ཐང་ཆད་ཀྱི་འདུག། ཡིན་ནའི་བོད་དང་བོད་མིའི་གནད་དོན་ལ་ཐུག་དུས་ཁ་བཙུམས་ནི་བསྡད་ན་ལས་རྒྱུ་འབྲས་ལའང་འགྲོ་གི་མ་རེད། དྲང་པོ་བཤད་ན་ཁ་ཕོག་རྣ་ཕོག་འགྲོ་སྲིད་པས་དགོངས་དག་ཞུ་རྒྱུ་ཡིན། དཔེར་ན་ད་རིང་ཨ་རི་རླུང་འཕྲིན་ཁང་ནས་སྲིད་སྐྱོང་འོས་མི་གཉིས་ལ་དྲི་བ་དང་པོ་དེ་དུས་འཁོར་དབང་ཆེན་གྱི་རྙོག་ཁྲའི་སྐོར་བཏང་སོང་ང་། འོ་གནས་ཚུལ་དེ་འདྲ་རེད།
དངོས་འབྲེལ་བྱས་ན། ཁ་ས་བོད་ཤོར་ན་ིམི་ལོ་ ༥༧ འཁོར་བའི་དུས་དྲན་བྱས་པ་རེད། ད་ཚུར་ལོན་ཐབས་སྐཽར་དང་། བཙན་བྱོལ་སྒྲིག་འཛུགས་སྲ་བརྟན་ཡོང་ཐབས་སྐོར་དྲི་བ་ཚིག་གཅིག་ཀྱང་བཏང་མ་སོང་ལབ་ན་མ་འགྲིགས་པ་མེད། བྱེད་སྟངས་དེ་འདྲ་བྱས་ན་ང་ཚོའི་སྒྲིག་འཛུགས་འདི་རྒྱུན་གནས་ཐུབ་རྒྱུར་དཀའ་ངལ་འཕྲད་ཀྱི་མ་རེད་པས།།
ལྷ་སའི་བུ་བདེན་པ་རེད། སྔར་ཀྱང་བོད་འདི་ཆོས་ལུགས་ཀྱི་ཁ་དོག་དང་ཞྭ་མོ་ཆོ་ག་དང་ཆོས་གཞུང་མི་འདྲ་བ་སོགས་ཀྱིས་བོད་འདི་འཕུངས་ཡོད། ད་ལྟ་ཡང་དབང་དང་ཞབས་བརྟན་བླ་མའི་སྐོར་རྐྱང་རྐྱང་བཤད་ནས་རྩ་བའི་མི་རིགས་དང་རང་དབང་ཆབ་སྲིད་ཀྱི་སྐོར་ལ་བགྲོ་གླེང་མེད་པར་མ་ཟད་དེ་ཚོར་མི་དམངས་ལའང་དོ་སྣང་མི་འདུག མ་འོངས་པར་སྲིད་སྐྱོང་འོས་ཐོབ་པ་ལ་མི་དམངས་ལ་ལོ་ལྔ་ཡི་ནང་དུ་དུས་འཁོར་དབང་ཆེན་ཐེངས་བཅུ་དབང་བསྐུར་གནང་ཐབས་བྱེད་ཀྱི་ཡིན་ཞེས་ཁས་ལེན་གྱི་འཆར་གཞི་བཏོན་པ་ཡིན་ན། ཁོ་ལ་འོས་བརྒྱ་ཆ་བརྒྱ་ཐོབ་ངེས་རེད།
བཅར་འདྲིའི་དུས་ཚིགས་འདི་དམིགས་བསལ་རང་བཞིན་གྱིས་གནད་འགག་ཅིག་ཏུ་ཆགས་ཡོད་པས། སྲིད་སྐྱོང་ལ་འོས་ཆོས་གང་ཞིག་ནས་ཚང་མིན་དང་། གང་ཞིག་ན་སྐྱོན་དང་གླེང་རྙོག་ཅི་ཡོད་གསལ་འདོན་བཟོ་བའི་དུས་ཡིན་པས། དྲི་བ་དེ་འདྲ་བཏང་བ་ཏག་ཏག་རེད་འདོད། རྒྱ་ལ་འཐབ་རྩོད་དང་གྲོས་མོལ་ག་འདྲ་བྱེད་རྒྱུ་ཡིན་དང་། གཞིའི་ཆགས་དང་སྒྲིག་འཛུགས་སྲ་བརྟན་ཇི་ལྟར་གཏོང་མིན་སོགས་ནི། སྲིད་སྐྱོང་འོས་མི་གཉིས་ཀྱིས་ཡིག་ངག་གཉིས་ཀའི་ལམ་ནས་ཧ་ལམ་བརྒྱ་ཚར་ཞིག་བཤད་ཟིན་པས། ད་དུང་གོ་མེད་ན། ཇི་ལྟར་བཤད་རུང་གོ་བའི་རེ་བ་མེད་ཚོད་འདུག་པས་བཤད་ཀྱང་དགོས་པ་མི་འདུག ཡོངས་གྲགས་གསལ་བོར་ཆགས་བསྡད་པ་ཞིག་ལ་ཡང་བསྐྱར་དྲི་བ་བཏང་བསྡད་ན། རྩ་ཆེ་བའི་དུས་ཚོད་འཕྲོ་བརླག་རེད་ལ། དྲི་བ་གཏོང་མཁན་ཀྱང་འགྲོ་སྟངས་དང་རྣམ་དཔྱོད་ཀྱིས་དབེན་རྟགས་རེད་འདོད།
མདོར་དྲིལ་ན། སྲིད་སྐྱོང་འོས་མི་གཉིས་ཀྱི་སུ་ལ་སྐྱོན་དང་ཡོན་ཏན་གང་གང་ཡོད་གསལ་བོ་བཟོས་ཏེ། ནག་ན་ནག་རྐྱང་དང་དཀར་ན་དཀར་རྐྱང་བྱ་དགོས་པ་རེད། དེ་མིན། ཅི་ཡིན་འདི་མིན་གྱི་གསལ་ཁ་མེད་པའི་གླེང་རྙོག་ཅན་ཞིག་སྐབས་རྗེས་མའི་སྲིད་སྟེགས་སུ་བཞག་ན། མི་མང་ངོས་ནས་བློ་མ་བདེ་བ་དང་གཞུང་དང་སྒྲིག་འཛུགས་ལ་ཡིད་ཆེས་མེད་པའི་ངན་འབྲས་ཤིག་ཏན་ཏན་འབུད་ངེས་སོ།།