ཀླུ་ཚང་རྒྱ་གྲོལ། ༼བསྟན་འཇམ་གྱིས་འོས་སྦྱོར་ཞུས།༽
གཅིག བཀས་བཅད་བཞི་བ་བྱེད་དགོས་ཚུལ།
བཀས་བཅད་བྱེད་དགོས་པའི་རྒྱུ་རྐྱེན་ནི་ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ་གཞན་ཞིག་ནས་གླེང་ན་བོད་ཀྱི་སྐད་ཡིག་ཉམས་དམས་སམ་ཡ་མ་བརླར་འགྱུར་བའི་སྔོན་འགོག་གི་ནུས་པའང་ཡོད་པ་རེད། དེ་ཡང་མི་རིགས་དེ་དར་རྒྱས་སམ་ཉམས་དམས་སུ་འགྲོ་མིན་ནི་སྐད་ཡིག་གི་དར་རྒྱས་དང་འབྲེལ་བས་ང་ཚོའི་སྐད་ཡིག་ལ་བཀས་བཅད་བཞི་བ་བྱེད་པ་ནི་མི་རིགས་འདི་ཡུན་དུ་གནས་མིན་གྱི་གནད་དོན་ཞིག་ཡིན་པ་འདི་ཚང་མས་སྔོན་དུ་ཤེས་དགོས་པ་ཡིན། མིག་སྔའི་གནས་ཚུལ་ལ་བལྟས་ན་བཀས་བཅད་བཞི་བ་བྱེད་དགོས་པ་དེ་ཕྱོགས་འགའ་ནས་མངོན་ཡོང་བ་འདི་ལྟ་སྟེ།
༡ སྤྱི་ཚོགས་གསར་བ་དབུ་བརྙེས་པ་དང་ཁྱད་པར་མི་རིགས་རང་སྐྱོང་གི་སྲིད་ཇུས་ལག་བསྟར་བྱས་པ་ནས་བོད་ཀྱི་ས་ཆ་སོ་སོར་བོད་ཡིག་གི་ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། གློག་བརྙན་སོགས་གང་མང་བྱུང་ཞིང་དེ་ཡང་རང་གི་ས་གནས་ཀྱི་མི་དམངས་ཀྱིས་གོ་བརྡ་འཕྲོད་པའི་དགོས་མཁོ་དེ་དམིགས་སུ་བཟུང་བས་ཡིག་ཐོག་ཏུ་ཕལ་སྐད་གང་མང་བྱུང་སྟེ་དབུས་གཙང་བས་བྲིས་པ་ཨ་མདོ་བས་མི་གོ་བ་དང་ཨ་མདོ་བས་བྲིས་པ་དབུས་གཙང་བས་མི་གོ་བའི་གནས་ཚུལ་བྱུང་ནས་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་སྐྱེ་བོ་ཚང་མས་གོ་བའི་ཡིག་ཐོག་གི་ནུས་པ་ཇེ་ཞན་དུ་སོང་བས་ན་འབྱུང་འགྱུར་དབུས་གཙང་གི་ཡི་གེ་དང་ཨ་མདོའི་ཡི་གེ་ཞེས་པ་ཞིག་མི་འབྱུང་བའི་ངེས་པ་མེད།
༢ ཉེ་བའི་ལོ་འདི་དག་གི་རིང་ཡིག་སྒྱུར་གྱི་རྦ་རླབས་ཆེན་པོ་འཕྱུར་ནའང་རང་གི་ཐ་སྙད་སྔོག་འདོན་བྱ་རྒྱུ་མ་འདང་བར་ཡོད་ཚད་གསར་སྒྱུར་བྱས་པས་མིང་ཚིག་གསར་བ་སྐོར་ཞིག་ཐོན་པ་དང་གཅིགལས་རིགས་སོ་སོའི་སྒྱུར་སྟངས་ཀྱི་ཐད་ནས་ཐད་སྒྱུར་ཤས་ཆེ་བས་གྱོང་ཞིང་མི་བདེ་ལ་གོ་བ་ལོན་དཀའ་བའི་མིང་བརྡ་ཡ་མཚན་སྐོར་ཞིག་ཐོན་པ་དང་གཉིས། བརྡ་དག་གི་ཐད་ནས་མི་རིགས་གཞན་པའི་གོམས་སྲོལ་བཞིན་སྤྱད་དེ་བོད་སྐད་ཀྱི་ཆོས་ཉིད་དང་མི་མཐུན་པ་དང་གསུམ། གཅིག་གྱུར་གྱི་འགྱུར་སྟངས་མེད་པས་ལོ་ཙཱ་བ་དག་གིས་རང་འདོད་བཞིན་བསྒྱུར་ཏེ་རྒྱ་ཡིག་གི་མིང་བརྡ་གཅིག་ལ་འགྱུར་མིང་མི་འདྲ་བ་དུ་མ་བྱུང་བ་སོགས་འདི་དག་ཐག་གཅོད་མ་བྱས་ན་བོད་ཀྱི་སྐད་ཡིག་འདི་ག་འདྲ་ཞིག་ཏུ་འགྱུར་རྒྱུ་ཡིན་པ་ཚང་མས་མཁྱེན་གསལ་ལགས།
༣ སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་འབྲེལ་འདྲིས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་དང་བསྟུན་ནས་དངོས་པོ་གསར་བ་དག་ལ་མིང་འདོགས་མ་ཐུབ་པའམ་ཡང་ན་སྣང་མེད་ཀྱིས་མི་རིགས་གཞན་པའི་ཐ་སྙད་གཡར་རྐྱང་བྱས་པས་རང་རེའི་སྐད་དུ་མི་རིགས་གཞན་པའི་ཐ་སྙད་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདི་མུར་ལུས་ཚེ་སྐད་ཡིག་འདིར་ར་མིན་ལུག་མིན་དུ་འགྱུར་ཉེན་ཡོད་པ་བཅས། གནས་ཚུལ་འདི་དག་ལ་བལྟས་ན་བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་བ་བྱེད་པ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན་ཞིང་འདི་ལས་བོད་ཀྱི་རིག་གནས་དང་ཆབ་སྲིད་དཔལ་འབྱོར་བཅས་ལ་ཕན་ནུས་ངེས་ཅན་ཞིག་འདོན་སྲིད་པ་ནི་མར་ལེ་རིང་ལུགས་ཀྱི་རྩོད་སྒྲུབ་རིག་པ་དང་ལོ་རྒྱུས་ཉམས་མྱོང་ལས་ར་འཕྲོད་བྱུང་ཡོད།
གཉིས། བཀས་བཅད་གསུམ་གྱི་ཉམས་མྱོང་ལ་བལྟ་བ།
བཀས་བཅད་ཅེས་པའི་དོན་ནི་སྐབས་དེའི་ལོ་ཙཱ་བ་དང་མཁས་པ་དག་གིས་བརྡ་གསར་རྙིང་དང་། སྒྱུར་ཡིག་གི་མིང་བརྡ་བཀོལ་ཚུལ། གསུང་རབ་སྒྱུར་སྟངས་ཀྱི་ལམ་ལུགས་སྣ་ཚོགས་ལེགས་སྒྲིག་ཞུན་བརྡར་གྱིས་གཏན་ལ་ཕབ་ནས་དེ་ལག་བསྟར་བྱེད་དགོས་པའི་རྒྱལ་བོའི་བཀས་ཐག་བཅད་དེ་ཁྲིམས་ཐོག་ནས་རྒྱབ་སྐྱོར་བྱས་པ་ལ་ཟེར། ལོ་རྒྱུས་ཐོག་བོད་ཀྱི་རིག་གནས་ལ་བཀས་བཅད་ཐེངས་གསུམ་བྱས་པ་རེད། ཚད་ལྡན་གྱི་ཡིག་ཆ་ལྟར་བཀས་བཅད་དང་བོད་རྒྱལ་སྲོང་བཙན་སྔོན་དུ་བོད་ཡིག་མེད་པས་བཀས་བཅད་ཅེས་པའི་ཐ་སྙད་མེད་ཅིང་སྲོང་བཙན་གྱི་དུས་བོད་ཡིག་གསར་བཏོད་བྱས་པ་ན་བཀས་བཅད་བྱེད་དགོས་པའི་རྒྱུ་རྐྱེན་འདི་དག་ལ་ཐུག་སྟེ།
༡ བོད་ཡིག་གསར་དུ་བརྩམས་མ་ཐག་ཡིན་པས་བསྟན་བཅོས་ཀྱི་བརྡ་སྐད་གཞན་མེད་པས་ཡུལ་སྐད་དང་མི་བསྟུན་ཀ་མེད་ཡིན་བཞིན་ལོ་ཙཱ་བ་དག་གིས་རང་རང་གི་ཡུལ་སྐད་དང་བསྟུན་ཏེ་བསྒྱུར་བས་འགྱུར་མི་འདྲ་བ་དུ་མ་བྱུང་བ།
༢ སངས་རྒྱས་ཆོས་ལུགས་བོད་ལ་གསར་དུ་དར་བས་བརྡ་ཆད་དག་ལ་གཅིག་མཐུན་གྱི་སྐད་དོད་མེད་ཕྱིར་ལོ་ཙཱ་བ་དག་གིས་རང་གི་ཞེ་འདོད་བཞིན་བརྡ་ཆད་བཟོས་པས་བརྡ་ཆད་མི་འདྲ་བ་དུ་མ་བྱུང་བ།
༣ བཀས་བཅད་དང་བོ་དང་གཉིས་པར་མཚོན་ན་བརྡ་སྤྲོད་ཀྱི་ལག་ལེན་ཡོངས་ཁྱབ་ཏུ་སྤྱོད་མ་ནུས་པས་བརྡ་སྤྲོད་ཀྱི་ལུགས་དང་མ་མཐུན་པ་མང་དུ་བྱུང་བ།
༤ ཡི་གེ་འབྲི་སྲོལ་དར་ནས་ཡུན་རིང་བོ་མ་སོང་བས་ཡིག་གཟུགས་འབྲི་སྟངས་མི་བདེ་བ་གང་མང་ཞིག་ཡོད་པ་བཅས་རེད། དེའི་ཕྱིར། གལ་ལ་ཐུག་པའི་གནད་དོན་དེ་ཐག་གཅོད་པར་བཀས་བཅད་ཀྱི་ལམ་ལུགས་གཏན་ལ་ཕབ་ཅིང་དེ་ཆབ་སྲིད་ཀྱི་ཐད་ནས་གནད་འགག་གཅིག་ཏུ་བརྩིས་ཏེ། རྩ་འཛུགས་དང་འགྲོ་སོང་བཅས་མཐུན་རྐྱེན་ཚང་མ་སྲིད་གཞུང་གིས་བཏང་ནས་ལག་ལེན་མཐའ་རུ་ཕྱིན་པར་ཁྲིམས་ལུགས་ཀྱིས་རྒྱབ་སྐྱོར་བྱས་པས་བྱ་བ་དེ་བདེ་བླག་ངང་གྲུབ་སྟེ་ཆབ་སྲིད་བརྟན་བརླིང་དང་དཔལ་འབྱོར་དར་སྤེལ། རིག་གནས་ཡར་རྒྱས་བཅས་ལ་ཕན་ནུས་དགེ་མཚན་ལྡན་པ་ཐོན་པ་རེད། འོ་ན་བཀས་བཅད་དེ་ཇི་ལྟར་བྱས་པ་ཡིན་ཟེར་ན།
༡ བོད་ཡིག་གསར་དུ་བརྩམས་ནས་འགྱུར་མང་བོ་མེད་དུས་ལོ་ཙཱ་བས་གསུང་རབ་ཅིག་བསྒྱུར་བར་མཁས་པ་དང་ལོ་ཙཱ་བ་མང་བོས་དཔྱད་བསྡུར་གྱིས་མིང་ཚིག་དང་བརྡ་ཆད་གང་མང་གཏན་ལ་ཕབ་ནས་སླད་མར་འགྱུར་ཡིག་དང་ཡི་གེ་འབྲི་སྲོལ་གྱི་མ་དཔེར་འཛིན་པའི་བཀས་བཅད་བྱས་པ་འདི་ནི་འགྱུར་ཡིག་མི་འདྲ་བ་ལས་བྱུང་བའི་རྙོག་འཛིང་སྔོན་འགོག་དང་མིང་བརྡའི་མིང་གཞི་ཇེ་བརྟན་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་པའི་བྱེད་ཐབས་ཆེས་སྟབས་བདེ་ཞིག་ཡིན།
༢ དེ་རྗེས་ལོ་ཙཱ་བ་དང་རྩོམ་པ་བོ་ཇེ་མང་དུ་སོང་ཞིང་འགྱུར་ཡིག་གམ་རང་གིས་བྲིས་པའི་བསྟན་བཅོས་སོགས་སུ་ཡུལ་སྐད་དང་བརྡ་རྙིང་འགྱུར་ཚིག་མི་འདྲ་བ་མང་དུ་བྱུང་བས་ལོ་ཙཱ་བ་མང་བོ་འདུས་ཏེ་འབྲི་སྟངས་དང་། མིང་བརྡ་མི་འདྲ་བ་དུ་མ་ཡོད་པ་ལས་འདི་འཐད་ཅེས་གཏན་ལ་ཕབ་སྟེ་བཀས་བཅད་པ་རེད།
གསུམ། བཀས་བཅད་བཞི་བ་ཇི་ལྟར་བྱ་དགོས་པ།
ང་ཚོས་བཀས་བཅད་བཞི་བ་བྱེད་དགོས་ན་ལོ་རྒྱུས་ཀྱི་ཉམས་མྱོང་ལས་ཤེས་གསལ་ལྟར་ཆབ་སྲིད་དང་དཔལ་འབྱོར་ཁྲིམས་ལུགས་བཅས་ཀྱི་རྒྱབ་སྐྱོར་ངེས་ཅན་དགོས་པའི་ཁར་ད་དུང་ཤེས་ཡོན་ཅན་གྱི་དཔུང་ཁག་ཆེན་པོ་ཞིག་དགོས་པས་བྱ་བ་འདི་ནི་དཀའ་ངལ་ཆེ་བ་ཞིག་ཡིན་པ་སྨོས་མ་དགོས། དེ་ལྟ་ནའང་གྲུབ་འབྲས་ཐོན་པའི་བྱ་བ་གཉེར་སྟངས་ནི་ཆུང་ས་ནས་འགོ་བརྩམས་ཏེ་རིམ་བཞིན་གོམ་སྟབས་ཇེ་མགྱོགས་སུ་བཏང་ན་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་ཏུ་འགྲོ་བས་གོ་རིམ་འདི་ལྟར་སྒྲུབ་ན་བཟང་སྙམ་སྟེ།
ཀ སྔོན་དུ་བསྒྲུབ་དགོས་པའི་གནད་དོན།
བོད་ཀྱི་ཡི་གེ་ལ་བཀས་བཅད་བཞི་བ་བྱེད་པ་ལ་ཐོག་མར་བོད་ཀྱི་སྐད་ཡིག་གཅིག་གྱུར་བེད་སྤྱོད་གཏོང་བའི་སྒྲིག་སྲོལ་གཏན་ལ་དབབ་དགོས་ཏེ།
༡ བོད་ཁུལ་གྱི་དཔེ་སྐྲུན་ཁང་ལྷན་འཛོམས་ཀྱིས་དཔེ་ཆ་རྩོམ་སྒྲིག་བྱེད་སྟངས་དང་བརྡ་དག་བེད་སྤྱོད་གཏོང་སྟངས་ལ་གྲོས་ཟིན་བཀོད་དེ་འགྲེམ་སྤེལ་གྱིས་བོད་ཀྱི་མཁས་པ་དག་གི་བསམ་ཆར་བསྡུ་ལེན་དང་བཟོ་བཅོས་ཁ་སྣོན་བྱས་ཏེ་གཏན་ལ་ཕབ་ནས་བོད་ཡོངས་ཀྱིས་བེད་སྤྱོད་གཏང་རྒྱུ།
༢ བོད་ཡོངས་ཀྱི་གསར་ཤོག་དང་དུས་དེབ། རྒྱང་སྒྲོག་ཁང་། གློག་བརྙན་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་བཅས་ཀྱིས་ཡུལ་སྐད་བེད་སྤྱོད་གཏོང་བའི་གནས་ཚུལ་བསྒྱུར་གཏན་ལ་ཕབ་ནས་བོད་ཡོངས་ཀྱི་ཡིག་ཐོག་གི་སྤྱི་སྐད་བེད་སྤྱོད་གཏང་རྒྱུ།
༣ བོད་ཡོངས་ཀྱི་སློབ་དེབ་རྩོམ་སྒྱུར་ཁང་གིས་མིག་སྔའི་ཡུལ་སྐད་བེད་སྤྱོད་བྱས་པའི་སློབ་དེབ་དག་བེད་སྤྱོད་གཏོང་མཚམས་བཞག་ནས་སྤྱི་སྐད་ཀྱི་སློབ་དེབ་རྩོམ་སྒྲིག་བྱ་རྒྱུ། ངའི་བསམ་ཚུལ་ལ་ཚན་པ་དང་བོ་དེ་བསྒྲུབས་ན་བོད་ཀྱི་དཔེ་སྐྲུན་ལ་ཤུགས་རྐྱེན་ངེས་ཅན་ཐེབས་ཐུབ་ལ་ཕྱི་མ་གཉིས་བསྒྲུབས་པ་བརྒྱུད་ཡིག་ཐོག་ནས་ཕལ་སྐད་ཐོན་པའི་གནས་བབས་སྡུག་པོ་སྟེ་ཨ་མདོ་བས་བྲིས་པ་དབུས་གཙང་བས་མི་གོ་ཞིང་དབུས་གཙང་བས་བྲིས་པ་ཨ་མདོ་བས་མི་གོ་བའི་ཉེན་ཁ་དེ་སེལ་ཐུབ།
ཁ བོད་ཀྱི་སྤྱི་སྐད་གཏན་ལ་དབབ་དགོས།
བཀས་བཅད་བཞི་བ་བྱེད་པའི་ནང་གནད་དོན་གལ་ཆེན་ཞིག་ཡོད་པ་ནི་སྤྱི་སྐད་གཏན་ལ་དབབ་རྒྱུ་དེ་ཡིན། དེ་ཡང་ས་གནས་སོ་སོ་བྱས་ཏེ་ཕྱོགས་རིས་དང་རྩོད་གླེང་བྱེད་དོན་ཅི་ཡང་མེད་པར་གཤམ་གསལ་གྱི་དོན་འདི་དག་རྨང་གཞིར་གཟུང་དགོས་ཏེ།
༡ སྤྱི་སྐད་གཏན་ལ་དབབ་པ་ནི་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་སྐྱེ་བོ་སུས་བལྟས་ཀྱང་གོ་བའི་ཡིག་ཐོག་གི་སྐད་ཆ་སྟེ་ལོ་ངོ་སྟོང་ཕྲག་ལྷག་བརྒྱུད་དེ་མཁས་པ་སོ་སོའི་བློ་གྲོས་ཀྱི་ཉིང་བཅུད་འཛོམས་ཤིང་ཚན་རིག་གི་རང་བཞིན་ལྡན་པའི་སྐད་ཆ་དེ་བེད་སྤྱོད་བྱེད་པ་ནི་སྒ་ཁུར་རྟ་ལ་བབས་པའི་ལས་ཏེ་སྔོན་ཆད་སྐད་ཆ་ལ་བརྟེན་ནས་ཡི་གེ་བཟོས་པ་ཡིན་མོད་ད་ནི་ཡི་གེས་སྐད་ཆ་སྣེ་ཁྲིད་བྱ་དགོས། དེ་བས། སྤྱི་སྐད་གཏན་ལ་འབེབ་དུས་ཡིག་ཐོག་གི་སྐད་ཆར་གཞི་འཛིན་བྱེད་པ་ལས་ཡུལ་སྐད་དག་ཅི་ཡང་སྤྱད་མི་རུང་།
༢ སྤྱི་སྐད་ཀྱི་སྒྲ་གདངས་གཏན་ལ་དབབ་པ། འདིར་ཆེས་གལ་ཆེ་བ་ནི་སྤྱི་སྐད་ཀྱི་སྒྲ་གདངས་གཏན་ལ་འབེབ་པ་དེ་ཡིན་ལ་དེ་ཆེས་རྙོག་འཛིང་ཆེ་བའི་བྱ་བ་ཞིག་ཡིན་པས་ང་ཚོས་ཕྱོགས་ཞེན་དང་མཁྲེགས་འཛིན་མེད་པར་བོད་ཡོངས་ཀྱི་སྐད་གདངས་དག་སྒྲར་ཕབ་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གང་ཞིག་སུམ་རྟགས་དང་མཐུན་པ་དང་གང་ཞིག་སྔོན་རྗེས་དང་བརྩེགས་མའི་གདངས་ཐོན་པ། སྙན་ཞིང་འཇེབས་པའི་དབྱངས་འགྲོས་དང་ལྡན་པ་དེར་ངེས་བཟུང་བྱ་དགོས་པ་ལས་ཧོལ་རྒྱུགས་དང་བྲེལ་འཚུབ་གཏན་ནས་བྱ་མི་རུང་།
༣ བོད་ཀྱི་སྤྱི་འགྲོས་སྒྲ་གདངས་གཏན་ལ་འབེབ་དུས་སྤྱི་སྐད་གཏན་ལ་འབེབ་པའི་ཚོགས་ཆུང་ངམ་ཚོགས་འདུ་སྐོང་ཚོགས་ཀྱིས་གྲོས་ཆོད་བཞག་སྟེ་ས་གནས་སོ་སོ་ནས་སྒྲ་གདངས་དག་སྒྲར་ཕབ་སྟེ་ཆོལ་ཁ་གསུམ་གྱི་མཁས་པ་མང་བོ་བསྡུས་ནས་དཔྱད་བསྡུར་གྱིས་གཏན་ལ་དབབ་དགོས།
༤ སྐད་གདངས་གཏན་ལ་ཕབ་རྗེས་ཐོག་མར་ཆོལ་ཁ་གསུམ་གྱི་རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགྱུར་སྤྱི་སྐད་སྤྱད་དགོས་ཤིང་དེ་ནས་བརྙན་འཕྲིན་དང་གློག་བརྙན་སྤྱི་སྐད་ཀྱིས་ཕབ་སྒྱུར་དང་དེའི་སྒྲ་ཐག་མང་བོ་འགྲེམ་སྤེལ་དང་སློབ་གྲྭ་སོ་སོའམ་སྤྱི་ཚོགས་སྟེང་དུ་སྤྱི་སྐད་ཀྱི་སློབ་སྦྱོང་འཛིན་གྲྭ་དང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་དགོས།
ག འགྱུར་ཡིག་དང་བརྡ་ཆད་བཀས་བཅད་བྱེད་ཚུལ།
འགྱུར་ཡིག་གཅིག་གྱུར་དང་བརྡ་ཆད་བཀས་བཅད་བྱེད་རྒྱུ་ནི་བོད་ཀྱི་སྐད་ཡིག་ཡོད་པ་དར་སྤེལ་དང་མེད་པ་ཁ་སྐོང་གིས་ཆ་ཇེ་ཚང་དང་ཚགས་ཇེ་ཞིབ་གཏོང་བའི་བྱ་བ་གལ་ཆེན་ཞིག་རེད། དེ་ཡང་ཕྱོགས་འདི་དག་ནས་བསྒྲུབ་དགོས་ཏེ། ང་ཚོས་འགྱུར་ཡིག་དང་བརྡ་ཆད་གཅིག་གྱུར་ཐད་ཐོག་མཐའ་བར་གསུམ་དུ་བཀས་བཅད་ཀྱི་ཉམས་མྱོང་དེ་གཙོ་བོར་གཟུང་དགོས། དེ་བས།
༡ ལོ་ཙཱ་བ་དང་མཁས་པ་དག་ལྷན་འཛོམས་ཀྱིས༼ཆུ་ངོགས་གཏམ་རྒྱུད༽ལྟ་བུའི་འགྱུར་གཞུང་གི་མིང་བརྡ་འགྱུར་ཚུལ་དེ་བཞིན་ཆབ་སྲིད་དང་རྒྱུན་བཀོལ་ལས་རིགས་སོ་སོའི་མིང་དང་བཅས་བརྡ་དག་ཤན་སྦྱར་གྱིས་ཟིན་བྲིས་སུ་བཀོད་ནས་འགྲེམ་སྤེལ་གྱིས་བསམ་འཆར་བསྡུ་ལེན་བྱས་ཏེ་གཏན་ལ་ཕབ་ནས་འགྱུར་ཡིག་གི་རྨང་གཞི་བསྐྲུན་དགོས།
༢ ད་ཡོད་ཀྱི་འགྱུར་མི་འདྲ་བ་དག་དང་ཐ་ན་མང་ཚོགས་ཀྱི་ངག་ཏུ་ཡོད་པ་དག་ཀྱང་སོ་སོར་བསྡུས་ཏེ་ཞིབ་བཤེར་གྱིས་གཏན་ལ་ཕབ་ཅིང་ཟིན་བྲིས་སུ་བཀོད་དེ་འགྲེམ་སྤེལ་བྱས་ནས་བསམ་འཆར་བསྡུ་ལེན་གྱིས་ཁ་སྐོང་ལེགས་བཅོས་བྱ་དགོས།
༣ སྔར་བོད་དུ་མ་ཐོན་པའི་བརྡ་ཆད་དག་ཕབ་སྒྱུར་དང་རྩོམ་སྒྲིག་བྱས་ཏེ་དར་སྤེལ་གཏོང་བ་དང་དུས་མཉམ་དུ་བོད་ཡོངས་སུ་བེད་སྤྱོད་གཏོང་དགོས་ཤིང་དེ་ཡང་སྔ་མ་གཉིས་ཀྱི་གོ་རིམ་དེ་བརྒྱུད་དགོས།
༤ འགྱུར་ཡིག་གཏན་ལ་འབེབ་དུས་བོད་ཀྱི་ཐ་སྙད་སྔོག་འདོན་གྱི་བྱ་བ་གལ་ཆེན་འཛིན་དགོས་ཁར་ཡིག་ཐོག་ཏུ་མེད་པར་ཁ་སྐད་དུ་ཡོད་པ་དག་ཀྱང་དཔྱད་བསྡུར་གྱིས་འགྱུར་ཡིག་གི་ཐད་ལ་བཀོལ་སྤྱོད་བྱ་དགོས།
༥ མིག་སྔར་དཔར་དུ་བསྐྲུན་པའི་རྒྱ་བོད་ཤན་སྦྱར་གྱི་མིང་མཛོད་དག་ལའང་སྐད་ཡིག་སྔོག་འདོན་གྱི་བྱེད་ཐབས་དེ་བོད་ཀྱི་ཁྱད་ཆོས་དང་མཐུན་པར་ཁ་གསབ་དང་འདོར་ལེན་བྱ་དགོས།
ང་། བཀས་བཅད་ལག་བསྟར་བྱེད་སྟངས།
གོང་དུ་བཤད་པ་ལྟར་འགྱུར་ཡིག་གི་མ་ཟིན་དཔེ་བསྐྲུན་གྱིས་བསམ་འཆར་བསྡུ་ལེན་བྱས་ཏེ་གཏན་ལ་ཕབ་རྗེས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་དཔེ་སྐྲུན་ཁང་དང་བརྙན་འཕྲིན་ཁང་། ཡིག་སྒྱུར་ཁང་། གློག་བརྙན་སྒྱུར་སྐྲུན་ཁང་། གསར་འགྱུར་ཁང་། རླུང་འཕྲིན་ཁང་བཅས་དང་། དེ་བཞིན་སློབ་གྲྭ་སོ་སོ་དང་། དཔལ་འབྱོར་སྡེ་ཁག་ཚང་མས་རྒྱབ་སྐྱོར་བྱ་དགོས་པའི་གནད་དོན་ཞིག་ཡིན་ལ། བཀས་བཅད་གསུམ་གྱི་ཉམས་མྱོང་ལས་གཤམ་གསལ་གྱི་དོན་དག་བསྒྲུབ་དགོས་པ་གལ་ཆེ་སྟེ།
༡ བཀས་བཅད་ཀྱི་མིང་བརྡ་དག་ཚིག་མཛོད་བཟོས་ནས་ཚང་མས་བེད་སྤྱོད་གཏོང་བདེ་བོ་དང་གཅིག་གྱུར་ཡོང་བར་སྐུལ་འདེད་བྱ་དགོས།
༢ བཀས་བཅད་བེད་སྤྱོད་གཏོང་སྟངས་དང་ལག་ལེན་གྱི་ཐད་ནས་ཇི་ལྟར་བེད་སྤྱོད་བྱེད་པའི་ཚད་གཞི་གཞུང་ལུགས་འཐུས་ཚང་ཞིག་འགྲེམ་སྤེལ་བྱས་ཏེ་དེའི་དོན་སྙིང་ཚང་མས་ཤེས་རྟོགས་ཐུབ་པ་བྱ་དགོས།
༣ དུས་དེབ་ཁང་དང་། རླུང་འཕྲིན་ཁང་། ཡིག་སྒྱུར་ཁང་། གློག་བརྙན་སྒྱུར་སྐྲུན་ཁང་། བརྙན་འཕྲིན་ཁང་། ཚགས་པར་ཁང་བཅས་ཀྱིས་གཅིག་གྱུར་དུ་བེད་སྤྱོད་བྱ་དགོས།
༤ བཀས་བཅད་ལག་བསྟར་མི་བྱེད་པར་རྒྱབ་འགལ་བྱེད་མཁན་དང་ལྷག་པར་དུ་བཀས་བཅད་ལག་བསྟར་སྡེ་ཁག་གིས་བཀས་བཅད་དང་འགལ་ཚེ་ཁྲིམས་ཐོག་ནས་ཐག་གཅོད་བྱ་དགོས།
༥ བཀས་བཅད་ཀྱི་ཐད་ལ་མི་འཐད་པ་བྱུང་ཚེ་སྙན་ཞུ་བྲིས་ཏེ་འབྲེལ་ཡོད་སྡེ་ཁག་ལ་དཔྱད་གཞིར་ཕུལ་ནས་དཔྱད་བསྡུར་གྱིས་དགེ་མཚན་ལྡན་ཚེ་བཀས་བཅད་ཀྱི་ནང་དོན་ལ་བཟོ་བཅོས་བྱ་རྒྱུ།
༦ བཀས་བཅད་ཚད་ལྡན་དུ་འགྲོ་བར་བགྲོ་གླེང་དང་བསམ་འཆར་བརྗེ་རེས་ཀྱི་མཁས་བརྒྱ་འགྲན་གླེང་གི་བདེན་པ་བརྡར་བའི་དུས་དེབ་ཅིག་བསྐྲུན་ཏེ་བཀས་བཅད་ལ་དཔྱད་བརྗོད་དང་ལེགས་བཅོས་ཀྱི་གྲོས་གཞི་འདོན་དགོས་པ་བཅས་སོ། །
ཅ། བཀས་བཅད་ཀྱི་སྒྲིག་འཛུགས།
བཀས་བཅད་བྱ་བ་ལ་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཁྲིམས་ལུགས་བཅས་ཀྱི་སྒྲིག་འཛུགས་ངེས་ཅན་ཞིག་དགོས་པས་ཐོག་མར་ལྗོངས་དང་ཞིང་ཆེན་ལྔའི་བཀས་བཅད་ཀྱི་གྲོས་ཚོགས་བསྐོངས་ཏེ་སྦྱོར་དངོས་རྗེས་གསུམ་གྱི་སྒྲིག་འཛུགས་ཆ་ཚང་ཞིག་གཏན་ལ་ཕབ་ནས་ས་གནས་སོ་སོས་ལག་བསྟར་བྱ་དགོས། ཁོ་བོའི་བསམ་པར་གཤམ་གསལ་གྱི་སྒྲིག་འཛུགས་འདི་དག་ངེས་པར་མཁོ་སྙམ་སྟེ།
༡ གྲ་སྒྲིག་གི་སྒྲིག་འཛུགས་ནི། ས་གནས་སོ་སོ་ནས་བཀས་བཅད་ཀྱི་སྔོན་འགྲོའི་བྱ་བ་འཆར་ཟིན་འཚོལ་སྡུད་སྒྲིག་གསུམ་བྱེད་མཁན་ཏེ་ས་གནས་སོ་སོའི་སྐད་ཡིག་སྡེ་ཁག་གི་རྨང་གཞི་ལས་འགྲུབ་དགོས། དེ་དག་གི་བྱ་བ་ནི་བཀས་བཅད་ཀྱི་འཆར་ཟིན་གཏན་ལ་ཕབ་སྟེ་བཀས་བཅད་ཀྱི་སྦྱོར་བ་བསྒྲུབ་དགོས།
༢ དངོས་གཞིའི་སྒྲིག་འཛུགས་བཀས་བཅད་ཀྱི་དངོས་གཞིའི་བྱ་བ་སྒྲུབ་མཁན་ཏེ་ཆོལ་ཁ་གསུམ་མམ་ལྗོངས་ཞིང་ལྔའི་མཁས་པ་དག་གིས་གྲ་སྒྲིག་སྒྲིག་འཛུགས་ཀྱིས་ཕུལ་བའི་འཆར་ཟིན་དག་གཤིབ་བསྡུར་དང་ལེགས་བཅོས་ཀྱིས་བཀས་བཅད་ཀྱི་དངོས་གཞིའི་བྱ་བ་བསྒྲུབ་དགོས།
༣ མཇུག་གི་བྱ་བའི་སྒྲིག་འཛུགས། བཀས་བཅད་ཀྱི་དོན་ལ་ཞིབ་བཤེར་དང་མཐའ་དཔྱོད་གནང་མཁན་ཏེ་རྒྱ་ཡིག་མི་ཤེས་པའི་མཁས་པའམ་བོད་ཀྱི་ཤེས་རིག་ལ་མཁྱེན་པ་ཡངས་པའི་མཁས་པ་དག་གིས་བསྒྲུབ་དགོས། འདིས་བཀས་བཅད་ཀྱི་དོན་བོད་སྐད་ཀྱི་ཆོས་ཉིད་དང་གོམས་སྲོལ་སོགས་དང་མཐུན་མིན། གོ་བ་ལོན་དཀའ་མིན་དང་བརྗོད་པ་བདེ་མིན་སོགས་ལ་དཔྱད་དེ་མཐའ་མཇུག་གི་བཀས་བཅད་མཐའ་རུ་ཕྱིན་པར་ཆེད་དུ་ནུས་པ་འདོན་པའི་འགན་ལེན་བྱ་དགོས།
༤ ཐེབས་རྩའི་སྒྲིག་འཛུགས། བཀས་བཅད་ཀྱི་ཐད་ལ་འགྲོ་གྲོན་ངེས་ཅན་ཞིག་དགོས་པར་འདིས་གཞུང་སྒེར་ཐད་ནས་ཐེབས་རྩའི་མ་དངུལ་བསྡུས་ཏེ་ཕྱོགས་ཡོངས་ནས་དཔལ་འབྱོར་གྱི་དཀའ་ངལ་མེད་པ་བཟོ་བའི་འགན་ལེན་བྱ་དགོས།
༥ ལག་ལེན་གྱི་སྒྲིག་འཛུགས། དཔེ་སྐྲུན་ཁང་དང། རླུང་འཕྲིན་ཁང་། བརྙན་འཕྲིན་ཁང་། སློབ་གྲྭ་ཁག་གསར་འགྱུར་ལས་རིགས་སོགས་བཀས་བཅད་ཀྱི་དོན་ལག་ལེན་བྱེད་པའི་ལས་རིགས་ཁག་སྟེ་འདི་དག་གིས་ལག་ལེན་ཐད་ནས་ཁ་ཞེ་གཉིས་མེད་ཀྱིས་དམ་འཛིན་བྱ་དགོས།
མཇུག་གི་གཏམ།
གོང་དུ་བཤད་པ་དག་ནི་གནས་ཚུལ་དངོས་ལ་ཞིབ་དཔྱོད་བྱས་ཏེ་དགོས་མེད་ཀྱི་ཚིག་ཉོག་དང་དཔེར་བརྗོད་ཀྱི་རྒྱས་སྤྲོས་མ་དགོས་པར་ཚིག་ཉུང་དོན་གསལ་གྱིས་བཀོད་པ་འདི་དཔྱོད་ལྡན་དག་གི་དཔྱད་གཞིར་ཕུལ་བ་ལགས་ན་གཟུར་གནས་དག་གིས་མཐའ་དཔྱོད་ཀྱིས་གནས་ཚུལ་དངོས་ལ་ཐུག་བསམ་བཞེས་རོགས་ཞེས་སྙིང་ཐག་པ་ནས་ཞུའོ། །
༼གངས་ལྗོངས་ཀྱི་གངས་ཕྲུག་ལགས་ཀྱི་ངོ་དེབ་ནས་དྲངས།༽
ངོ་མ་ཡག་པོ་བྲིས་འདུག དེང་གི་འཆར་སྣང་མཁས་པ་སྟེ་ཅིག་བྱ་དགོས། ཉིག་ལས་དགོས་ཞེས་འུད་ཆེན་བསྒྲགས་ཤིང་བྱ་སྟངས་ལས་ལུགས་ཁ་གསལ་དང་ཞིབ་ཚགས་ལྡན་པ་གང་ཡང་ཤོད་རྒྱུ་མེད་པ་དག་དང་མི་འདྲ་བར། སྦྱོར་དངོས་མཇུག་གསུམ་ལ་དཔྱད་ཞིབ་ལེགས་པོར་བཏང་སྟེ་སྤེལ་འདུག ངར་བ་རེད། རྗེས་སུ་ཡི་རང་ཞུ། རྒྱབ་སྐྱོར་ཡོད། འོན་ཏེ། ཞིང་ཆེན་ལྔའི་མི་སྣ་དག་འཛོམས་ཚེ་དཀྱོག་བཤད་དང་འཁྲེགས་བཤད་བྱ་སྲིད་པས། གནད་དོན་ལམ་ལྷོང་འབྱུང་བའི་གདེང་ཚོད་ཡེ་ནས་མེད་ལ། ད་དུང་གཞུང་ངོས་ནས་ཁྲིམས་ཀྱིས་རྒྱབ་སྐྱོར་རག་རྒྱུ་ཧ་ཅང་དཀའ་སྙམ་མོ།། འདི་བསམ་བློ་གཏང་དགོས་ས་ཞིག་རེད།
བཀས་བཅད་ཀྱི་སྙིང་བོ་དང་རྒྱབ་བརྟེན་ནི་བཙན་པོའི་བཀའ་ཡིན་པས། བཀའ་མེད་པར་བཀས་བཅད་ཅིག་ག་བ་ནས་ཡོང་དགོས་བ་རེད། གླེན་བཤད་རང་རེད། ད་ལྟ་ང་ཚོར་དགོས་བ་ནི་ཐ་སྙད་ཁ་མེད་སྣ་མེད་བཟོ་དགོས་བ་དེ་་ཡིན། ཕྱིས་སུ་བཙན་པོ་ཞིག་བྱོན་ན་བཀའ་ཡིས་གཅོད་བྱེད་ཀྱི་ཐ་སྙད་མ་མཐའ་ཡོད་ཏེ། དེའི་ཕྱིར་སོ་སོའི་ས་ནས་ཐ་སྙད་གང་བཟང་བཟོ་བར་ཤུགས་རྒྱག་དགོས་བ་ལས། འགྲུབ་མེད་ཀྱི་འཆར་ཡན་དེ་དག་ཉུང་བར་གྱིས།
བཀས་བཅད་བཞི་པ་མའོ་ཙེ་ཏུང་གིས་དུས་ལ་བྱས་ཟིན་པ་རེད། དཔེར་ན་ཨི་ལྡན་རྣམས་གི་དང་གིས་ཁོ་ནས་ཆོག་པར་བྱས་པ་ལྟ་བུ་སོགས་རེད།
མི་རིགས་གཞན་གྱི་སྐད་ཡིག་དང་མཉམ་བསྲེས་བྱས་ན་སྐད་ཡིག་ར་མ་ལུག་གང་ནས་ཡིན། དེ་ལྟར་ན་ཐུབ་བསྟན་པའི་བཀའ་འགྱུར་དང་བསྟེན་འགྱུར་རྣམས་ཀྱང་ར་མ་ལུག་བཞིན་ཆགས་སྲིད། གསུང་རབ་ཀྱི་དབུ་ནས་རྒྱ་གར་སྐད་དུ་དང་བོད་སྐད་དུ་དང་དེ་ནས་མར་རིམ་བཞིན་རྒྱ་བོད་འདྲེས་མར་བཤད་ཡོད། དཔེར་ན་བོད་ཀྱི་རྩོམ་རིག་མཁས་པ་ཡིནནཟེར་མཁན་དེ་ཚོས། ཀེ་ལ་ཤ་ཡའི་ལྗོངས་ཆེན་ན། ཟེར་བ་ལྟ་བུ། པདྨོའི་ཚལ་གྱི་མཛེས་སྡུག་བཞིན་ཞེས་པ་ལྟ་བུ་ར་མ་ལུག་ཡིན་ནམ།
སྤོབས་ཐབས་དང་ཅོག་ཉི་ལྟ་བུའི་ངན་པ་ཁོག་བཅུག་དག་གིས་ཁ་གྲག་ཙམ་ནས་གཉུག་གཤིས་ཀྱི་ཁ་དོག་གསལ་བོར་མཐོང་ཡོང་པས་དེ་དག་དང་རིང་དུ་བསྡད་ན་འདི་ཕྱི་གཉིས་ཀ་ལ་ཤིན་ཏུ་རབ་ཏུ་ཕན་ནོ།།
་་་་་་་་་་་སློབ་གྲྭ་སོ་སོའམ་སྤྱི་ཚོགས་སྟེང་དུ་སྤྱི་སྐད་ཀྱི་སློབ་སྦྱོང་འཛིན་གྲྭ་དང་འགྲན་བསྡུར་གྱི་བྱ་འགུལ་སྤེལ་དགོས། ་་་་་་་་་་་་་་་
འདི་ལ་མོས་མཐུན་ཡོད།
འབྲེལ་སྒྲ་ལ། གི་གཅིག་པུ་དང་། བྱེད་སྒྲ་ལ། ཀྱིས་གཅིག་པུ་དང་། ལ་དོན་ལ། ལ་གཅིག་པུ་བྱས་ཀྱང་བོད་སྐད་དང་བོད་ཡིག་ལས་སླ་རུ་འགྲོ་བ་དང་། བོད་ཀྱི་སྐད་ཡིག་འཕེལ་རྒྱས་ལ། ཕན་ཐོགས་ཆེན་པོར་མཐོང་ལགས།།
བོད་གཞིས་བྱེས་གཉིས་ཀྱི་བར་ལ། བོད་ཡིག་གྲྭ་པའི་ལས་འགན་ཡིན་ཟེར།
https://www.facebook.com/serkyiphonga/videos/498758530283468/
གྲྭ་པ་ཚོར་ཐུགས་རྗེ་ཆེ་ཞུ་དགོས་སྟངས།
་
གཞིས་སྡོད་རྒྱ་ཡིག་དགའ་བ། །
ཕྱི་འདོད་ཨིན་ཡིག་དགའ་བ། །
གཞིས་བྱེས་གཉིས་ཀྱི་བར་ལ། །
བོད་ཡིག་གྲྭ་པའི་ལས་འགན། །
་
གླུ་གཞས་གསར་པ་ཅིག་ཡིན་པ་འདྲ།
དཔྱད་བརྗོད་ལེགས། མིང་ཚིག་ཡོད་པ་ལ་མང་སྟེ། གནམ་གྲུ་ཡོད་བཞིན་དུ་ལྕགས་བྱ་དང་། ཀློག་ཀླད་ཡོད་བཞིན་དུ་རྩིས་འཁོར་སོགས་ཀྱིས་མཚོན་མང་ངོ་། །འོན་ཀྱང་དེང་གི་ཕྱི་དངོས་པོའི་འཕེལ་རྒྱས་ལ་བསྟུན་ནས་ད་རུང་ཐ་སྙད་མེད་པ་ནི། Screen touch mobile, Smart phones སོགས་མང་བས། ཅིས་ཀྱང་ཐ་སྙད་མཁན་པོ་དག་རང་དགར་འདུག་མི་ཉན་པའི་ཚོད་དུ་གདའ། ལར་ནས་ཐ་སྙད་དམངས་ཁྲོད་ནས་གསར་དུ་དར་བ་རྣམས་གཏན་འབེབས་དགོས་ཟེར་བར། འོ་ན་ཡུལ་ལུང་སོ་སོའི་ཁ་སྐད་གཅིག་འགྱུར་མིན་པ་དག་ཀྱང་བོད་སྤྱི་སྐད་ལ་ཐག་གཅད་དམ། ཅི་ཕྱིར་ན་དམངས་ཁྲོད་ན་དར་བས་སོ། །གང་ལྟར་གོང་གསལ་དཔྱད་བརྗོད་ལ་ཡིད་རང་དང་རྒྱབ་སྐྱོར་ཞུ།
Screen touch mobile = ངོ་རིས་འཛུབ་འཁྲིད་ཁ་པར།
Smart phones = སྤྱང་གྲུང་ཁ་པར།
Smart phones = སྤྱང་གྲུང་ཁ་པར། ཡང་ན། ཀླད་གྲུང་ཁ་པར།
རྩོམ་ཡིག་འབྲི་བ་པོས་གཏམ་བདེན་གསུངས་པ་ལྟར་བཀས་བཅད་བཞི་པར་དགོས་པར་མཐོང་།
བཀའ་བསྟན་གསུང་འབུམ་དག་གི་སྐད་ལ་རྒྱུས་མངའ་བྱས་ཏེ། བཀས་བཅད་བཞི་པ་བྱེད་དགོས་པ་གལ་ཆེ་བར་མཐོང་། བཀའ་བསྟན་གསུང་འབུམ་བཅས་དང་མ་བསྟུན་པར་ཁ་སྐད་ར་མ་ལུག་འདྲེས་པ་ལྟ་བུའི་སྐད་ཅིག་གཞིར་བཟུང་སྟེ། བཀས་བཅད་བཞི་པ་འབྱུང་མི་ཐུབ། དཔེར་ན། བོད་དུ་ཡོངས་ཁྱབ་ཀྱི་ བཀའ་བསྟན་གསུང་འབུམ་བཅས་སྐད་ན། བཞི་པ་ཞེས་པ་མ་གཏོགས། བཞི་བ། ཞེས་པ་གཏན་ནས་མེད། གྲོགས་ལ་རོགས་དང་། ལྡང་ལ་འདང་དང་། ཕྱོགས་ཁག་ལ་ཆོལ་ཁདང་། བཀོལ་སྤྱོད་ལ་་བེད་སྤྱོད་་ཟེར་བ་སོགས་ཁ་སྐད་དུ་མ་བརྟགས་པར་བྲིས་པ་རྣམས་བཀས་བཅད་བཞི་པའི་སྐད་དུ་མེད་དགོས་པ་གལ་ཆེ་བར་མཐོང་ངོ་།
ཨ་མདོ་ཀློའུ་རྒན་ཚོར་སྤྲིངས་པ། རྒྱལ་ཁམས་ཆབ་སྲིད་དང་དཔལ་འབྱོར་ལ་ཕྱོགས་པའི་སྐབས་སུ་རིག་གཞུང་དང་སྐད་ཡིག། སྙན་ངག མཚན་ཉིད་རིག་པ་སོགས་གླེང་བ་ཀློའུ་རྒན་ཡིན་པའི་རྟགས་རེད། ཕོ་བ་རྒྱགས་པའི་རྟགས་རེད། ལས་ཀ་མེད་པའི་རྟགས་རེད། གོ་རྟོགས་ཞན་པའི་རྟགས་རེད། རང་ས་མ་ཟིན་པའི་རྟགས་རེད། སྒལ་ཚིགས་མེད་པའི་རྟགས་རེད། རིག་གཞུང་དང་ཆོས་ལུགས་ནི་གདོལ་མའི་སྐད་ཆ་རེད། དུས་རབ་ཉེར་གཅིག་པའི་ནང་དེ་དག་གླེང་བ་ནི་ད་དུང་རྗེས་སུ་ལུས་པའི་རྟགས་རེད།
ཕྱོགས་རིས་དང་ཆགས་སྡང་མེད་ཅིང་། ཕྱོགས་ཀུན་ནས་བལྟས་ན། བོད་ཡིག་ལྟ་ཅི། རང་དབང་ཅན་གྱི་སྐད་ཡིག་གཞན་པ་ཚོ་ཡང་འཇིག་བཞིན་ཡོད། རྒྱུ་མཚན་ནི། ད་ལྟའི་དཔལ་འབྱོར་དང་ཆབ་སྲིད། དམག་དོན་བཅས་ལ་སྐད་ཡིག་གཙོ་བོ་དབྱིན་ཡིག རྒྱ་ཡིག སི་པན། དེ་བཞིན་གཞན་ཐ་རེ་ཐོ་རེ་འགའ་ལས་གཞན་དགོས་མཁོ་མེད་པ་ལྟ་བུར་སོང་བ་རེད། དེས་ན། ངེད་ཚོས་བསམ་བློ་རྒྱ་ཆེན་པོ་བཏང་ནས། བོད་པ་ཚོར་ཕུགས་རིང་ལ་ཕན་པར་བསམ་ནས། འདི་ནས་ལོ་ཉིས་བརྒྱ་ལྷག་བཀོལ་བདེ་ཞིང་ཕན་ཐོགས་པའི་བོད་ཡིག་ཅིག་བཟོ་དགོས། དེ་ཇི་ལྟར་བཟོ་འམ། དང་པོ་སྐད་ཡིག་བཀོལ་སླ་རུ་གཏོང་དགོས། འཛམ་གླིང་གི་སྐད་ཡིག་ཕུལ་དུ་བྱུང་བ། ད་ཆ་ཆབ་སྲིད་དང་དཔལ་འབྱོར་ཐོག་འགྲོ་རྒྱུག་ཆེ་ཤོས་དེ་ཚོར་དང་པོ་བཀོལ་སླ་བའི་ཁྱད་ཆོས་ཡོད། དཔེར་ན། དབྱིན་ཡིག་དང་རྒྱ་སྐད་ལྟ་བུ།
གཉིས་པ། དེང་གི་འཕྲུལ་ཆས་དང་ཚན་རིག་གི་གོམས་པར་བསྟུན་ནས། ཡི་གེ་ཡང་ཚན་རིག་དང་བསྟུན་དགོས། མགོ་ཅན་དང་བརྩེགས་འདོགས་རྣམས་མེད་པ་བཟོ་དགོས། གློག་ཀླད་ནང་ལ་བརྩེགས་འདོགས་ཀྱིས་གཉེན་ཆས་བཟོ་མི་ཐུབ།
མྱི་ཆུང་ཆུང་འདི་འདྲ་འདྲས། སྐད་ཆ་ཚོ་པོ་འདི་འདྲ་འདྲ་བཤད་ན། ཟ་མ་འདོད་ཡིད་ཀ་ལོག་གི།
བཀས་བཅད་གང་གིས་བོད་སྐད་ལ་ཕན་བཏགས་ཡོད་དམ།
བཀས་བཅན་རིམ་པས། ཏུན་ཧོན་ཡིག་རྙིང་ལ་སོགས་པའི་གནའ་བོའི་གང་ཅན་གྱི་གོ་བརྡ་ལ་གོ་ཆག་ག་ཚད་ཅིག་བཟོས་ཡོད་པ་ཤེས་སམ།
བོད་ཡིག་དང་བོད་སྐད་འདི་རྩ་བ་འདེད་ས་མེད་པའི་རྩེ་མོར་དད་ཡོད་པ་ཤེས་སམ།
རྨྱི་ལམ་འདི་འདྲ་བཏང་ནས། མྱི་ཚེ་བསྐྱལ་བ་ལས། གངས་ཅན་པའི་སྐད་ཀྱི་འཕེལ་རིམ་དང་གདངས་ཀྱི་འགྱུར་ཚུལ་གླེང་ནས། ཕ་ཡུལ་གངས་ཅན་གྱི་ལུང་ཁུག་སོ་སོ་ན། ཉམ་མ་ཆག་པར། བཅོས་མ་སླད་པར་ཡོད་པ་དེ་ཚོ། གཅེས་ནོར་དུ་བཟུང་ནས་ཡོད་པའི་སྒང་ལ་མེད་པ་རེ་བསྣན་ན་མི་དགའ་འམ།
བཀས་བཅད་གཏོང་ཐུབ་ནིའི་ཡོད་ཏན་པ་སུ་ཞིག་ཡོད་པ་རེད། སྔོན་མ་མཁན་པོ་ཚུལ་ལོ་ཟེར་ནི་ཞིག་གིས། བོད་མདོ་དབུས་ཁམས་གསུམ་ནས་མཁས་བ་ཡིན་ཟེར་ནི་བརྒྱ་བརྒྱ་བསྡུས་བའི་སྙིང་བོ་བླངས་ནས་ང་ཚོའི་མིག་མདུན་དུ་ཅིག་ཅིག་བཞག་ཡོད་པ་དེ་ཚོར་གཟིགས་དང་། མཁས་བ་དེ་ཚོས། གནས་ཚད་ག་འདྲ་ཞིག་ན། སྐད་ཅོར་ག་འདྲ་ཞིག་སྒྲག་གི་ཡོད་པ་ཤེས་སྲིད།
དགའ་དགའ་ཚོ། ཡུལ་སྐད་ཤོད། བོད་སྐད་ཕྲིས། ང་ཚོར་དགོས་བ་དེ་དེ་ཡིན།
བོད་དུ་བཞུགས་པའི་བོད་མི་ཚོས་རང་སྐད་རྒྱག་སྟངས་ལ་ནོར་འཁྲུལ་ཆེན་པོ་ཞིག་འདུག་གམ། བོད་སྐད་འདི་འདྲ་ཞིག་བརྒྱབ་ན་འོས་པ་དང་། འདི་འདྲ་ཞིག་བརྒྱབ་ན་མི་འོས་ཟེར་མཁན་གྱི་སྔར་མེད་པའི་མགོ་དེ་གང་ནས་བྱུང་བ་ཡིན་ནམ། དེ་འདྲ་བཙན་པོ་དབང་ཡོད་སྟངས་ནས་བཀས་བཅད་དགོས་པ་ག་རེ་ཡིན་ནམ། ཕྱིའི་རིག་གནས་ཀྱིས་ཤུགས་རྐྱེན་ཐེབས་ནས་དེ་འདྲ་བྱུང་བ་རེད་དམ། ཡང་ན་བོད་པ་རང་གིས་རང་བཟོ་བྱས་བཞག་པ་ཞིག་རེད། །
གོང་གི་རྩོམ་ཡིག་དེར། ༼ཚད་ལྡན་གྱི་ཡིག་ཆ་ལྟར་་་་བཀས་བཅད་དང་བོད་རྒྱལ་སྲོང་བཙན་སྔོན་དུ་བོད་ཡིག་མེད་པས་བཀས་བཅད་ཅེས་པའི་ཐ་སྙད་མེད་ཅིང་སྲོང་བཙན་གྱི་དུས་བོད་ཡིག་གསར་བཏོད་བྱས་པ་ན་བཀས་བཅད་བྱེད་དགོས་པའི་རྒྱུ་རྐྱེན་འདི་དག་ལ་ཐུག་སྟེ།༽
ཚད་ལྡན་གྱི་ཡིག་ཆ་ལྟར་ཟེར་ནས་གསུངས་སྟངས་ལ་བལྟས་ན། ཡང་དེའི་ཤུགས་ལ་ཚད་མི་ལྡན་པའི་ཡིག་ཆ་ཞིག་ཀྱང་ཡོད་པའི་བཟོ་འདྲ་བསྟན་འདུག་པས་དེ་འདྲའི་ཡིག་ཆ་དེ་ངོས་འཛིན་གང་ལ་གནང་རྒྱུ་ཡིན་ནམ་ལགས། སྤྱིར་སྟངས་ཚད་ལྡན་དང་མི་ལྡན་གྱིས་ཐག་གཅོད་ཡིན་མདོག་ཁ་པོ་དེ་སུས་བྱས་པ་རེད་དམ། །
་་་་་་་་་་་་་ དང་པོ་སྐད་ཡིག་བཀོལ་སླ་རུ་གཏོང་དགོས། ་་་་་་་་་་་་་་་་་་་
དེང་སང་སྔར་ལྟར་བཀའ་གཏོང་མཁན་གྱི་བཙན་པོ་མེད་པས། བཀས་བཅད་ཇི་ལྟར་བྱེད་ཐུབ་བམ། ཕ་མས་རང་གི་བུ་ཕྲུག་ལའང་བཀའ་གཏོང་ས་མེད་པའི་དུས་རེད། བོད་ཀྱི་སྐད་དང་རིག་གཞུང་མ་བཅོས་མ་བསླད་པ་དེ་ཚོ་ལུང་ཁུག་དང་གྲོང་གསེབ་ལ་གནས་ཡོད་པས་དེ་ཚོ་མེད་པར་བཟོ་དགོས་ཟེར་ན། བསྟན་པ་བཤིག་པ་ལ་སྟ་རེ་མི་དགོས་ཟེར་བ་ལྟར། དེ་ནི་བསྟན་བཤིག་ངོ་མ་རེད། ད་ལྟ་ཡོད་བཞིན་པ་དེ་ཚོ་མ་ཉམས་རྒྱུན་འཛིན་བྱེད་ཐུབ་མ་དེ་ལས་ལྷག་ཅིག་མེད།