བྲེལ་འཚབ་དང་འཇིགས་སྐྲག་ཆེ་བའི་ཞོགས་པ་དེར།
མི་ཚེ་གང་བོར་བརྗེད་ཐབས་བྲལ་བའི་ཞོགས་པ་དེར།
རྩ་བས་བླ་མས་གནང་བའི་ཆོས་གོས་སེར་པོ་དེ།
བཀྲ་ཤིས་ལྷུན་པོའི་འདབས་ཀྱི་ཤིང་སྡོང་ཞིག་གི་ཡལ་གའི་སྟེང་དུ་འཕངས་པ་ཡིན།
ཕྱི་མིག་ཅིག་ལྟ་དུས།
ཆོས་གོས་སེར་པོ་དེ་བསིལ་རླུང་གི་ཁྲོད་དུ་ཧ་ཅང་ལྷིང་འཇགས་སུ་གནས་འདུག
ཆོས་གོས་སེར་པོ་དེ་དར་ལྕོག་སྣ་ཚོགས་ཀྱི་དཀྱིལ་དུ་ཕངས་སེམས་ཅི་ཡང་མེད་པར་གནས་འདུག
ཆོས་གོས་སེར་པོ་དེ་ཉི་འོད་སེར་པོ་ཞིག་གི་ཀློང་དུ་ཞེན་ཆགས་ཅི་ཡང་མེད་པར་སེར་ལམ་མེར་གནས་འདུག
ཆོས་གོས་སེར་པོ་དེ་དང་ཁ་བྲལ་བའི་སྐད་ཅིག་མ་དེར།
ངའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་ཡོད་ཚད་བྱེའུ་ཁྱུ་སྡོང་མགོ་ནས་དཀྲོགས་པ་འདྲ་ཞིག་བྱུང་སོང་།
ཆོས་གོས་སེར་པོ་དེ་དང་རིང་དུ་གྱེས་པའི་ལོ་ཟླ་དེ་ཚོའི་ནང་དུ།
ངའི་རྒྱུད་ཀྱི་དམ་བཅའ་ཆེ་ཆུང་ཐམས་ཅད་སྤྲིན་པ་ནམ་མཁར་དེངས་པ་ཇི་བཞིན་ཞིག་བྱུང་སོང་།
སྤྱིར་ན་རབ་བྱུང་བ་ཞིག་ལ་ཆོས་གོས་དང་ཕྲེང་བ་དགོས་ན་ཡང་།
ས་མཐར་འཁྱམས་པའི་ལྡོམ་པོ་ཞིག་གི་ལས་དབང་ལ་བསམས་ནས།
ངས་ཆོས་གོས་སེར་པོ་དེ་བཀྲ་ཤིས་ལྷུན་པོ་ནས་བསྐྱུར་པ་ཡིན།
བཀྲ་ཤིས་ལྷུན་པོ་ནི་ངའི་བླ་མའི་གདན་ས་ཡིན།
བཀྲ་ཤིས་ལྷུན་པོར་བསླེབས་དུས།
ངའི་བླ་མའི་སྐུ་གདུང་གསེར་གྱིས་བཏུམས་འདུག
བཀྲ་ཤིས་ལྷུན་པོར་གྱེས་དུས།
ངའི་ཆོས་གོས་རྒྱབ་ཏུ་ལུས་སོང་།
རྟགས་རྟེན་འབྲེལ་འདི་དག་གིས།
ང་རང་རབ་བྱུང་བ་ཞིག་ནས་སྔགས་འཆང་བ་ཞིག་ཏུ་གྱུར་ཅིང་།
ཆོས་ལུགས་པ་ཞིག་ནས་སྙན་ངག་པ་ཞིག་ཏུ་གྱུར་སོང་།
དེ་རིང་ཞོགས་པར།
ངས་སྐྱབས་འགྲོའི་ཚབ་ཏུ་སྙན་ངག་ཅིག་བྲིས་པ་ཡིན།
དེ་རིང་ཞོགས་པར།
ངས་ཆོས་གོས་ཀྱི་ཚབ་ཏུ་དོར་མ་ཞིག་གྱོན་པ་ཡིན།
ཡིན་ན་ཡང་།
བཀྲ་ཤིས་ལྷུན་པོའི་འདབས་སུ་ལུས་པའི་ཆོས་གོས་དེ་བསམས་ནས།
ངས་དོར་མ་དམར་སྐྱ་ཞིག་གྱོན་པ་ཡིན།
ངས་སྙན་ངག་ལ་དོར་མ་བསྐོན་མི་འདོད་ན་ཡང་།
ངས་རང་ལུས་ལ་དོར་མ་ཞིག་མི་བསྐོན་ཐབས་མེད་ཆགས་སོང་།
ཞོགས་པ་རེ་རེ་བཞིན་མེ་ལྕེ་འབར་འདྲའི་མཚམས་སྤྲིན་གྱིས་མཁའ་མཐའ་གཡོགས་དུས།
ངས་རང་དབང་མེད་པར་བཀྲ་ཤིས་ལྷུན་པོའི་དགོན་འདབས་ནས་བསྐྱུར་པའི་ཆོས་གོས་སེར་པོ་དེ་དྲན་ཡོང་ཞིང་།
གསེར་གྱི་ཡོལ་བ་ལྟ་བུའི་དགོང་ཁའི་ཉི་འོད་འོག་གི་རྒྱ་མཚོ་མཐོང་ཐེངས་རེར།
ངས་བླ་མས་རང་ལ་གནང་བའི་ཆོས་གོས་སེར་པོ་དེ་དང་དེའི་དྲི་ངད་ཞིམ་པོ་དེ་ཡང་ཐོལ་གྱིས་དྲན་གི
ཀླུ་སྨྱོན་ལགས།
ད་ནང་ངས་བཀྲ་ཤིས་ལྷུན་པོའི་དགོན་པར་མཆོད་སྐོར་ཞིག་ཕྱིན་ཀྱང་ཁྱེད་ཀྱི་གཡུགས་པའི་ཆོས་གོས་དེ་ཤིང་སྡོང་གི་རྩེ་ན་མཐོང་རྒྱུ་མི་འདུག ཕལ་ཆེར་ལོ་མང་ཕྱིན་པས་ཆར་རླུང་དང་ཉི་ཟེར་གྱི་ཁྲོད་ནས་རུལ་ཟིན་པ་འདྲ།
གྲྭ་པ་ཞིག་ཆོས་གོས་སེར་པོ་ཕྲག་ལ་གཟར། གདིང་བ་དམར་པོ་དེ་ལག་པར་བཀོན་དེ་བྲེལ་ཚུབ་ཀྱིས་མཆོད་རྟེན་རིན་པོ་ཆེའི་ཕྱོགས་སུ་བསྐྱོད། དེ་རིང་གསོ་སྦྱོང་ནི་མིན་ལ་བཀའ་ཆོས་རིགས་ཀྱང་མེད། དེ་བས་ཆོས་ཕྱོགས་ཀྱི་མཛད་སྒོ་རིགས་མེད། ནམ་རྒྱུན་ནས་འདི་པ་གསོ་སྦྱོང་དང་བཀའ་ཆོས་ལ་འགྲོ་སྐབས་ཆོས་གོས་མེད་པར་འགྲོ་རྒྱུར་གོམས་པས་དེ་རིང་རྒྱུ་མཚན་ཅིའི་ཕྱིར་ན་སྣང་ཚུལ་འདི་མཐོང་།
འཛིན་གྲྭ་བཅུ་པའི་ཡིག་རྒྱུགས་བཏང་ནས་ཕ་མའི་སར་མ་སོང་བར་རྡོར་གདན་དུ་ཕྱག་སྐོར་ལ་འགྲོ་གི་ཡིན་ཟེར་ཏེ་ཨུ་ཚུགས་ཀྱིས་ཕྱིན་པའི་བུ་མོ་ཆོས་སྒྲོན་དགེ་ལུགས་དགོན་པའི་ཁང་མིག་ ༢༢ ནང་གཟུགས་པོ་ཁྲུས་ཤིང་ངོ་ལ་འཛུམ་མདངས་དང་་ཚག་གེ་ཚིག་འདྲེས་མས་ཅི་ཞིག་ལ་སྒུག་ནས་སྣང་།
ནོར་མདུན་ལ་ཡོད་དུས་ལག་པས་ཕྱགས།
ཟས་ཁ་ནང་ཡོད་དུས་ལྕེ་ཡིས་ཕུལ།
ད་ཐམས་ཅད་ཚར་དུས་ཕྱི་དྲན་བྱེད།
ཕོ་མཐའ་མ་གཅིག་གིས་བྱེད་སྟངས་རེད།
སྙན་ངག་མཁན་མི་ཡི་མཐའ་མ་འདྲ།
ཀླུ་སྨྱོན་ལགས།
དེ་རིང་ཞོགས་པ་ངས་བཀྲ་ཤིས་ལྷུན་པོའི་དགོན་པར་ཕྱི་སྐོར་ཞིག་ཕྱིན་ནས་དགོན་པའི་རི་རྩེར་དར་ལྕོགས་གཅིག་བཙུགས་དེ་ནས་སྐོར་བ་འགྲོ་དུས་ལམ་འགྲམ་དུ་དར་སྣ་མང་པོ་གསེབ་ནས་ཆོས་གོས་གཅིག་གཡུགས་འདུག་ད་བྱས་དུས་ཀླུ་སྨྱོན་གྱིས་གཡུགས་པ་འདྲ། ཆོས་གོས་དེ་གཡུགས་ནས་ལོ་མང་ཕྱིན་པ་འདྲ། ངས་ལག་འཆང་དུས་མང་ཆེ་བ་རུལ་འདུག ཅུང་ཡག་པ་རྣམས་བཀྲ་ཤིས་ལྷུན་པོའི་མཆོད་རྟེན་ཆུང་ཆུང་ཞིག་འགྲམ་དུ་བཞག་ཡོད།
ཆོས་གོས་ཀྱི་ཚབ་ཏུ་དོར་མ་ཞིག་གྱོན།
སྐྱབས་འགྲོའི་ཚབ་ཏུ་སྙན་ངག་ཅིག་བྲིས།
༼རབ་བྱུང་བ་ཞིག་ནས་སྔགས་འཆང་བ་ཞིག་ཏུ་གྱུར་ཅིང་།
ཆོས་ལུགས་པ་ཞིག་ནས་སྙན་ངག་པ་ཞིག་ཏུ་གྱུར་སོང་།༽ བའི་དེ་རིང་ངས་ཁྱེད་ཀྱི་སེམས་འགྱུ་རྟོགས་ཀྱིན་པ་འདྲ། ཨ་ཁུ་ཀླུ་སྨྱོན་ལགས།
སྡོམ་པ་ཕུལ་བའི་གྲྭ་ལོག་རྣམས། །
སྔགས་འཆང་འོས་པ་ང་ཡི་ལུགས། །
སྡོམ་པ་ཕུལ་ནས་སྐྱ་ཕབ་ཚོ། །
སླར་ཡང་སྡོམ་འོས་འདུལ་བའི་ལུགས། །
ཡ་ཡ་ཀླུ་སྨྱོན་འདིས་ཡང་ཚངས་དབྱངས་རྒྱ་མཚོ་ལ་དྲན་གསོ་ཡིན་ན། ཚངས་དབྱངས་རྒྱ་མཚོ་ལ་འཚང་འདྲི་ཡིན་མི་ཤེས་མོད། གང་ལྟར་ཚངས་དབྱངས་རྒྱ་མཚོའི་རྐང་རྗེས་ཁ་བརྡའི་ནང་དུ་བཀོད་པ་འདྲ་འདུག
རྡ་སའི་གཙུག་ལག་ཁང་ཉེ་འགྲམ་དུའང། ཆོས་གོས་སེར་ཚུབ་ཚུབ་དེ་འདྲ་མང་པོ་མཐོང་རྒྱུ་འདུག ཕལ་ཆེར་ཀླུ་སྨྱོན་ལགས་ཀྱི་རྗེས་འབྲངས་བ་མང་བོ་ཡོད་ས་རེད།
དེ་མིན་དེང་སང་ངོ་མ་ལས་ཟོག་པོ་རྒྱུགས་ཆེ་བ་དང་།
གྲྭ་པ་ལས་གྲྭ་གཟུགས་རྒྱུགས་ཆེ་བ་སོགས་རྣམ་གྲངས་མང་པོ་ཡོད་པས།
ཁྱེད་ཀླུ་སྨྱོན་ཕྱི་གསལ་ནང་གསལ་དེ། དེ་འདྲའི་གཙང་མ་ཞིག་རེད་ཨང་།
གོས་ཐུང་གྱོན་པ་དེ་ཧ་ཅང་གི་ཡག་ཨ།
ཨ་རོགས་མེ་ཏོག་དཀར་བོ་ཡ།
ཁྱེད་ཀྱི་སྣང་ཚུལ་དེ་འདྲ་ཞིག་ང་ལའང་བྱུང་། མ་རེད་ང་ཚོ་ལའང་བྱུང་།
དགུན་རླུང་གྲང་མོས་རྡ་སའི་རི་གྲོང་ཀུན་གྲང་ཐིང་ངེར་ཡིན་དུས། མཐུན་རྐྱེན་འཛོམས་པའི་རྣམ་རྒྱལ་གྲྭ་ཚང་གི་གྲྭ་ཤག་ཁ་ཤས་ནང་དུའང་། གཡས་གཡོན་གྱི་ན་ཆུང་མ་ཁ་ཤས་ཉིན་ཤས་གོང་དུ་བཟོས་པའི་གཅེན་པོ་དང་མཉམ་དུ་གྲྭ་ཤག་གི་ཆུ་ཚ་པོའི་འཁྲུས་ཁང་ནང་དུ། གཙུག་ལག་ཁང་གི་ཞལ་འདོན་གྱི་དབྱངས་རྟ་དང་སྒྲོགས་ནས་ཕན་ཚུན་འཁྲུས་ཀྱི་རོལ་རྩེད་ལ་བཞུགས་ནས་དགའ་བའི་བཞད་སྒྲ་ལྷང་ལྷང་དུ་ཐོས་རྒྱུ་ཡོད་པ་ནི་ཉུང་ཉུང་ཞིག་རྩ་བ་ནས་མིན། ངོ་མ་ཀླུ་སྨྱོན་ཁོ་དྭངས་གཙང་ལྷད་མེད་ཞིག་གམ་ཡང་ན་ཕམ་ཁ་མྱོང་མཁན་ཞིག་རེད་ཨང་།
ཨ་ལགས་་ལགས།
བློ་མ་ཕམ།
ཆོས་གོས་སེར་པོ་དང་བླལ་ཡང་། རང་སེམས་དམར་པོ་ད་དུང་ཡོད་རེད།
ཆོས་པ་ངོ་མ་ཞིག་ཡིན་ན་་་་ཆོས་གོས་ངེས་པར་དུ་གོན་དགོས་ཡོད་མ་རེད།
སོང་ས་བསྡད་ས་ནས་སྙིང་རྗེ་རེ་ཡིད་ལ་སྐྱེས་ནས་བྱམས་བརྩེ་རེ་ལག་པས་སྐྱོང་ན་འགྲིག་ག
རང་སེམས་གསེར་ལྟར་སེར་མདོག་ལ། །
ལུས་ལ་ཆོས་གོས་མེད་ནའང་འགྲིག །
རང་སེམས་སེམས་ཀྱིས་བསྲུང་དགོས་ན། །
ཆོས་གོས་བསྐྱུར་བས་ཅི་གནོད་འགྱུར། །
ཁྱོད་ཚོའི་བསླབ་བྱ་དེ་ཚོར་ཉན་རྗེས་ངའི་ཡིད་ལ་ཡང་སྤྱོད་འཇུག་གི་སྡོམ་ཚིག་ཅིག་འཁོར་བྱུང་།
སེམས་བསྲུང་བརྟུལ་ཞུགས་མ་གཏོགས་པའི། །
བརྟུལ་ཞུགས་མང་པོས་ཅི་ཞིག་བྱ། །
སྐབས་རེར་ཆོས་གོས་འདྲ་མིན་གྱོན་པའི་སྔགས་རྒན་འདྲ། །
སྐབས་རེར་ཁ་བཙོག་བཤད་དུས་ར་བཟི་སྨྱོན་པ་འདྲ། །
སྐབས་རེར་སྙན་ངག་འབྲི་དུས་ཉམ་ཆུང་ཁུ་བྱུག་འདྲ། །
ཨ་ལགས་ཁོང་གི་མཛད་པ་བསམ་པའི་ཡུལ་ལས་འདས། །
༡ སྲོག་དང་བྲལ་ཞིང་ཤི་ཡང་བླ་ཡི། ཚུལ་ཁྲིམས་ཉམས་ཞིང་ཞིག་པས་ནི་དེ་ལྟར་མ་ཡིན་ནོ། །
༢ བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །
༣ ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །
ངུར་སྨྲིག་སྐེད་ལ་དཀྲིས་གྱུར་ནས། །
སྡིག་པའི་ཆོས་ཅན་མ་བསྡམས་པ། །
སྡིག་ཅན་དེ་དག་ཕལ་མོ་ཆེ། །
སྡིག་པའི་ལས་ཀྱིས་དམྱལ་བར་སྐྱེ། །
དགེ་ཆོས་ཀྱིས་བསྒྱུར་པའི་ཆོས་ཀྱི་ཚིགས་སུ་བཅད་པའི་ཚིག་བཅད་འགའ་བློ་ཐོག་ན་ཡོད་པ་ལས་དྲངས།
ཀླུ་སྨྱོན་ལགས་ང་བཀྲ་ཤིས་ལྷུན་པོ་ནས་ཉིན་ཤས་གོང་སླེབ་པ་ཡིན་ལ་ཁྱེད་ཀྱིས་བླ་མས་གནང་བའི་རྩ་ཆེའི་ཆོས་གོས་དེ་བྱམས་ཁང་གི་རྟེན་གཙོའི་གྲས་སུ་འདུག ། ཧ་ཧ།
གཟན་དེ་ད་དུང་གནས་དེར་ཡོད་དམ་ཅི།།
གཟན་དེ་ཆར་དང་ཁ་བས་བརླན་ནམ་ཀྱེ།།
གཟན་དེ་རླུང་དང་ཉི་མས་བཀྲུས་ཡོད་དམ།།
གཟན་དེ་གཙང་པོའི་གཞུང་ན་གཡོ་འམ་ཅི།།