༡ གླེང་བསླངས་པ།
ད་ལོ་སྟེ། ༢༠༡༡ གི་བཀའ་བློན་ཁྲི་པ་སུ་གདམ་རྒྱུ་ཡིན་མིན་ཏེ། འུ་ཅག་གིས་བློ་དྲང་བཞག་དང་སེམས་པ་གཙང་མའི་ངང་ནས་མ་ནོར་མ་འཆུག་པ་ཞིག་བྱ་རྒྱུ་དཔེ་མ་ཚད་པའི་གལ་ཆེན་པོོ་རེད། ང་རང་ཚོར་འགན་ཞིག་འཁྲི་ཡོད་པའི་ཆ་ནས་སེམས་ཁྲལ་བྱེད་ཀྱིན་ཡོད་ལ། བྱེད་རིན་ཡོད་པ་ཞིག་ཀྱང་རེད། དེས་ན། སེམས་ཁྲལ་གཅིག་པོ་བྱས་བསྡད་པ་ཙམ་གྱིས་མི་འགྲིག་པར། གོང་དུ་ཞུས་པ་བཞིན། སེམས་ཁྲལ་བྱ་ཡུལ་མི་དེ་ཁ་ཕྱོགས་དྲང་པོ་དང་བསམ་ཤེས་ཀྱིས་འཚོལ་ཞིབ་བྱ་དགོས། དེ་ནི་ལོ་ལྔ་རེའི་མཚམས་ཀྱི་མི་དམངས་ཀྱི་མང་གཙོའི་ལས་འགུལ་ཆེས་ཆེ་བ་དེ་རེད། དེ་འདྲའི་གལ་ཆེ་བའི་ལས་འགུལ་ལམ། འོས་བླུག་སྟངས་འདིའི་སྟེང་ན་བོད་ཀྱི་ད་ལྟའི་གནས་བབ་དང། མ་འོངས་པའི་ལམ་ཕྱོགས་དང་འབྲེལ་བ་ཏན་ཏན་ཡོད་པའི་དབང་ཚད་མཐོ་ཤོས་དེ་རང་ཅག་མི་མང་གི་ལག་པར་སླེབས་ཡོད་པ་རེད། དེར་བརྟེན། འོས་འཕེན་ཕྱོགས་ནོར་བའམ་གདམ་གསེས་བྱེད་སྟངས་མ་འགྲིག་ན་ཉེས་པ་མི་མང་གིས་བསགས་བཞག་པ་རེད་ལ། འུ་ཅག་མི་ཁྲི་ཕྲག་ཁ་ཤས་ཀྱིས་མི་རིགས་ཤིག་གི་བྱ་བ་ལམ་འགྲོ་ལ་ཆག་སྒོ་བསླངས་པ་རེད་ལབ་ནའང་ཆོག་པ་རེད། དེ་ལྟར་ན། འབྲེལ་ལམ་དང་དུངས་ཞེན་གྱི་དབང་དུ་མི་ཤོར་ཞིང། ཁྱབ་བསྒྲགས་དང་ཧོལ་རྒྱུག་གི་རྗེས་སུ་མི་འབྲངས་ཏེ། ཨ་གསར་དང་ངོ་དགའ་ཡི་རྩེད་འགྲན་མི་བྱེད་ལ། ས་གནས་དང་ཆོས་ལུགས་ཀྱི་ཆགས་སྡང་ཡང་མི་བྱེད་པར། སྐབས་སུ་བབས་ཤིང་། གལ་ཆེ་བའི་བྱ་བཞག་འདི་ཡག་པོ་ཞིག་བསྒྲུབ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་ཆེན་རེད། ད་ལོར། མི་རེ་ཟུང་གིས་རང་ཉིད་ཀྱིས་གདམ་གསེས་བྱས་པའི་འོས་མི་དེ་ལས། གཞན་དག་ལ་ནག་ཉེས་འགེལ་ཅི་ཐུབ་དང། འབུར་འཇོམས་གཏོང་རྐྱང་བྱས་ནས་མི་དེ་དག་གི་པར་ངོས་ལ་རྒྱ་ཁྲམ་བྲིས་ཤིང་། ཁ་མིག་བྲུས་ཏེ། ཐ་ན་རྩིག་ངོས་ཀྱི་སྦྱར་ཡིག་ཚུན་ཆད་ཀྱང་བཀོག་འགྲོ། ད་དུང་། མིང་རྫུན་མ་བརྒྱབ་སྟེ་རྩིག་ངོས་དང་དྲ་ནང་སོགས་སུ་སྡིགས་དམོད་དང་དམའ་འབེབ་བྱེད་རྒྱུ་ལས། ལེགས་ཉེས་སམ་བཟང་ངན་གྱི་རྣམ་དབྱེ་དགར་མི་འདོད་པའམ་མི་ནུས་པ་ནི་མི་ཞིག་ལ་མཚོན་ན་ཆེས་སྐྱུག་བྲོ་བའི་བསམ་བློ་ཀྱག་ཀྱོག་གམ། རྒྱུ་འབྲས་མེད་པའི་བྱ་བ་ཞིག་རེད། བསམ་ཤེས་ཏོག་ཙམ་ཡང་མི་བྱེད་པར་ལྐོག་ལྐོག་སུལ་སུལ་གྱིས་བསྒྲུབས་པའི་ལས་ཀ་ཐབས་རྡུགས་འདི་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་སྟངས་ཤིག་ལ་ནམ་ཡང་རྩི་ཐུབ་ཀྱི་མ་རེད། དེ་འདྲ་མིན་པར། ཞེན་ཁོག་དང་དགག་པ་རྒྱག་འདོད་ཡོད་ཕྱིན། གཟབ་ནན་གྱིས་རིགས་པ་བཀོལ་ཏེ་ཕ་རོལ་བོའི་སྐྱོན་ཐེར་འཏོན་བྱས་ན། སུ་ལ་ཕོག་ཀྱང་འགྱོད་མི་དགོས་པ་རེད།
༢ རྩ་དོན་ངོས་བཟུང་པ།
གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན།། གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད།། ཅེས་པའི་རྩ་དོན་ལ་ངོས་ཟིན་ཐོབ་ཅིང་ལག་ལེན་འགེལ་པའི་མི་ཞིག་ཡོད་ན། དེ་ནི། བློ་སྤོབས་དང་ལྡན་པ། གནས་ལུགས་ལ་བརྩི་བ། སྤྱི་སེམས་ཆེ་བ། འགྲོ་སྟངས་ཆགས་པ། འགན་ཁུར་མཁན་གྱི་བྱ་སྤྱོད་ཅན་ཞིག་ཡིན་རྒྱུ་རེད། འུ་ཅག་གིས་ཀྱང་བཀའ་བློན་ཁྲི་པ་འཚོལ་གྱི་ཡོད་ཕྱིར། རྒན་པ་དང་གཞོན་པའི་འཐབ་རྩོད་བྱ་ཡུལ་མིན་ཞིང་། ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་རྩོད་ས་མིན་ལ། སྐུ་དྲག་གི་ཁྱིམ་རྒྱུད་ཡིན་མིན་དང་། ཁྲིམས་ལུགས་སློབ་ཐོན་གྱི་ལག་འཁྱེར་ཡོད་མེད་སོགས་འབྲེལ་བ་གཙོ་བོ་མིན་པར། སྤྱི་ཚོགས་དེའི་གནས་སྟངས་ལ་དཔོག་པའི་བཀའ་བློན་དུ་སྡོད་ཆོག་པའི་ཆ་རྐྱེན་ཚང་མིན་ལ་ལྟ་དགོས་པས། བཀའ་ཁྲིར་བཞེངས་མཁན་དེའི་མི་ཚེའི་བརྒྱུད་རིམ་ཧྲིལ་པོའི་ཕྱག་ལས་ཀྱི་ཉམས་མྱོང་ཁྲོད་ནས། སྤྱི་ཚོགས་སུ་བཞག་པའི་བྱས་རྗེས། ལག་བླངས་ཀྱི་འཇོན་ཐང་། སློབ་སྦྱོང་གི་བརྒྱུད་རིམ། མི་གཞིའི་རིན་ཐང་སོགས་ལ་ལྟ་རྒྱུ་ཡོད་པ་རེད། དེ་འདྲ་ཡིན་པར་སོང། བཀུར་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་བཀའ་བློན་ཁྲི་པར་སླེབས་རྒྱུར་ཆེས་གལ་ཆེ་ཞིང་འོས་ཤིང་འཚམ་པ་རེད། ག་དུས་ཡིན་ཡང་། ང་རང་ཚོའི་ཁ་ནས་ཤེས་ཡོན་ཡོད་པ་དང། ལྷག་བསམ་ཡོད་པ། ཉམས་མྱོང་ཡོད་པ། འཇོན་ཐང་ཡོད་པ་དགོས་རེད་ཟེར་བ་དེའི་སྟེང་ལ་བབ་ལྷིང་བརྟན་གསུམ་གྱི་ཁྱད་ཆོས་ལྡན་པའི་བཀྲས་མཐོང་པ་རང་རེའི་བཀའ་ཁྲིའི་འོས་མིའི་རྩེ་གྲ་ཡིན་པ་གཏན་ཁེལ་རེད། ལྟོས་དང། མང་གཙོ་ཡིན་མིན་ལ་མ་ལྟོས་པར། འཛམ་གླིང་རྒྱལ་ཁབ་མང་ཆེ་བའི་སྲིད་འཛིན་རྣམ་པ་ཚོ་དགུང་ལོ་ལྔ་བཅུ་དྲུག་ཅུ་ཡས་མས་ཡིན་པ་རེད། དེའི་ཅི་ཞིག་མཚོན་གྱི་ཡོད་དམ་ཞེ་ན། མི་ཞིག་གི་དཔོན་པོ་བྱ་དགོས་ན། སྤྱི་ཚོགས་དེའི་ཆབ་སྲིད་ཀྱི་རྐུབ་སྟེགས་འདྲ་མིན་གྱི་ཉམས་མྱོང་རིམ་བསགས་ཀྱིས་གོ་གནས་འཕར་ཏེ་བྱས་རྗེས་དང་འཇོན་ཐང་ཡོད་ན་གཞི་ནས་དཔོན་པོ་བྱེད་ཀྱི་ཡོད་པ་ལས། ལས་སླ་པོ་དང་འུར་འུར་ཟང་ཟིང་གིས་དཔོན་སར་བསྡད་ཆོག་ཆོག་མིན་པའི་གསལ་བཤད་བྱེད་ཀྱིན་ཡོད། དྲན་དབང་གོང་མ་ཚོས་ལེགས་བཤད་འདི་ལྟར་གནང་ཡོད་དེ། ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ། ཞེས་གསུངས་པ་བཞིན། ང་རང་ཚོ་ཚང་མའི་ཧ་གོ་དགོས་པ་ཞིག་ལ། ཁ་བཤད་དང་ལག་ལེན་གཉིས་ཀྱི་བར་ན་ཧ་ཅང་གི་ས་སྟོང་ཆེན་པོ་ཞིག་ཡོད་པས། དངོས་སུ་སྤྱི་ཚོགས་སུ་ལས་ཀ་བྱས་ཏེ་ཉམས་མྱོང་དང་འཇོན་ཐང་ཅི་ཡང་སྟོན་རྒྱུ་མེད་ན། ཡིན་གཅིག་མིན་གཉིས་སུ་བཀའ་ཁྲིའི་རྐུབ་སྟེགས་སྟེང་ནས་ཚོད་ལྟ་བྱ་བའི་གོ་སྐབས་སྤྲད་དགོས་དོན་དང་ཡིད་ཆེས་བྱེད་རིན་མེད་པ་རེད། བཀྲས་མཐོང་ལགས་དགུང་ལོ་ ༡༩ སྟེང་ནས་བཟུང་གཞུང་ཞབས་ཀྱི་ལས་གནས་སུ་ཞུགས་ཤིང། དུས་ད་ལྟའི་བར་ཏེ། ཏཱ་ལའི་བླ་མའི་ཐེབས་རྩ་ཚོགས་པའི་འགན་འཛིན་མཛད་བཞིན་པའི་རིང་གི་ཕྱག་ལས་ཀྱི་བརྒྱུད་རིམ་རིང་མོའི་ནང་། སྤྱི་ཚོགས་སུ་མིག་མཐོང་ལག་ཟིན་གྱིས་ཕན་ཐོགས་པའི་གནས་སྟངས་ལ་གཞིགས་ན། ཁོང་ནི་འུ་ཅག་ཚོའི་ནང་གི་མིག་དཔེ་ལྟ་སའི་མི་ཞིག་རེད་འདུག དངོས་གནས་ལྟ་ཤེས་མཁན་ཞིག་ཡིན་ན། བཀའ་ཁྲིའི་འོས་ཤོག་རེག་པའི་ཆེད་དུ་སྤྱི་ཆོགས་སུ་འུར་བསླངས་པ་དང། གདོང་མཆོང་བྱེད་པ། མགོ་སྐོར་གཏོང་པའི་གཤིས་ཀ་རྒྱང་དུ་དོར་ཚར་ཞིང་། བབ་ཆགས་ཤིང་ཀུན་སྤྱོད་ཀྱི་རིན་ཐང་ལེགས་པའི་མི་ཆེན་ཞིག་གི་ཁྱད་ཆོས་བླ་ན་འཕགས་པས། འདིའི་སྟེང་ན། འུ་ཚོར་ལྷོད་ཡངས་དང་མི་གཞི་རང་ལུགས་ཀྱི་གལ་ཆེའི་ལེགས་ཆ་མང་པོ་ལེན་རྒྱུ་ཡོད་ངེས་ཅན་རེད། གང་ལྟར་ཡང་། རང་རེ་བཙན་བྱོལ་བའི་གཞུང་ཞིག་དང་སྤྱི་ཚོགས་ཤིག་ཡིན་པའི་ཆ་ནས། དེ་དང་དེར་འཚམ་པའི་ལག་ལེན་དང་གནས་བབ་ལ་བལྟ་ཤེས་པ་དང། རྒྱལ་བ་རིན་པོ་ཆེ་དང་མི་མང་བར་གྱི་དམ་ཚིག་ལ་བལྟ་ཤེས་པ། ཕྱི་གླིང་བོད་དོན་རྒྱབ་སྐྱོར་བའི་འབྲེལ་ལམ་ལ་བལྟ་ཤེས་པ། རྒྱ་ནག་གི་ཆབ་སྲིད་ཀྱི་གཡོ་འཁྲབ་ལ་བལྟ་ཤེས་པའི་འགན་ཁུར་མང་པོ་ཞིག་ཚང་དགོས་པའི་ཕྱིར་ན། ལག་པ་བརྐྱང་སྟེ་བསྒྲུབ་ཆོག་ཆོག་དང་མཆོང་ཆོག་ཆོག་ཅིག་རེད་འདོད་རྒྱུ་ག་ལ་ཡོད། འོ་ན། འུ་ཅག་གི་སྤྱི་ཚོགས་ཀྱི་ཕྱོགས་མང་པོར་ཕྱག་ལས་དང་ཉམས་མྱོང་བསགས་བཞག་ཡོད་པའི་བཀྲས་མཐོང་ལགས་ཀྱི་དྲག་ཅིག་མེད་པ་རེད།
༣ བྱས་རྗེས་བསྟན་པ།
གོང་ས་ལྔ་པའི་སྐབས་ནས་བཟུང་བཀྲས་མཐོང་ཚང་ཁྱིམ་གཞིས་སྐད་གྲགས་ཅན་ཞིག་ཡིན་པ་རེད། རྒྱལ་བ་སྐལ་བཟང་རྒྱ་མཚོའི་རྣམ་ཐར་དུ། བཀའ་བློན་ཐུན་མོང་གི་དྲུང་ཡིག་ཏུ་གཞིས་རྩེ་བཀྲས་མཐོང་བ། ལྷ་ས་ཚ་ཚུལ་བ། མལ་དྲོ་ཁྲོན་པ་རྒྱབ་པ། མགྲོན་གཉེར་དུ་སྙེ་ཐང་བདེ་སྐྱིད་གླིང་པ་བཅས་བསྐོ་བཞག་གནང། ཞེས་གསུངས་པ་ལྟར། སྤྱི་ཚོགས་གསར་རྙིང་གང་དུའང་བཀྲས་མཐོང་ཚང་ལབ་དུས་ཙ་ན། ཁྱིམ་རྒྱུད་གྲགས་ཅན་ཏེ་མཁས་པ་དང་སྐྱེ་ཐང་ཅན་གྱི་མི་སྣ་འཛོམས་ས་ཞིག་རེད་མ་གཏོགས། ལྐོག་ཟ་རུལ་སུངས་དང་མི་དམངས་ལ་ཁྲག་གཏར་རྒྱུ་ལས་ཅི་ཡང་མི་ཤེས་པའི་ཁྱིམ་ཚང་ཁུངས་བཙོག་ཅིག་རེད་མི་འདུག ད་ལྟའི་ཆར་ཡང། རཀ་ར་བཀྲས་མཐོང་རིན་པོ་ཆེ་དང་། བཀྲས་མཐོང་བསྟན་འཛིན་དགེ་བྱེད། བཀྲས་མཐོང་ཚེ་དབང་ཆོས་རྒྱལ། འཇམ་དབྱངས་ནོར་བུ། བཀྲས་མཐོང་ལྷ་སྒྲོན་སོགས་སྤྱི་ཚོགས་སུ་ཕྱག་ལས་གནང་དང་གནང་བཞིན་པའི་མི་སྣ་གྲགས་ཅན་དག་ཡོད་པ་རེད།
བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དམིགས་བསལ་གྱིས་ཆེ་བསྟོད་གནང་སའི་མི་ཞིག་ཡིན་པ་རེད། ཁོང་གིས་དང་པོར་རྡོར་གླིང་དང་མ་སུ་རིར་སློབ་སྦྱོང་རིམ་པར་གནང་པ་དང་། སྐུ་ན་གཞོན་དུས་ནས་གཞུང་ཞབས་པའི་ཁོངས་སུ་འཛུལ་ཞིང་། བདེ་སྲུང་དང་། ནང་སྲིད། དཔལ་འབྱོར། ཕྱི་དྲིལ་བཀའ་བློན་སོགས་ཀྱི་ཐུགས་འགན་ལེགས་པར་བཞེས་ཏེ་བཙན་བྱོལ་བོད་གཞུང་གི་ལས་བྱེད་པའི་མཉམ་མྱོང་རིམ་པས་བསགས་པ་དང་། དེ་རྗེས་བཀའ་ཤག་སྐབས་བཅུ་པའི་བཀའ་བློན་ཁྲི་པའི་ཕྱག་ལས་བསྐྱོན་པ་རེད། པོ་ཏཱ་ལ་དཔར་སྐྲུན་ཁང་དང་། ནེའུ་ཡོག་བོད་ཁང་། ཨ་མེ་རི་ཀ་དང་ཁ་ན་ཏ་མངའ་ཁུལ་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་མཐུན་ཚོགས་ཁག་གསར་འཛུགས་མཛད། ཨ་རིའི་གཞུང་དང་འབྲེལ་མོལ་གྱིས་༧སྐྱབས་མགོན་རིན་པོ་ཆེ་ཐེངས་པོར་ཨ་རིར་ཆིབས་སྒྱུར་གྱི་ཞུ་སྒོ་ལེགས་པར་བསྒྲུབས། གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་མཛད་འགན་བཞེས་སྐབས་རྒྱལ་ས་ལྦ་ཞིན་ཊོན་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་international campaign for Tibetགསར་འཛུགས་གནང་པ་དང་། གཞན་ཡང་། voaཨ་རིའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གཉིས་གསར་འཛུགས་མཛད། སྐབས་གཉིས་པའི་སྐུ་ཚབ་ཚོགས་གཙོའི་ལས་འགན་བཞེས་ཏེ་ཀུན་གཟིགས་པཎ་ཆེན་རིན་པོ་མཆོག་དང་མཇལ་འཕྲད་མཛད་ཅིང་། བོད་ནང་གཟིགས་སྐོར་གྱི་ལས་བྱ་ལེགས་པར་བསྐྱངས། ༡༩༩༥.༤.༡༥ དམངས་གཙོ་ཚགས་པར་དུ། ཕྱོགས་གཞན་ཞིག་ནས་བལྟས་ན་གཞོན་སྐྱེས་དེང་རབས་ཤེས་ཡོན་ཅན་ཞིག་ཡིན་པའི་ཁར་རང་ལོ་ ༢༦ སྟེང་དམིགས་བསལ་ཐུགས་རེས་ཨ་རིར་སྐུ་ཚབ་དོན་གཅོད་དུ་བསྐོ་བཞག་གིས་ལོ་ ༡༧ རིང་ཕྱི་འབྲེལ་གྱི་ཉམས་མྱོང་བསགས་རྒྱུའི་གོ་སྐབས་བྱུང་བའི་ཆ་ནས་བལྟས་ནའང་། ཨ་རིར་བོད་མི་༡༠༠༠ གཏོང་རྒྱུའི་ཐད་དམིགས་བསལ་ཤུགས་སྣོན་བསྐྱོན་ཡོད་པ་དང་། ཞེས་སྐྱོན་འཛུགས་ཞོར་དུ་རང་བཞིན་གྱིས་བསྟོད་བསྔགས་ཤིག་ཤོར་འདུག ཚིག་འདིས་སྐབས་དེར་བཀྲས་མཐོང་ལགས་སྤྱི་ཚོགས་སུ་གདེང་འཇོག་ཆེན་པོ་ཡོད་པ་དང་། ཤེས་ཡོན་ཅན་ཡིན་པ། འཇོན་ཐང་ལྡན་པ། ལོ་ ༡༧ ལ་ཕྱི་འབྲེལ་གྱི་ཉམས་མྱོང་ཡོད་པ་བསྟན་གྱི་ཡོད་རེད། དེས་ན། ད་ལྟ་ཕྱི་འབྲེལ་སོགས་ཀྱི་མཉམ་མྱོང་དང་གོ་རྟོགས་སྔར་ལས་ཀྱང་ཇེ་ཆེར་སོང་ཡོད་པ་བཤད་ཅི་ལ་དགོས། ཡང་ཚགས་པར་དེར། ཡོངས་གྲགས་བཞིན་ཐུགས་བསམ་བཞེས་ཕྱོགས་གུ་ཡངས་ཅན། བཀའ་བློན་མཛད་འགན་ལོ་ལྔའི་རིང་དཔོན་ཉམས་ཆེ་སྒྲོབ་ཆུང་ལ་ཡིག་ཚང་དང་གཟིམས་ཤག་གང་དུའང་མཇལ་བཅར་དང་བདེ་སྡུག་ཞུ་བདེ་བ་ཡིན་པའི་ཐོག ཐག་གཅོད་ཀྱང་གང་མགྱོགས་གནང་ཐབས་གནང་ཡོད། ལྷག་པར་དུ་འདས་པའི་གནས་ཚུལ་ལ་བལྟས་ནའང་ཤེས་བྱ་ཚགས་དེབ་གསར་གཏོད། བོད་གནས་སྐྱར་ཞིབ་གསར་དེབ་ཀྱི་རྩོམ་སྒྲིག་པ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་འཛུགས་གནང་མཁན་གྲས་བཅས་བྱས་རྗེས་ཡོད་མཁན་ཞིག་ཀྱང་ཡིན། དེས་ན་ད་ལྟའང་དགུང་ལོ་དར་མ་ཡིན་སྟབས་རང་བཞིན་གྱི་ཤེས་འབྱོན་གཉིས་ལྡན་ཡིན་པའི་ཐོག་འདས་པའི་ལོ་ལྔའི་ཉམས་མྱོང་དེ་ལེགས་ཆ་ཞིག་ཏུ་བསྒྱུར་ནས་སླར་ཡང་གཞུང་དམངས་ཞབས་འདེགས་ཞུ་བར་ཕེབས་རེ་ཡོད་ལགས། ཞེས་སོགས་བྱས་རྗེས་ཅན་གྱི་མི་རླབས་ཆེན་ཞིག་ཡིན་པར་མ་ཟད། དཔོན་ཚུགས་ཀྱི་འགྱིང་ཉམས་སུ་ཐུགས་མི་དགྱེས་ཤིང་། མི་དམངས་ཀྱི་བདེ་སྡུག་ལ་གདོང་ལེན་བྱས་ཏེ་ལམ་སང་དཀའ་ངལ་སེལ་ཐབས་མཛད་མཁན་གྱི་ལག་ལེན་རང་ལུགས་པ་ཞིག་ཡིན་པར་བཤད་དེ། བསྐྱར་དུ་གཞུང་ཞབས་ཀྱི་ཕྱག་ལས་གནང་རྒྱུར་རེ་བ་ཞུས་འདུག ད་དུང་། བོད་གཞུང་ཟློས་གར་ཚོགས་པ་ཐེངས་དང་པོར་ཕྱི་གླིང་ལ་འཁྲབ་སྟོན་དུ་ཕེབས་པའི་ཐབས་ཤེས་གནང་པ་དང། ཏཱ་ལའི་བླ་མའི་སློབ་ཆེན་འཛུགས་རྒྱུའི་སྐོར་ཀྱང་སྔོན་མ་ནས་ཐུགས་ཁུར་ཆེ་བཞེས་གནང་ཡོད་པ་རེད། མདོར་ན། བོད་མི་རིགས་ཀྱི་ཆེད་དུ་ཤ་ཐང་རུས་ཐང་གིས་འབད་བརྩོན་ལྷོད་མེད་གནང་མཁན་ཞིག་རེད་ལ། གྲུབ་འབྲས་ཀྱང་ལེགས་པོ་སྟོན་རྒྱུ་ཡོད་པའི་མི་རྩ་ཆེན་ཞིག་ཡིན་པ་རེད།
༤ དོགས་པ་བསལ་བ།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གསུང་བཤད་གནང་དོན། ངའི་གོ་ཐོས་ལ་ནག་ཆུའི་འབྲོག་པའི་ཁྱིམ་དུད་གཅིག་གི་བུ་མོ་གཅིག་རྒྱ་ནག་སློབ་གྲྭར་བཏང་སྟེ། ལོ་ཁ་ཤས་སོང་རྗེས་བུ་མོ་དེ་ཡར་ཡོང་ནས་པག་ཟ་ཡི་མེད་པ་དང། ཇ་འཐུང་གི་མེད་པས་ཨ་མ་དེ་འུ་ཐུག་ནས་ད་གུང་ཁྲན་ཏང་གིས་ངའི་བུ་མོ་དེ་སྐུ་དྲག་གི་བུ་མོ་ཞིག་གསོ་སྐྱོང་བྱས་འདུག་ཅེས་བརྗོད། སྐུ་དྲག་གིས་པག་ཟ་ཡི་རེད། དཔེར་ན། ང་ནི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་སྐབས་བོད་ཀྱི་གཙོ་བོ་ཨང་གཉིས་པ་དེ་ཡིན་ཡང་པག་ཟ་ཡི་ཡོད། ཇ་ཐུང་གི་ཡོད། ཅེས་བཀའ་སྩལ་བ་ཇི་བཞིན། སྒེར་གྱི་ན་ཚ་འདྲ་པོ་ཞིག་ཁུར་ཏེ་སྐྱོན་བརྗོད་བྱེད་སྟངས་མ་ཤེས་ན་ཆོ་མི་འདུག བཀྲས་མཐོང་ལགས་བཀའ་ཁྲིའི་འོས་མིར་བཞེངས་པ་དེ། སྐུ་དྲག་པའི་དབང་དང་སྟོབས་ཤུགས་སུ་འབྲེལ་པ་ཅི་ཡང་མེད་པས་སྐྱོན་འཛུགས་ས་ཞིག་ལྷགས་མེད། མང་གཙོ་ལབ་དུས་ཙ་ན། སྐུ་དྲག་གི་ཁྱིམ་རྒྱུད་ཀྱི་ལམ་ཁ་འགག་སོང་པ་གང་ཡང་མ་རེད། མི་ལ་སྐྱེ་ཐང་ཡོད་ན། སྐུ་དྲག་གི་ཁྱིམ་རྒྱུད་དང་དམངས་དཀྱུས་མ། ཕོ་དང་མོ་ལ་ཁྱད་མེད་ཀྱིས་ཡོང་དགོས་པ་རེད། ལོ་༦། གྲངས་༧། ༡༩༩༥.༤.༡༥ དམངས་གཙོ་ཚགས་པར་ཐོག བློ་ཕམ་གྱི་རང་བཞིན་དང། འབུམ་དགུ་བ་བཞུགས་སོ། ཞེས་པའི་སྐྱོན་བརྗོད་དང་ཟུར་ཟའི་རྩོམ་ཡིག་རེ་འགའ་ཡི་ནང་། ཐོག་མར་བཙན་བྱོལ་གཞུང་ལ་དེ་སྔ་ཐོས་མ་མྱོང་བའི་ཧིན་སྒོར་འབུམ་ ༧༠༠ སྐོར་གྱི་དངུལ་ཆད་ཐོན་སྐབས་དཔལ་འབྱོར་གྱི་བཀའ་བློན་ཡིན་པ་དང….. ཉི་ཧོང་དོན་ཟུར་པད་མ་རྒྱལ་པོ་ནས་ཅེཀ་འཛིན་ལྔའི་དངུལ་འབབ་ཧིན་སྒོར་འབུམ་ ༥༤ ཙམ་བཀའ་ཤག་ལ་ཕྱག་འབྱོར་བྱུང་མིན་ཚོར་སྣང་མེད་པ་ལྟ་བུས….. རྒྱ་གར་སྒེར་པ་ཞིག་ལ་ཧིན་སྒོར་འབུམ་ ༤༨ ཙམ་གྱི་མ་གནས་ཀྱི་ལེ་ན་(ཁུ་ལུ)ཚོང་འབྲེལ་ཡིན་ཚུལ་གྱི་གོ་སྐབས་གནང་བ་དང….. ནང་སྲིད་བཀའ་བློན་གནང་སྐབས་མོན་གྷོའི་གཞིས་འགོ་བསྟན་པ་བཟོད་པ་དང་ལ་སྤྱི་ཟུར་པ་བློ་གྲོས་རྒྱལ་མཚན་གཉིས་ལ་སྤྱི་འཐུས་དང་མི་དམངས་ནས་རྩིས་ཁྲ་དང་འཛིན་སྐྱོང་ཐད་སྐྱོན་འཛུགས་བྱེད་པ་བཞིན་ར་འཕྲོས་བྱུང་ནའང་རང་ངོས་ཀྱིས་འགན་འཁྲི་བཞིན་ཐག་གཅོད་དྲང་བདེན་ལས་ལྡོག་སྟེ.. ..བཀའ་ཁྲིས། གནས་རྙོག་དེ་དག་ལམ་ལྷོངས་མ་ཕྱིན་བའི་ལས་དོན་ཙམ་ལས། དེའི་ལན་པ་ང་ལ་མེད། ཁོ་ལ་མེད། ངའི་འཁོར་ལ་མེད། ངའི་འཁོར་གྱི་འཁོར་ལའང་མེད་དོ་ཞེས་ཞུས་པས་ཐམས་ཅད་ཡི་རངས་ཏེ། ཞེས་སོགས་ཤེས་རབ་སྙིང་པོའི་འབྲི་སྟངས་སྤྱད་དེ། འོལ་ཚོད་ཀྱིས་འཆལ་གཏམ་མམ་ཁ་སྔ་རྟིང་མགྱོགས་ཀྱི་གསར་རྟགས་བསྟན་འདུག ཡིན་ནའང་། ང་ཚོས་གསལ་བོར་ཧ་གོ་དགོས་པ་ཞིག་ལ། ཚགས་པར་རྩོམ་སྒྲིག་པ་དེ་དག་གིས་བཤད་སྟངས་མ་འགྲིག་པ་ལས། ཧིན་སྒོར་འབུམ་ཕྲག་དེ་དག་བཀྲས་མཐོང་པ་སྐུ་སྒེར་གྱིས་ཨམ་ཕྲག་ལ་བཅུག་བཞག་པའི་སྐད་ཆའི་དོན་དག་རེད་མི་འདུག ཚགས་པར་དེར་བཤད་དོན། འབད་རྩོན་བྱས་རིགས་མཐའ་དག་ལ་གྲུབ་འབྲས་སོན་མིན་རང་གི་ལག་ཏུ་མེད་པའི་དབང་དུ་བཏང་ནའང་ད་ལན་དགོངས་པ་ཞུ་རྒྱུའི་དུས་བབས་འདི་སྟབས་མི་ལེགས་པ་ཞིག་ཏུ་མ་མཐོང་ཀ་མེད་དུ་གྱུར། ཞེས་པའི་ཚིག་འདིས་སྤྱི་ཚོགས་ནང་རང་བཞིན་གྱིས་གསེད་གྲོལ་ལམ་ནོར་འཛོལ་མི་ཡོང་བའི་གསལ་བརྡ་ཞིག་བསྟན་འདུག བོད་རྒྱལ་ལོ་ ༢༡༢༢ ཤིང་ཕག་ཟླ་ ༣ ཚེས་ ༢ རེས་གཟའ་ཟླ་བ། ༡༩༩༥.༥.༡ བོད་མིའི་རང་དབང་ཚགས་པར་སྟེང་། དམངས་གཙོ་གསར་ཤོག་ནང་གསལ་བའི་བློ་ཕམ་གྱི་གནས་ཚུལ་ཐད་བཀའ་བློན་བསྟན་འཛིན་རྣམ་རྒྱལ་མཆོག་ནས་དངོས་དོན་གྱི་ལན་འདེབས་གསལ་བཤད་ཅེས་པར། བཀའ་ཤག་ནས་དོན་དངོས་ཇི་ཡིན་གསལ་བཤད་གནང་བ་རྣམས་དུས་ཐོག་ཏུ་འདི་གའི་གསར་ཤོག་དང་། ཤེས་བྱ། དེ་བཞིན་གྲོས་ཚོགས་ཀྱི་བདུན་རེའི་གསར་ཤོག་སོགས་ཁག་སོ་སོའི་ནང་ཞིབ་འཁོད་ཟིན་པ་དེ་ལྟར་ཡང….. ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་ཐོན་པའི་དམངས་གཙོ་གསར་ཤོག་གིས་བློ་ཕམ་གྱི་གནས་ཚུལ་ཞེས་པའི་ཆེད་བརྗོད་ནང….. གནས་ཚུལ་མང་དག་ཅིག་བཀོད་པ་དེ་དག་ཐད་དངོས་དོན་མི་ཤེས་པའི་མང་ཚོགས་ནང་བསམ་ཚུལ་ཤུགས་ཆེ་ཡོང་གི་ཡོད་པ་དེ་རྣམས་དངོས་ཡོད་གནས་ཚུལ་ཇི་ཡིན་གསལ་པོར་བཟོ་ཆེད་འདི་གའི་གསར་འགོད་པས་འབྲེལ་ཡོད་བཀའ་བློན་བསྟན་འཛིན་རྣམ་རྒྱལ་མཆོག་ལ་ངོ་བཅར་ཞུས་ཏེ་དམངས་གཙོ་གསར་ཤོག་ནང་བཏོན་པའི་གནས་ཚུལ་གལ་ཆེ་ཁག་ཅིག་སྐོར་ལ་བཅར་འདྲི་ཞུས་པ་གཤམ་གསལ། ཞེས་བཀོད་ཡོད་པ་དང་། འོག་ཏུ་དྲིས་ལན་བཏབ་པའི་ཚིག་གལ་ཆེན་འགའ་དྲངས་ན་འདི་ལྟར། ལོ་ཤས་ཀྱི་སྔོན་ལ་ང་ཚོས་སྔོན་རྩིས་ཀྱི་འཆར་གཞི་གྲོས་ཚོགས་སུ་ཕུལ་བའི་སྐབས་ལ། ལས་ཀ་བྱེད་པའི་འཆར་གཞིའི་ནང་གི་དངུལ་འབོར་དང་། ཡོང་འཆར་གཉིས་ཁ་མ་ཐུག་པ་སྒོར་འབུམ་ ༧༠༠ ཙམ་ཞིག་ཆགས་པ་དེ་བཀའ་ཤག་ནས་ཐབས་ཤེས་གནང་རྒྱུའི་ཁོངས་སུ་བཞག་གནང་ཞིང་། འཆར་གཞིའི་དངུལ་འབོར་འཕར་གཞི་ནི་བོད་དོན་ཐོག་རྒྱལ་སྤྱིའི་ནང་དོ་ཁུར་ཆེ་རུ་ཕྱིན་པར་བརྟེན་ཕྱི་རྒྱལ་ཡུལ་ཁག་ནང་དོན་གཅོད་གསར་འཛུགས་ཞུས་པ་དང་། དེ་དང་འབྲེལ་བའི་ལས་དོན་གལ་ཆེ་མང་པོ་ཞིག་ལ་བརྟེན་ནས་གནང་དགོས་གྱུར་པ་ཞིག་ལས་གཞུང་དངུལ་ཡོད་བཞིན་པ་ཞིག་གི་ཐོག་ནས་སྟངས་འཛིན་མེད་པར་གང་བྱུང་གིས་འགྲོ་གྲོན་འཕར་མ་བཟོས་པ་ཞིག་མ་རེད། ཁ་མ་འདུམ་པའི་སྒོར་འབུམ་ ༧༠༠ དེ་བཀའ་ཤག་ནས་ཐབས་ཤེས་གནང་སྟེ་ད་ཆ་རྩིས་གཙང་བྱུང་ཟིན་པ་རེད། ཅེས་དང་། ཉི་ཧོང་དོན་ཟུར་པདྨ་རྒྱལ་པོས་བཀའ་ཤག་ལ་ཕུལ་བའི་ཕྱག་དངུལ་དེའི་སྐོར། གྲོས་ཚོགས་སུ་གསལ་བཤད་ཞུས་ཚར་བའི་གནས་ཚུལ་རྙིང་པ་ཞིག་བསྐྱར་དུ་བཀོད་འདུག….. འོན་ཀྱང་གྲོས་ཚོགས་ཚུགས་བསྡད་པའི་སྐབས་དེར་བསྐྱར་དུ་ཡིག་རྩད་ཞིབ་ཕྲ་བྱས་ཏེ་ལྟ་དུས་སྔོན་མ་ནས་དངུལ་ཁང་བརྒྱུད་འབྱོར་ཏེ་བཀའ་ཤག་གི་རྩིས་ཁོངས་སུ་བཅུག་ཟིན་པ་ཞིག་རེད་འདུག དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་རེད་མ་གཏོགས་དེ་ལས་གཞན་པའི་ཆད་ལུས་ཤོར་བའི་གནས་ཚུལ་གང་ཡང་མ་རེད། ཅེས་དང་། ལེ་ནའི་ཚོང་ཞེས་པ་དེའི་སྐོར་ང་ཚོས་གྲོས་ཚོགས་ནང་གསལ་བཤད་ཞིབ་ཕྲ་དང་། དེ་ནང་སྲིད་བཀའ་བློན་གསུམ་དང་། དྲུང་ཆེ་གཉིས་ཙམ་གྱི་མཛད་རྒྱུན་རིང་བྱུང་བ་ཞིག་རེད། རྒྱ་གར་གྱི་ཚོང་པ་ཞིག་གིས་ལ་དྭགས་མཉམ་སྦྲེལ་དང་ཐད་ཀར་སྒོར་འབུམ་ ༤༠ ཙམ་གྱི་ལེ་ནའི་ཚོང་བརྒྱབ་པ་དེ་དངོས་འབྲེལ་རེད། ཁོ་པས་ལེ་ན་ཚོང་རིམ་བཞིན་དངུལ་སྤྲོད་རྒྱུ་ལུས་པ་དེ་ཡང་དངོས་ཡོད་རེད། ལས་ཀ་དེ་ཚོད་ལྟ་རེད་ཟེར་བ་དེ་ཐོག་མ་ནས་ཚོད་ལྟ་རེད་མ་གཏོགས་ང་ཚོས་རྗེས་སུ་ཚོད་ལྟ་རེད་ཅེས་གསུངས་བཞག་པ་དེ་འདྲ་མ་རེད། དེའི་འཕྲོས་ཛར་དེ་ཁོང་རང་ནས་སྤྲོད་རྒྱུ་ཡིན་ཟེར་གྱི་ཡོད་ཀྱང་། ད་ལྟ་སྤྲད་མེད་ཀྱང་སྤྲོད་དུ་འཇུག་རྒྱུའི་འབད་བརྩོན་དེ་འབྲེལ་ཡོད་ལས་ཁུངས་ནས་གནང་གི་ཡོད་རེད་ལ། དེ་ལམ་སང་སྤྲོད་མ་ཐུབ་ན་མི་མང་གི་དཀའ་ངལ་སེལ་རྒྱུར་བཀའ་ཤག་ནས་ནང་སྲིད་ལ་དཀའ་སེལ་གནང་རྒྱུའི་ཐུགས་འགན་བཞེས་དགོས་པའི་བཀའ་ཁྱབ་གནང་ཡོད་རེད། ཅེས་དང་ཡང་། རྡ་སྟེང་གསོལ་མགྲོན་ཁང་ལ་བཟོ་བཅོས་མང་པོ་ཞིག་བྱས་པར་འགྲོ་སོང་སྒོར་འབུམ་ ༦༠ ཙམ་བཏང་གནང་བ་དེ་དངོས་འབྲེལ་རེད….. དེ་ཡར་རྒྱས་བཏང་ནས་མགྲོན་ཁང་གི་ཡོང་འབབ་དེ་སྔར་ལས་ཞེ་དྲག་གིས་ཤུགས་ཆེ་རུ་ཕྱིན་ཡོད་རེད་སྔོན་ཆད་ཁེ་སྤོགས་སྒོར་འབུམ་ ༥/༦ ཙམ་ཡོང་གི་ཡོད་སར་དེང་སང་སྒོར་འབུམ་ ༡༦ ལྷག་ཙམ་སླེབས་ཡོང་གི་ཡོད་རེད…..ཡོང་འབབ་ཆེ་རུ་ཕྱིན་ཡོད་རེད། དེ་ལ་སྐྱོན་གང་ཡང་ཡོད་མ་རེད། ཅེས་བཀྲས་མཐོང་ལགས་ཀྱིས་བོད་གཞུང་བཀའ་ཤག་གི་ངོས་ནས་གཞུང་འབྲེལ་ཚགས་པར་བོད་མིའི་རང་དབང་ནང་བཀའ་ལན་བསྐྱོན་གནང་པ་དེ་དག་བདེན་པ་དང་ཁུངས་སྐྱེལ་གསལ་ཞིང་དག་པར་སོང་པ་རེད། ལོ་༦། གྲངས་༩། ༡༩༩༥.༥.༡༥ དམངས་གཙོ་ཚགས་པར་སྟེང་། གསལ་བཤད་གནས་བསྡུས་ཞེས་པར། རྣམ་དཔྱོད་ལྡན་པའི་ཟུར་གནས་ཀློག་པ་པོ་རྣམས་ནས་གོ་ལོག་མི་འབྱུང་ཆེད་གསལ་བཤད་གནས་བསྡུས་ཙམ་ཞུས་ཤིང་། ད་དུང་ཐུགས་དོགས་ཆོད་མིན་བྱུང་ཚེ་མཛད་སྟབས་གང་བདེ་བརྒྱུད་འབྲེལ་བ་ཡོད་པ་ཤིག་སེན་ར་སྤྲོད་ཀྱི་ཁུངས་སྐྱེལ་ཞུ་འཐས་སུ། ནང་སྲིད་ལས་བྱེད་བསྟན་པ་བཟོད་པ་ནས། ༩༥.༥.༣ལ། ཞེས་པ་དང་། གཞན་ཡང་། བདེན་དཔང་གསོན་པོ་དང། སྔོན་གླེང་། གྲོས་ཆོད་སོགས་དོན་ཚན་རེ་རེས་གོང་གི་ནང་སྲིད་བཀའ་བློན་གནང་སྐབས་ཞེས་སྐྱོན་འཛུགས་ལ་གསལ་བཤད་གཙོར་བཏོན་གྱིས་བཀོད་དེ་སྔོན་མའི་གནས་ཚུལ་དག་འགོད་ནོར་ཐེབས་པའི་ངོས་ཟིན་ཐོབ་ཡོད། དེ་རྗེས། བཀྲས་མཐོང་ལགས་ཨ་རི་ནས་རྡ་རམ་ས་ལར་ཕེབས་ཏེ། ཐུགས་སྣང་མཛད་དགོས་ཟེར་བའི་ནང་། ལྷག་པར་ཕྱོགས་གཞན་ཞིག་ནས་དབང་ཆར་མཁྲེགས་བཟུང་བྱས་འདྲའི་འདོད་གཏམ་སྤེལ་མུས་སེལ་ཐབས་བཅས་ཀྱི་ཆེད་ལུགས་མཐུན་དགོངས་པ་ཞུ་དགོས་བྱུང་བ་མ་གཏོགས་ལས་དོན་ལ་གཡོལ་ཐབས་བྱས་པ་སོགས་གཏན་ནས་མིན་པས་རྒྱལ་གཅེས་མི་མང་རྣམས་ཐུགས་ཕམ་ཐུགས་དྭོགས་རིགས་མི་གནང་བ་ཞུ་རྒྱུ། ཞེས་དང། དེའི་སྔོན་ཙམ་ཕྱི་ཟླ་ ༣ པའི་ཚེས་ ༧ ཉིན་རྒྱ་མིས་བཏོན་པའི་བོད་ལྗོངས་ཉིན་རེའི་ཚགས་པར་ཞེས་པའི་ནང་རྒྱ་མི་རང་གི་འདོད་གཏམ་ངོ་ཁྲེལ་ཡོངས་བྲལ་རྫུན་ཚིག་གུང་བསྒྲིགས་གང་ངན་ཅི་རྡུགས་རྣ་བ་འགེབ་འོས་བཀོད་འདུག་པའི་དོན་གནད་ཅིག་ལ། ཡུལ་གྱར་སྲིད་གཞུང་གི་འགོ་གཙོ་གཙོ་བོ་ཚང་མ་ཏཱ་ལའི་བླ་མའི་གཉེན་ཚན་ཡིན་པ་དང། དེ་ཚོའི་ནང་ལ་རུལ་སུངས་ངན་འགྱུར་དང་། ལ་ལ་ལྐོག་ཟ་ཤུགས་ཆེ་བྱས་ཏེ་གཡོ་ཐབས་ཀྱི་བར་ཁེ་བཟས་སྟབས་མི་ལ་ཡིད་རངས་བྱུང་བར་ནང་ཁུལ་འགལ་བ་ཚབས་ཆེན་ཡོད་པ་རེད་སོགས་བཀོད་འདུག….. བོད་རང་བཙན་གཙོར་གྱུར་གཞུང་མང་གི་འཕྲལ་ཕུགས་བདེ་དོན་ལ་ཐུགས་འགན་ཡོད་པའི་བཀའ་ཤག་གི་མཚན་མཐོང་དང། གཞུང་གི་སྒྲིག་འཛུགས་འདི་ལ་ཡིད་ཆེས་བརླག་སྟེ་ཉམས་དམས་སུ་ཕྱིན་པ་ཡིན་ན་ཕ་རོལ་དགྲ་བོའི་བསམ་པ་ཡོངས་རྫོགས་བསྒྲུབ་རྒྱུའི་ཉེན་ཁ་ཡོད་པ་བཟོད་ཐབས་བྲལ་ཏེ….. མི་བདེན་རྫུན་གྱི་དྲི་མས་འབག་པ་ཅུང་ཟད་ཙམ་འདུག་ན་བཀའ་ཤག་ལྷན་རྒྱས་གཙོར་གྱུར་འབྲེལ་ཡོད་ལས་ཁུངས་ཁག་སོགས་ནས་ཕྲན་ལ་ཐད་ཀར་དྲི་བ་གནང་ཡོད་པ་ཞུ་རྒྱུ….. ཕྲན་བཀའ་ཁྲི་ཟུར་པ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས་ ༡༩༩༥ ལོའི་ཟླ་ ༨ ཚེས་ ༥ ལ་ཕུལ། ཞེས་སོགས་དོན་ཚན་གསུམ་གྱི་སྒོ་ནས་བསྐྱར་དུ་ཞིབ་འབྲི་བྱས་ཡོད་རུང་རེ་རེ་བཞིན་འགོད་ཐུབ་མ་སོང་། གསལ་བསྒྲགས་གནང་པའི་ཕྱག་ཡིག་དེ། བཀྲས་མཐོང་ལགས་ཀྱི་ཨ་མ་རྨ་བྱ་བསོད་ནམས་དཔལ་སྒྲོན་ལགས་ཀྱིས་ཉར་ཚགས་གནང་འདུག སྐབས་དེ་དག་གི་དམངས་གཙོ་ཚགས་པར་རྩོམ་སྒྲིག་པ་འཇམ་དབྱངས་ནོར་བུ་ལགས་དང་། ལས་རོགས་མགོན་པོ་ཚེ་རིང་ཡིན་པ་རེད། ད་ལྟ་འཇམ་དབྱངས་ནོར་བུས་བཀྲས་མཐོང་པ་ལགས་སུ་རྒྱབ་སྐྱོར་ཞུ་བའི་རྩོམ་ཡིག་སྤེལ་གྱི་ཡོད་པ་དེས། ཁོང་གིས་སྔོན་མར་རྩོམ་སྒྲིག་པ་བགྱིས་ཏེ་སྐྱོན་བརྗོད་ཀྱི་རྩོམ་ཡིག་སྤེལ་པ་དེ་བྱས་ཉེས་ཡིན་པ་ཁས་བླངས་ཤིང་། བཟོད་གསོལ་ཞིག་ཀྱང་ཕུལ་བཞག་པ་རེད། ད་དུང་། ཉེ་ཆར་བཀའ་དྲུང་ཡིག་ཚང་ནས་ཕྱག་ཡིག་འདི་ལྟར་གནང་ཡོད་དེ། མཚུངས་མེད་ ༢༠༡༡ ལོའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་གནང་མཁན་དང་བོད་ཀྱི་ཆེད་དུ་ལངས་མཁན་stand up 4 tibetཚོགས་པ་ཐུན་མོང་གང་དེར། ཞེས་དང། གཞུང་གི་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པའི་གནད་དོན་ཞིག་ཡིན་པ་དེ་སྔ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་ནང་གསལ་བཤད་གནང་བའི་ངོ་བཤུས་འདི་མཉམ་ཟུར་བསྲིངས་ཡོད་པ་ནས་མཁྱེན་རྟོགས་ཡོང་རྒྱུ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཟླ་ ༡༡ ཚེས་༨ ལ།། ཞེས་གནང་འདུག ཐུབ་བསྟན་དཔལ་འབྱོར་ལགས་ཀྱིས་བཤད་སྟངས་འགྲིག་མིན་ཇི་ལྟར་ཡང་། སྐུ་ངོ་བཀྲས་མཐོང་ལགས་ཀྱིས་སྒོར་འབུམ་ཕྲག་དེ་དག་བཟས་ཡོད་པའི་དཔང་རྟགས་བྱ་མཁན་ཞིག་ཡོད་ན། ངས་སྒོར་འབུམ་ ༣ སྤྲད་ཀྱི་ཡིན་ཞེས་ཁ་ཚོན་ཆོད་པོའི་སྒོ་ནས་བཤད་པ་དེ། རྒྱུ་མཚན་དང་སྤོབས་པ་མཐོ་བའི་རྟགས་ཤིག་བསྟན་པ་ཡིན་རྒྱུ་རེད་མ་གཏོགས། ཞེན་ཁོག་དང་རྒྱབ་སྐྱོར་ཞུ་འདོད་གཅིག་པོས་གང་བྱུང་ལབ་བཞག་པ་ག་ལ་ཡིན། གོང་དུ་བཀྲས་མཐོང་ལགས་ཀྱི་འགྲེལ་བཤད་དེ་དག་ཁ་གསལ་བོས་སྒོ་ནས་ཞུས་ན། འགྲོ་སོང་གི་འཆར་གཞི་དང་། ཡོང་སྒོའི་འཆར་གཞི་གཉིས་ཁ་མ་འདུམ་པའི་དཀའ་ངལ་ཞིག་གནས་སྐབས་ཙམ་ལ་བྱུང་པ་རེད་འདུག དཔེར་ཆ་བཞག་ན། ༢༠༡༡ གི་འཆར་འགོད་ ༢༠༡༠ ཡི་ལོ་ནས་བཀོད་སྒྲིག་གནང་གི་ཡོད་པས། ༢༠༡༠ ལོར་འགྲོ་འཆར་ཧིན་སྒོར་འབུམ་ ༧༠༠ བཏང་རྩིས་ཡོད་ན། ༢༠༡༡ ལོར་ཡོང་འཆར་ཧིན་སྒོར་འབུམ་ ༧༠༠ ལག་པར་རེག་ཐུབ་མིན་གྱི་དཀའ་ངལ་འཕྲད་པ་དེ་འདྲ་རེད། ཡིན་ནང་། ལོ་མཇུག་འགྲོ་འཆར་དང་ཡོང་འཆར་གཉིས་ཆ་མཉམ་སྟེ་ལོ་དེའི་ལས་འཆར་ལ་སྐར་མ་གཅིག་གི་གནོད་པ་བསྐྱལ་མེད་པས། དེ་ལྟ་ན། དོགས་པ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡང་མེད་པར་མ་ཟད། གསལ་བོར་ཆགས་ཟིན་པའི་གནས་ཚུལ་རྙིང་པ་ཞིག་སྐྱར་ལྡབ་བྱས་ཤིང་། བྱས་རྗེས་དང་རེ་བ་ཆེ་བའི་མི་གྲགས་ཅན་དག་ལ་བརྡབ་གསིག་གཏོང་ཅི་ཐུབ་བྱས་ཏེ། མ་ཉེས་ཁག་གཡོག་གིས་འཁྲུག་ཆ་ཟིང་པོ་བཟོས་ན་བོད་སྤྱི་ལ་གྱོང་གུན་འཕོག་རྒྱུ་ལས། གཞན་ཐོབ་བྱ་ཅི་ཡང་མེད།
༥ མཇུག་བསྡུ་བ།
ཁ་བཤད་གལ་ཆེན་མིན་ལ་ལག་ལེན་གལ་ཆེན་ཡིན། ལག་འཁྱེར་གལ་ཆེན་མིན་ལ་འཇོན་ཐང་གལ་ཆེན་ཡིན། ཚོད་དཔག་གལ་ཆེན་མིན་ལ་རྒྱུས་མངའ་གལ་ཆེན་ཡིན། ཧོལ་རྒྱུག་གལ་ཆེན་མིན་ལ་གཟབ་ནན་གལ་ཆེན་ཡིན། དེར་བརྟེན། གལ་ཆེན་རང་བཞིན་དག་གོ་རྟོགས་ཐུབ་ན་ཅི་མ་རུང་སྙམ་སྟེ། ཀུན་སློང་གཙང་མ་ཞིག་གིས་ལུས་ངག་ཡིད་གསུམ་བསྒུལ་ཞིང་བསྐྱོམ་པའི་རེ་སྐུལ་གྱི་དཔྱད་གཏམ་ཉུང་བསྡུས་འདི་ལ་བསམ་གཞིག་མཐིལ་ཕྱིན་གནང་རྒྱུ་མཁྱེན། ཞེས་མཚམས་བཞག་པའོ།།
གཙང་པ་ཞོལ་པས་བདེ་བདེ་གསལ་གསལ་སྟོན་མི་འདུག་གམ། རྒྱབ་སྐྱོར་བྱེད་སྟངས་འདི་འདྲ་དགོས་འདུག
please say some prayers if you could for Congresswoman Gabrielle Giffords who was shot and killed here in Tucson today. She was a politician who was really working to make a better world. A very sad day.
སྐུ་ཞབས་བསྟན་འཛིན་རྣམ་རྒྱལ་ལགས་ནི་བབ་ལྷིང་བརྟན་གསུམ་གྱི་ཁྱད་ཆོས་ལྡན་ཞིང་ལོ་ངོ་མང་བོའི་འཇི༹ན་སྐྱོང་གི་ཉམས་མྱོང་ཡོད་པའི་མི་སྣ་འཇོན་ཐང་ཅན་ཞིག་ཡིན་པ་མ་ཟད་བོད་སྤྱི་བའི་ལས་དོན་ལ་ལྷག་བསམ་དག་ཅིང་གོང་ས་མཆོག་གི་བཀའ་གསུངས་ཇི་བཞིན་སྒྲུབ་ཐུབ་མཁན་གྱི་མི་བུ་ཞིག་ཡིན་འདུག་པས་བཀའ་བློན་ཁྲི་བར་ད་ལོའི་འོས་མི་གཞན་དང་སྡུར་བ་ཡིན་ན་ཁོང་མ་གཏོགས་གཞན་སུ་གང་ལའང་ཆ་རྐྱེན་ཚང་གི་མི་འདུག ཡིན་ཡང་འབྱུང་འགྱུར་བཀའ་བློན་ཁྲི་བ་ནི་གོང་ས་མཆོག་གིས་རྒན་གཡོལ་ཆ་ཚང་ཞུ་བའི་དུས་སྐབས་ཤིག་ཡིན་པས་འགན་འཁྲུ་དམིགས་གསལ་གྱི་ཡོད་པ་མ་ཟད་ད་ལོའི་འོས་འཕེན་སྟངས་ནས་མི་རྣམས་ཀྱིས་བྱེད་སྟངས་ལ་ལྟས་ཡོང་ན། འབྱུང་འགྱུར་གྱི་བཀའ་བློན་ཁྲི་བ་དེ་ཁས་ལེན་མིན་གྱི་དཀའ་ངལ་དང་རྩོད་རྙོག་ཡོང་རྒྱུ་ཡིན་པས་གནས་སྟངས་ཇ༹་དྲག་པོ་ཞིག་ལ་གདོང་ལེན་བྱས་ནས་འགྲོ་དགོས་ཐུབ་སྲིད་པ་ཞིག་རེད དེ་ལྟར་ཡིན་དུས་ངས་སྐུ་ཞབས་བསྟན་འཇི༹ན་རྣམ་རྒྱལ་ལགས་ཀྱིས་གདོང་མཆོང་དཔའ་བོ་ཞིག་བྱེད་རྒྱུར་གྲ་སྒྲིག་བྱ་རོགས་ཞེས་རེ་བ་ཞུ་བཞིན་ཡོད།
གཙང་ཞོལ་བདེ་གསལ་ལགས་ཀྱིས་རྒྱབ་སྐྱོར་བྱེད་བསྟང་དེ་ཧ་ཅང་གི་ཡག་པོ་འདུག དེ་མིན་གཅིག་ལ་རྒྱབ་སྐྱོར་བྱེད་དུས་གཞན་དེ་ལ་སྐྱོན་བརྗོད་ཁོ་ན་བྱེད་སྡད་ན་ཡག་པོ་མི་འདུག
བོད་ལ་སྐུ་ཚབ་ཚོགས་པའིའགན་བཞེས་ནས་ཕེབས་སྐབས་ལས་དོན་མཇུག་མ་འགྲུབ་བར་ཕྱིར་ཕེབས་དགོས་བྱུང་བ་དེའང་ལས་ཀའི་གྲུབ་འབྲས་ལ་བརྩི་སྟངས་དེ་ཡ་མཚན། རྒྱབ་སྐྱོར་ཀློགས་བདེ་དང་གོ་བདེ་ཞིག་བྲིས་མི་འདུག སྐུ་ངོའི་རྒྱབ་སྐྱོར་བ་ཚོས། ཉེ་བའི་ལོ་བཅུ་བཅོ་ལྔའི་ནང་གྲུབ་འབྲས་འདྲ་གསུངས་རྒྱུ་ཡོད་ན་ཕན་ས་རེད། དེ་མིན་མང་པོ་ཞིག་རྒྱབ་ལྗོངས་བཟང་པས། གོ་གནས་དང་གོ་སྐབས་རེགས་པས་རེད་འདོད།
བསྟན་འཛིན་ལགས།
ལས་ཀ་ལས་དགོངས་ཞུ་བྱས་པ་དང་། སྤྱི་འཐུས་འོས་གཞི་ལས་ཕྱིར་འཐེན་བྱས་པ་གཉིས་ལ་ལྕི་ཡང་མི་འདུག
དེ་ལས་དེང་སྐབས་བློ་སེངས་ཆུ་སྒང་རྙིང་བས་ཉོ་བཞིན་འདུག་ཟེར་བ་བདེན་ནི་་ཆེས་འཇིགས་སྣང་ཅན་ཞིག་རེད།
སྒོར་འབུམ་བདུན་བརྒྱ་དེ་འགྲོ་ས་ངོ་མ་གང་ཞིག་ལ་སོང་བ་རེད་ཟེར་གྱིན་ཡོད། གང་ལྟར་ཁོང་གི་བཀའ་ཁྲིའི་ལས་རྒྱུན་སྐབས་སུ་སྒོར་འབུམ་༧༠༠བོར་སོང་བ་རེད་དམ།
རྡ་སྟེང་གསོལ་འགྲོན་ཁང་ལ་ལ་ཡོང་སྒོ་མེད་ནས་ཟམ་གདོང་གིས་སྒེར་བདག་ཅན་དུ་བསྒྱུར་བ་མ་རེད་དམ།
སྤོས་པ་མཐའ་ཡོས་ཟེར་བ་འདི་ཤེས་ཡོན་པ་ཞིག་ཡིན་བསམ་ཡོད། གང་ཡང་མི་ཤེས་མཁན་ཚོ་ནང་བཞིན་རྩིས་འདི་འདྲ་ཙམ་ཞིག་ཡང་ཤེས་གི་མི་འདུག དེ་ནི་དཔེར་ན། ཁྱེད་ཀྱིས་ཟླ་བ་རྗེས་མའི་ནང་འགྲོ་སོང་སྒོར་སུམ་སྟོང་གི་འཆར་གཞི་འཐེན་ཚར་བ་རེད། ཟླ་མཇུག་ལ་ཐོན་དུས་སྒོར་ཉིས་སྟོང་ལྔ་བརྒྱ་ལས་བཙལ་མ་ཐུབ་པ་རེད། འཆར་གཞི་ཆེ་དྲག་ནས་ཡོང་སྒོར་ཉུང་དྲག་པ་རེད། དཔེར་ན་།སྐབས་དེའི་ལོ་ཤོས་སྔོན་ར་ཁུལ་གོང་ཆེན་པོ་ཡོད་པ་རེད། སྐབས་དེར་ར་ཁུལ་གོང་ལྷུང་ནས་ལ་དྭགས་ན་ཡོད་པའི་བོད་གཞུང་གི་ར་མའི་ར་ཁུལ་ལ་རིན་གོང་མེད་སོང་བ་རེད། ར་ཁུལ་གྱི་སྒོར་མོ་བསྟན་གནམ་གྱི་ཟས་སོང་བ་མ་རེད།
དྲ་གྲོགས་རྣམས་པ།
བློ་སེང་བསྡོད་གནས་བྷོ་སི་ཊིན་ན་བློ་སེང་ལ་རྒྱབ་སྐྱོར་མེད་པའི་རྒྱུ་མཚན་ཅི་རེད། ཉིན་ཤོས་སྔོན་བློ་སེང་གི་ས་གནས་དེའི་མི་གཉིས་བརྒྱ་ལྔ་བཅུས་ཞལ་འདེབས་མང་པོ་ཕུལ་ནས་བསྟན་རྣམ་ལ་རྒྱབ་སྐྱོར་བྱས་པ་རེད། ས་གནས་དེ་ན་བོད་མི་སུམ་བརྒྱ་ལྷག་ལས་མེད་པར་བཤད།
བསྟན་རྣམ་གྱི་ས་གནས་ཀ་ལེ་ཧྥོ་ཉའི་བོད་མི་བརྒྱ་ཆ་དགུ་བཅུས་ཡང་བསྟན་རྣམ་ལ་རྒྱབ་སྐྱོར་བྱེད་གི་འདུག
TENZIN NAMGYAL TETHONG LA IS A MAN OF WISDOM, VISION AND COURAGE. TNT IS THE HERO OF TIBET! HE IS THE BEST CANDIDATE FOR NEXT KATRI. TNT GYAL-LO!!!
ཨ་རིའི་ཨོ་བྷ་མ་སྲིད་འཛིན་དུ་བཞེངས་སྐབས། change ཞེས་པའི་ཚིག་དེ་གླེང་ཡོད། ཁོང་ལང་འཚོ་དར་ལ་བབས་ཤིང་། ངག་གི་རྩལ་རྒྱས་པ་སོགས་ཀྱིས་ཨ་རིའི་མི་མང་ནས་ཁོང་ལ་འོས་བླུག་ཡོད། རྩ་བའི་གྲོས་ཚོགས་ཀྱི་མཐུས་མི་གནང་ནས་ཉམས་མྱོང་ཕྲན་བུ་ཡོད་ཀྱང་། ཚད་ཐུབ་པའི་ཉམས་མྱོང་མེད་པས་དེང་སྐབས་ཁོང་ལ་རྒྱབ་སྐྱོར་བ་མང་པོ་འུ་ཐུག་ནས་ངོ་རྒོལ་བྱ་གི་ཡོད། རྒྱ་ནག་གི་ཨོ་བྷ་མ་བོད་ཀྱི་སྲིད་འཛིན་གནང་ན་གང་འདྲ་ཡོང་ངམ།
2011 Katri vote for Kasur Tenzin Tethong la, and Save Tibet.
སྤོབས་པ་ལགས།
ངས་བཀྲས་མཐོང་སྐོར་ལ་དོ་སྣང་ཕྲན་བུ་བྱས་པ་ཡིན།ཧིན་སྒོར་འབུམ་༧༠༠དེ་ནི་སྔོན་རྩིས་དང་འགྲོ་སོང་གི་གནད་དོན་ཞིག་ལས་གཞན་མ་རེད།གོང་དུ་གཙང་ཞོར་གྱིས་ལུང་འདྲེན་བྱས་པའི་བོད་མིའི་རང་དབང་གསར་ཤོག་ཏུ་བཀྲས་མཐོང་དང་དྲི་བ་དྲིས་ལེན་གནང་ཞིག་འདུག་ལ།དེར་ཧིན་སྒོར་འབུམ་༧༠༠སྔོན་རྩིས་ཀྱི་འགྲོ་སོང་ནང་དུ་ཐབས་ཤེས་བྱེད་དགོས་པ་རེད་ལ།ལོ་མཇུག་བར་ཧིན་སྒོར་འབུམ་༧༠༠དེ་ཡང་ཐབས་ཤེས་བྱས་ཏེ་ཡོངས་སུ་རེག་སོང་ཞེས་བཀྲས་མཐོང་གིས་ལན་བརྒྱབ་འདུག
དྷ་སའི་གསོལ་མགྲོན་ཁང་དང་སྒང་ཏོག་གི་གསོལ་མགྲོན་ཁང་གཉིས་ལ་ཁེ་བཟང་ཕྲན་བུ་ཡོད་ཚོད་རེད།ཡིན་ནའང་བོད་གཞུང་གིས་ཚོང་རྒྱག་གི་མིན་ཟེར་ནས་བཀའ་ཁྲི་ཟམ་གདོང་ཚང་གིས་མཉམ་འབྲེལ་ལ་འབོག་མ་ལྟ་བུར་བཏང་ཡོད་པ་རེད།
ཁ་བརྡ་རྩོམ་སྒྲིག་པ་ལགས། ངས་བོད་ཡིག་གི་ལུས་ལ་ཁྱབ་བཞིན་པའི་ནད་འབུ་ཞེས་པའི་བསམ་འཆར་ཞིག་བསྐུར་བ་ཁ་བརྡའི་སྟེང་མི་འགོད་པའི་རྒྱུ་མཚན་གསལ་པོ་ཞིག་གསུང་རོགས་གནང།
གོང་གི་གཙང་གཞོལ་བདེ་གསལ་ལགས་ཀྱིས་བཀོད་གནང་བའི་དཔྱད་གཏམ་འདི་ལྟ་བུ་རེ་སྤེལ་ན་།ཕན་རླབས་ཆེན་པོ་འདུག མི་རིགས་ལ་ཤ་ཞེན་དང་སྤྱི་ཚོགས་ལ་འགན་འཁུར་ཡོད་པའི་ཐོག་ནས་དཔྱད་པ་ཡང་དག་གནང་འདུག་པ་དེར་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཡོད།
བྱུང་ན་གཙང་ཞོལ་བདེ་གསལ་ལགས་ཀྱིས་ང་ལ་བཀའ་ལན་གཅིག་གནང་རོགས་ཞུ།
བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་ལ་ཞིབ་མཇུག་མ་བྱས་པ་མིན་ལ་ཁོང་ལ་བྱས་རྗེས་མི་འདུག་དེ་བས་ཟེར་གང་ལ་ནུས།
བྱས་རྗེས་ཅན་རེད་མོད།
འོན་ཀྱང་ཁོང་སླར་ཡང་བཀའ་བློན་དང་ལྷག་པར་ཐེངས་འདིའི་བཀའ་ཁྲིར་ཕེབས་པར་དགའ་བསུ་བྱེད་མི་འདོད་པ་གཙོ་བོ་ནི།
༡
ཁོང་གི་ད་བར་བཏོན་པའི་ནུས་པ་ལས་ལྷག་གཅིག་ད་ཕྱིན་ཆད་འདོན་རྒྱུ་ཡོད་དམ།
༢
ང་ཚོ་སུ་ཡིན་རུང་དཔལ་འབྱོར་ལས་ཁུངས་ཀྱི་དངུལ་ཁོང་གིས་རྐུན་མར་བརྐུས་པ་རེད་བསམ་གྱིན་མེད།
ཁོང་གིས་མགོ་མཇུག་ཚང་བའི་འཆར་གཞི་གནང་མ་ཐུབ་པར་བཤད་རྒྱུ་གཏམ་རྒྱུའི་ལོ་རྒྱུས་བཟོས་པ་དེ་མ་འོངས་པའི་བཀའ་ཁྲིར་མི་འོས་པའི་གནད་དོན་ཆེ་ཤོས་གཅིག་རེད་བསམ་གྱིན་ཡོད།
༣
ཁོང་གི་རང་ཐག་རང་གཅོད་ཀྱི་སྲིད་ཇུས་གསར་བར་འདོད་པ་མེད།
གསལ་བཤད་འདི་དག་ལ་བལྟས་ན། བསྟན་འཛིན་རྣམ་རྒྱལ་རྒྱལ་ཞེན་ཅན་དང་ལྷག་བསམ་ཅན་ཞིག་ཡིན་པར་ར་འཕྲོད་ཙམ་འདུག འོན་ཀྱང་ད་ལན་གྱི་བཀའ་བློན་ཁྲི་པ་བསྐོ་བཞག་གི་ལས་འགན་དེ་ནི། སྔོན་གྱི་ལས་ཀ་ལ་བལྟས་ནས་ཐུགས་རྗེ་ལེགས་འབུལ་ལྟ་བུ་མིན་པར། མ་འོངས་པར་བོད་དོན་ཐག་གཅོད་ཀྱི་བློ་ཁོག་གང་འདྲ་འདུག ཆ་གཞི་གང་འདྲ་འདུག འཇོན་ཐང་གང་འདྲ་ཡོད་ས་རེད། སོགས་ལ་བརྟགས་ནས་བསྐོ་གཞག་བྱེད་དགོས་ཀྱིན་རེད་སྙམ། དེ་མིན་གང་ཟག་བྱེ་བྲག་པ་ཞིག་གི་ངོ་སྲུང་རྒྱུ་ཁོ་ན་བྱས་ཏེ་རྒྱུ་མཚན་དང་གདེང་སྤོབས་ཅི་ཡང་མེད་པར་དབུ་མའི་ལམ་ཡག་པོ་ཡོད་རེད་ཅེས་ཁ་ནས་མ་ནི་བགྲང་བགྲང་ཁོ་ནས་ག་ཡང་མི་ཕྱིན།
ད་དངོས་གནས་ཆུ་ལ་མེ་ཤོར་ཚར་བ་འདྲ། ཧིན་སྒོར་འབུམ་བདུན་བརྒྱའི་གླེང་ལྷག་དེས་བོན་པོའང་གཉིད་ཐེབས་བཅག་འདུག ཡིན་ན་ཡང་དེང་སྐབས་མི་མང་པོ་ཞིག་ལ་རྟོག་འཇུག་གི་རྣམ་དཔྱོད་མེད་པར་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་གནས་ལ་གྱར་འདུག ཕྱོགས་གཞན་ཞིག་ནས་ད་དུང་མི་མང་པོ་ཞིག་གཞོན་སྐྱེས་དང་རྒན་རྒོན་གྱི་འཐབ་རྩོད་ཁྲོད་ལྷུངསཚར་འདུག ལོ་གཞོན་པར་ཧ་ལས་རྒྱུ་གང་ཡོད། བཀའ་ཁྲིའི་ཞབས་སྟེགས་འདི་བོད་ཀྱི་བསྟན་པ་ཆབ་སྲིད་ཆེད་སྤྱི་ཕན་གྱི་ནུས་པ་འདོན་ས་ཞིག་རེད་མ་གཏོགས་སྦྱོང་བརྡར་དང་། ཉམས་མྱོང་གསོག་སའི་སློབ་གྲྭ་མ་རེད། ལྟོས་དང་། རིའི་ཨོ་བྷ་མའི་དབང་ཆ་ཕྱེད་ཙམ་སྤྱི་མཐུན་ཚོགས་པའི་ལག་ཏུ་ཤོར་ཚར་མི་འདུག་གམ། གཟབ་གཟབ་མ་བྱས་ན་སྲིད་གཞུང་མགོ་རྟིང་ལོག་རྒྱུར་ཐེ་ཚོམ་མེད། རྒྱ་ནག་གི་ཨོ་མའང་དེ་དང་གཅིག་མཚུངས་རེད། མ་གཞི་ནས་རྒྱ་ནག་གི་ཨོ་བྷ་མས་བཤད་པ་ལྟར་ཁོ་རང་རྒྱ་ནག་གི་སྲིད་འཛིན་བྱ་འདོད་ཡོད་པ་མ་རེད་དམ། བོད་ཀྱི་བཀའ་ཁྲིའི་ཞབས་སྟེགས་ལ་འཚང་ག་རྒྱག་དོན་གང་ཡིན། འདི་ཐམས་ཅད་སྒྱུ་མའི་འཕྲུལ་ཡིན་གྱི་རེད།
བཀྲ་མཐོང་བསྟན་རྣམ་གསར་གཏོད་ཅན་ཞིག་ཡིན།
མི་ལོ་ཅོ་བརྒྱད་གོང་གི་གསར་གཏོད་ཏུ།
བོད་མི་གཅིག་སྟོང་ཨ་རིའི་ཡུལ་དུ་བཏང།
ཨ་རིའི་ཡུལ་དུ་སློབ་སྦྱོང་གོ་སྐབས་ཐོབ།
འདི་ནི་བཀྲ་མཐོང་ལགས་ཀྱི་བཀའ་དྲིན་ཡིན།
བོད་མི་གཅིག་སྟོང་འཚོ་བའི་ལྟོ་གོས་བཟང་།
མ་ཟད་གཉེན་དང་སྤུན་ལ་རོགས་ཕན་དང་།
བཙན་བྱོལ་སྤྱི་ཚོགས་དཔལ་འབྱོར་ཡར་རྒྱས་ཕྱིན།
འདི་ནི་མཐོང་ལགས་ཀྱི་བཀའ་དྲིན་ཡིན།
གཙང་ཞོལ་ལགས་ཀྱི་དོན་དངོས་དང་མཐུན་པའི་དཔྱད་རྩོམ་ཡག་པོ་ཞིག་སྤེལ་འདུག་ཐུགས་རྗེ་ཆེ།
གཙང་ཞོལ་བདེ་གསལ་ལགས་ཀྱིས་ཁ་བཤད་གལ་ཆེན་མིན་ལ་ལག་ལེན་གལ་ཆེན་ཡིན། ལག་འཁྱེར་གལ་ཆེན་མིན་ལ། འཇོན་ཐང་གལ་ཆེན་ཡིན་སོགས་ཡག་པོ་ཞེ་དྲག་གསུངས་ཤག གནའ་མིའི་བོད་ཀྱི་གཏམ་དཔེར། ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། གཞན་ཡང་། ཁ་བཤད་ལ་ཉི་མ་ཤར། །ལག་ལེན་ལ་མུན་པ་རུབ་སོགས་མང་ངོ་།།
ད་དུང་། ཁ་ནས་བཤད་ན་ལྷ་བཞེངས་ང། ལག་ལ་བཞག་ན་རྣབ་ལུག་ཡོང་།ཟེར་བ་ཡོད་པ་རེད།
ནོར་བཅོས། ཕལ་ཆེན་་་་་་་་་་་་་་་ཕལ་ཆེར་དུ་བཅོས་རོགས།
1 ཀརྡོ་རབ་འབྱམས་པ་ལགས་ཞུ་རྒྱུར། གཙང་ཞོལ་བདེ་གསལ་ཟེར་བ་འདི་གཙང་པ་ཞོལ་པ་ཞིག་མ་རེད། ཨ་མདོ་བ་ཞིག་རེད། ན་གཞོན་ཞིག་ཀྱང་རེད། དབུས་གཙང་གི་མི་ཞིག་མིན་པ་མཁྱེན་པར་མཛོད།
2 གཙང་ཞོལ་བདེ་གསལ་གྱིས་རྒྱབ་སྐྱོར་བྱེད་སྟངས་ཧ་ཅང་ལེགས་པོ་འདུག རྗེས་སུ་ཡི་རང་ཡོད།
3 མི་དེ་ནུས་པ་ལྡན་མིན་དང་འཇོན་ཐང་ཡོད་མེད། མི་དེའི་ལས་ཀའི་གྲུབ་འབྲས་ལ་ལྟ་དགོས་པ་རེད་བསམ་གྱི་ཡོད། ང་རང་གིས་མི་སུ་ཡིན་ནའང་དེ་ལྟར་གདེང་འཇོག་བྱེད་ཀྱི་ཡོད།
4 ཆབ་སྲིད་བཙོན་ཟུར་དཀའ་ལྡན་གྲྭ་བག་བྲོ་དང༌། མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་གཉིས་བཀའ་བློན་ལ་འཐེན་རྒྱུ་ཡིན་ན། ང་ཡང་འཐེན་སྲིད་པ་རེད། ཧ་ཧ་ཧ། ད་ལྟད་མོ་འདུག་གོ་
བོད་དགའ་ལགས། ཁྱེད་རང་ཡང་བཀའ་བློན་ལ་འཐེན་སྲིད་པ་རེད་ཅེས་གདེངས་ཚོད་ག་རེ་ཡོད། འདི་བཞད་གད་ཀྱི་གནས་རེད། ཁྱེད་རང་གིས་བློ་སེང་ཆེད་མི་དམངས་ཁྲོད་དོན་ནས་སྐུ་དྲག་ལམ་ལུགས་ཁ་ལ་ཁྱེར་ཏེ་རིག་གནས་གསར་བརྗེ་བསྐྱར་དུ་ལངས་པ་ལྟ་བུའི་བཀྲས་མཐོང་ལ་ངོ་རྒོལ་གྱི་གཏམ་བཤད་སྤེལ་མྱོང་ངམ། ཁྱེད་རང་གིས་བཀྲས་མཐོང་དང་རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་གྱི་སྲང་བར་སྦྱར་ཡིག་བཀོག་པ་དང་དབྲལ་བ་སོགས་བྱས་སམ། ཁྱེད་རང་གིས་གདན་སའི་དགེ་སྐོས་མདུན་སྦྱར་ཡིག་དབྲལ་མེད་ཅེས་མནའ་ཐུ་མོ་ཆེ་བོར་མྱོང་ངམ། ཁྱེད་རང་གིས་ཆབ་སྲིད་བཙོན་པའི་མིང་ཁྱེར་ནས་གཞིས་ཆགས་ནང་གི་ཉམ་ཐག་མི་དམངས་ཀྱི་དངུལ་ཁ་བསླུས་བརྒྱབ་མྱོང་ངམ། ཁྱེད་རང་ལ་བློ་སེང་གིས་བཀའ་བློན་དུ་འཐེན་ཆོག་ཅེས་ཁས་ལེན་བྱས་བྱུང་ངམ་།
ངས་བྱས་ན་གོང་གི་དྲི་བ་རྣམས་ལ་ཁྱེད་རང་གིས་འདེབས་ཐུབ་པའི་ལན་གཅིག་རང་ཡོད་པ་ནི། མེད་ཅེས་པ་དེ་རེད། ཁྱེད་རང་གིས་དེ་ལྟར་བྱེད་ཕོད་ཀྱི་མརེད།
གཙང་ཞོལ་བདེ་གསལ་ལགས་ཀྱི་དཔྱད་པ་ཡག་པོ་གནང་འདུག བཀའ་བློན་ཁྲི་པ་སུ་ལ་ཐོབ་རུང་ཁྱད་པར་མི་འདུག་
བཀའ་ཁྲིའི་འོས་མིའི་མཚན་གྱི་ལུས་ལ་ནད་འབུ་ཁྱབ་བཞིན་པ།
ཉེ་ལམ་བཀའ་ཁྲིའི་འོས་མི་གསུམ་གྱིས་སྐོར་ལ་བགྲོ་གླེང་ཚ་ཚ་འུར་འུར་ངང་བྱེད་བཞིན་པ་འདིས་བོད་ཀྱི་དམངས་གཙོའི་རྣམ་པ་ལ་བཟང་ཕྱོགས་ཀྱི་མཐོང་ཚུལ་ཞིག་ཡོང་བཞིན་ཡོད་ཀྱང་། བགྲོ་གླེང་གནང་མཁན་ཚོའི་ཁྲོད་ནས་བོད་ཀྱི་སྐད་ཡིག་ལ་ནད་འབུ་གཏོང་བཞིན་འདུག འདི་ཡང་བཀའ་ཁྲིའི་འོས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཀྱི་མཚན་གྱི་རྗེས་སུ་ཁྱིམ་ཚང་གི་མིང་སྦྱོར་བ། དཔེར་ན། བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་ལགས་ཞེས་ཡིག་ངག་གཉིས་ཐོག་ནས་ཐོན་ཡོང་བཞིན་འདུག་ན། འདི་ཕྱི་སྐད་ཀྱིས་བོད་ཀྱི་སྐད་ཡིག་ནང་རྣམ་པ་མི་འདྲ་བའི་བཙན་འཛུལ་གྱི་ལམ་བུ་ཞིག་གསར་གཏོད་བྱེད་བཞིན་འདུག ཚུལ་འདི་ཕྱི་རྒྱལ་གྱི་ལུགས་ལྟར་བྱས་ཚེ་འོས་པར་ཆ་བཞག་ཀྱང་། རང་ཅག་བོད་གངས་ཅན་པའི་སྐད་ལ་ཆེས་མི་འཚམ་པའི་འབོད་སྟངས་ཤིག་ཡིན། འདི་ཐོག་མ་ཉིད་ནས་བཀག་འགོག་མ་བྱས་ཚེ་རྗེས་སུ་བསྟན་རྣམ་ལགས་བཀའ་བློན་ལ་འདེམས་ཐོན་བྱུང་བའི་དབང་དུ་བཏང་ཚེ་གསར་ལམ་ཁག་ཏུ་ཡང་ཡང་ཁོང་གི་སྐོར་ལ་གནས་ཚུལ་ཐོན་སྐབས་བསྟན་འཛིན་རྣམ་རྒྱལ་བཀྲས་མཐོང་ལགས་ཞེས་བྲི་ཉེན་ཆེ། དེ་ལྟར་བྲིས་པ་ཡིན་ན་ཚིག་འདི་རྒྱུན་འབྱམས་ཀྱིས་མ་འོངས་པར་མི་ཚང་མའི་མིང་གི་འབྲི་སྟངས་ལའང་འགྱུར་བ་ཤུགས་ཆེ་གཏོང་དགོས་ཆགས་རྒྱུ་རེད། དེར་བརྟེན་དྲ་གྲོགས་རྣམ་པས་བོད་ཀྱི་སྐད་ཡིག་གྱི་ལས་དབང་ལ་དགོངས་ཏེ་བགྲོ་གླེང་གི་དགོངས་འཆར་ལྷུག་པོ་ཡོང་བ་མཁྱེན
བོད་ལ་བདེ་སྐྱིད་བྱུང་ན། རྒྱལ་པོ་ཨ་ནིས་བྱས་ཀྱང་འགྲིག
ཅོ་རི་ཉི་མ་ལགས་གཙང་ཞོལ་རྩོམ་ཡིག་དེ་ཁྱེད་ཀྱི་ཤམ་བྷའི་དྲ་ནང་ལ་བཀོད་ན་འགྲིགས་ཀྱི་རེད་གསུངས་གི་འདུག ཁོང་གི་ཁྱེད་ལ་ཐུགས་རྗེ་ཞུ་ཞེས་བརྗོད་ཀྱི་འདུག
འོ་བླ་མ་མཁྱེན། ངའི་མི་ཚེ་ནང་རྐུ་མ་དང་ཇག་པའི་མིང་ཡོད་མཁན་ཞིག་རང་གི་འགོ་ཁྲིད་ལ་མི་བསྐོས་སེམས་ཐག་ཡིན།
དྲ་གྲོགས་ཚོས་ཤེས་དགོས་པ་ཞིག་ལ། ང་ཚོའི་དབུ་ཁྲིད་དེ་མི་དམངས་ལ་ཕན་ཐོག་མཁན་ཞིག་ལས་རྒྱ་གཞུང་མི་དགའ་བས་རྒྱུ་མཚན་གྱིས་ང་ཚོས་དབུ་ཁྲིད་ལ་བསྐོས་ན་བྱི་བ་ལ་ངན་གྱིས་ཁང་པ་མེ་ལ་བསྲེགས་པའི་ལོ་རྒྱུས་དང་མཚུངས་པ་ཞིག་རེད།
xxxxxxxxxxxxx
དྲ་གྲོགས་ཚོ་ངོ་མ་འདི་ནི་ང་ཚོས་ངེས་པར་གཟབ་དགོས།
ཁ་བརྡ་ཚང་གི་ལས་བྱེད་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་ངེད་ཚོར་བསམ་ཚུལ་ལྷུག་པོ་བརྗོད་སའི་ཁོར་ཡུག་ཞིག་བསྐྲུན་པ་མ་ཟད། རང་གི་ཕ་མེས་ཀྱི་རིག་གཞུང་ལ་ཞབས་འདེགས་མི་དམན་པ་ཞིག་བཞུས་པར་ཕྲན་གྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཁ་བརྡ་ཚང་ལ་རེ་སྐུལ་ཞིག་ཞུ་འདོད་བྱུང་ཁྱེད་ཚོས་མཆན་ལ་ཞིབ་བཤེར་ནན་ཙམ་གནང་ནས་ཚིག་གང་བྱུང་འདིའི་ནང་མི་བཀོད་རོགས་གནོངས་ཞེས་རེ་བ་ཞུ་རྒྱུ་ཡིན།
དགའ་ལྡན་ལགས། ཁྭ་ཏ་མ་རེད་ཁ་བརྡ་རེད། བྱ་ཁྭ་ཏ་མ་རེད། སྐད་ཆའི་ཁ་བརྡ་རེད། དངོས་ཡོད་གནས་ཚུལ་ཡིན་ཚད་ཐམས་ཅད་འབྲི་དགོས་ན་དཀའ་ངལ་མ་རེད་དམ། ལྷག་པར་གང་ཟག་སྒེར་གྱི་སྐྱོན་ཆ་ཡོད་ཚད་ཁྱེར་ཡོང་ནས། དྲ་ཐོག་ཏུ་བཀོད་པ་ནི་མིའི་ཀུན་སྤྱོད་དང་མཐུན་གྱི་རེད་དམ།
ཁ་རུ་ཁ་ཐུག་ལ་ཁྭ་ཏ་དང་ཁ་བརྡ་བཟོ་བཅོས་གནང་བ་ཐུགས་རྗེ་ཆེ། དངོས་ཡོད་ཀྱི་གནས་ཚུལ་བཀོད་པ་དཀའ་ངལ་གང་ཡང་མེད་འདུག གཞན་པ་ཐེ་རྟོགས་མ་བྱེད་རོགས
ཡ་ཁྱོད་དགའ་ལྡན་པའི་དམ་སྲི་དེ་མིན་ནམ། ཨ་ལ་རྩེ་མོ་ཡིན། དགའ་ལྡན་བག་བྲོས་ག་རེ་བྱས་སོང༌། ཁྱོད་ཀྱིས་ག་རེ་བྱས་ཡོད། ཡང་ལྗིད་ཅིག་ཁྱོགས་དང༌།
ཁ་བརྡ་དྲ་དེབ་ཀྱི་ངོས་ནས་༼སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ་བ་ཡིན༽་ཞེས་མཆན་གྱི་ལམ་སྟོན་ནང་ཁ་གསལ་པོས་ཞུས་ཡོད།
མཆན་བུ་འདེབས་མཁན་ཚོས་དྲ་དེབ་ཀྱི་རྩ་འཛིན་འདིར་ངེས་པར་ཐུགས་སྣང་གནང་རོགས།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
ཁ་བརྡ་ཚང་ལ། དྲ་ལམ་འདི་ང་ཚོའི་བསམ་ཚུལ་ལྷུག་པོར་བརྗོད་སའི་དྲ་རྒྱ་ཡག་ཤོས་འདི་ཡིན། རྩོམ་སྒྲིག་པ་རྣམས་ལ་ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་ཡོད། གོང་དུ་ཕྲན་གྱི་མཆན་མི་སྒེར་ལ་དམོད་ཚིག་སྨྲས་པར་དགོངས་ཁྲོལ་ཞུ་ཆོག་པ་མཁྱེན།་
བསྟན་འཛིན་རྣམ་རྒྱལ་ལ་ཉམས་མྱོང་ཡོད་པ་བདེན་པ་རེད།
འོན་ཀྱང་མ་འོངས་གསར་བཏོད་ཀྱི་འཆར་གང་ཡང་མི་འདུག