–རྔ་བ་ཀུན་བཟང་།
དཔེ་དེབ་དང་སྨྱུག་ཁ་ནས་རྒས་སོང་བའི་རྩོམ་པ་པོ་དང་། རྒྱང་རིང་གི་སྤུན་ཟླ་རྣམ་པ། ཁྱེད་ཅག་བདེ་མོ་ཨེ་ཡིན། ང་ནི་མི་ལོ་ཉི་ཤུའི་གོང་ལ་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་མོ་དཀྱུས་མ་ཞིག་ཡིན་ལ། ད་ལྟ་རང་ཡུལ་བཞག་སྟེ་གཞན་ཡུལ་འགྲིམ་པའི་དཔེ་ཀློག་དང་རྩོམ་རིག་ལ་དགའ་བའི་བུད་མེད་སྣང་སྐྱིད་ཞིག་ཡིན་པའི་ཁུལ་ལགས་ན། རེད་ཡ། ཏག་ཏག་ཟླ་གཅིག་གོང་ལ་རྒན་ལགས་ཀྱིས་བལ་ཡུལ་ནས་སྐྱེས་སུ་བསྣམས་ཡོང་བའི་དཔེ་དེབ་<<གསོན་པོར་འཚོ་དུས།>>ཞེས་པ་རྒྱ་ནག་གི་རྩོམ་པ་པོ་ཡུས་ཧྭ་ཡི་དཔེ་ཆ་འདིའི་སྐོར་གྱི་དཔེ་ཀློག་གི་མྱོང་ཚོར་ཉུང་ཉུང་ཞིག་གླེང་འདོད། རང་ངོས་ཀྱི་བསམ་ཚོར་དང་མྱོང་བ་ཕྲན་ཙམ་བརྗོད་འདོད་པ་ལས། ང་ལ་རྒྱ་ནག་གི་རྩོམ་པ་པོ་དང་སྙན་ངག་གི་སྐོར་ལ་མཐོང་ཐོས་མྱོང་བ་སོགས་གང་ཡང་མ་མཆིས་མོད། འོན་ཀྱང་། མི་རེ་རེའི་མྱོང་ཚོར་དང་ལྟ་ཚུལ་མི་གཅིག་པས། གལ་ཏེ་ཀློག་པ་པོ་རེ་གཉིས་ལས་དེབ་འདི་ཀློག་འདོད་ཀྱི་བསམ་འདུན་ཞིག་བསྐྲུན་ཐུབ་ན།གུས་མོར་རེ་བ་དེ་ལས་གཞན་གང་ཡང་མེད།
རྩོམ་པ་པོ་ཡུས་ཧྭ་(༡༩༦༠)ནི་རྒྱ་ནག་གི་སྒྲུང་རིང་འབྲི་མཁན་གྲགས་ཅན་ཞིག་ཡིན་ལ། བརྩམས་སྒྲུང་འདི་ནི་ཕྱི་ལོ་༡༩༩༣ལོར་བྲིས་པའི་རྒྱ་ནག་ནང་གི་སྤྱི་ཚོགས་རིང་ལུགས་དང་སྐབས་དེའི་མི་མང་གི་འཚོ་བ་མཚོན་བྱེད་ཀྱི་དེང་གི་བརྩམས་ཆོས་ཤིག་ལ་ངོས་འཛིན་བྱས་པའི་ཁུལ་ཡིན། ཕྱི་ལོ་༢༠༢༡ལོར་བོད་ཀྱི་བུད་མེད་རྩོམ་པ་པོ་དང་སྐད་སྒྱུར་བ་རྣམ་རྒྱལ་སྒྲོལ་དཀར་གྱིས་བོད་ཡིག་ལ་བསྒྱུརའདུག། དེས་ན་བརྩམས་སྒྲུང་གི་དངོས་གཞིར་འཇུག་པར་བྱས་ན། <<གསོན་པོར་འཚོ་དུས་>>ཞེས་པའི་དཔེ་ཆ་འདི་ནི་ཁྱིམ་ཚང་གཅིག་གི་གནད་དོན་གཞིར་བཞག་ཐོག་ནས་བྲིས་པའི་བརྩམས་ཆོས་ཤིག་རེད་ལ།ནང་དོན་གྱི་ཆ་ནས་དུས་རབས་འདི་ལ་མི་ཚང་མས་ཁ་ཚ་དགོས་གཏུག་གི་ཀློག་དགོས་པའི་གནད་དོན་ཞིག་ཡིན་ཏེ། སྒྲུང་འདི་ཕྱུག་བདག་གི་ཁྱིམ་ཚང་ཞིག་གི་(fugue)ཡི་སྨད་འཚོང་ཁང་དང་ཤོ་སྦག་གཉིས་ལ་མགོ་འཁོར་ནས། མཐའ་མ་ཁྱིམ་གཞི་ཡོད་ཚད་སྟོང་ནས་རྩྭ་ཁང་ཆུང་ཆུང་ཞིག་གི་ནང་ལ་དུས་གསུམ་གྱི་ཟ་མ་ཡང་མེད་དུས། ད་གཟོད།<<གསོན་པོར་འཚོ་དུས་>>ཞེས་པའི་རིན་ཐང་དང་། རང་ཉིད་ཀྱི་འགྲོ་འདུག་ཀུན་སྤྱོད་ལ་འཁང་ར་ལངས་ཡང་། འཚོ་བ་ཟེར་བ་སྣམ་བུ་དཀར་པོའི་ཚོས་མདོག་ལྟར་གང་ལ་སྒྱུར་སྒྱུར་ཞིག་ག་ལ་ཡིན་ནམ། དེའི་ཕྱིར། ཁྱིམ་ཚང་གཅིག་གི་འཚོ་བ་ལས་བྱུང་བའི་དོན་དག་རེ་རེ་བརྒྱུད། རྩོམ་པ་པོས་ང་ཚོར་མི་རེ་རེའི་གསོན་པོར་འཚོ་དུས་ཀྱི་ཁ་ཕྱོགས་དང་། གོམས་སྲོལ། རྒྱལ་ཁ།ཕམ་ཁ།བདེ་སྐྱིད།སྡུག་བསྔལ་སོགས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བཏང་དགོས་པ་བསྟན་པར་སྙམ།ཡང་ཅིག་བཤད་ན། དེང་གི་མི་མང་པོ་ཞིག་གིས་གསོན་དུས་དང་འཆི་དུས་ཞེས་པའི་ཐ་སྙད་འདི་གཉིས་ལ་སྣང་ཆུང་བཏང་དྲགས་པ་མ་རེད་དམ། རྩོམ་པ་པོའི་བསམ་དོན་ནི།ངས་བལྟས་ན་དེ་ཙམ་མ་རེད།མི་ཡོད་ཚད་སྐྱེ་བ་ནས་བཟུང་མ་འཆི་བར། འཚོ་བའི་རིན་ཐང་ལ་ལྟ་ནོར་ཤོར་བའི་གནམ་གཤིས་སྒོན་བརྡ་བཏང་བ་རེད་ལ།འཚོ་བ་ནི་ཞིབ་ཅིང་ཕྲ་བ་ཞིག་ཡིན་པ་ལས། རྒྱུ་དང་། ཐོབ། གོ་གནས་སོགས་ཀྱི་གློ་བུར་བའི་འགྱུར་བ་བསླུ་ཁྲིད་ལས་རྒྱལ་བྱེད་མིན་པར་བཤད། མི་ཚེའི་མཚན་ཉིད་རིག་པ་ལས་བལྟས་ན། རྩམ་པ་ཁ་གང་དང་། འོ་ཇ་དཀར་ཡོལ་གང་ཁ་ལ་རེག་དུས་སྐྱིད་མི་ཚོར་མཁན་ཇེ་མང་ནས་ཇེ་མང་ཡིན་པས། བརྩམས་ཆོས་འདི་དུས་རབས་འདིའི་མི་རྣམ་གྱི་ཡོད་པ་ལ་མེད་པར་བསམ་པའི་གོམས་སྲོལ་འདི་ཉིད་ཉེན་ཁ་ཅན་ཞིག་ཡིན་པར་བརྗོད།
གཞན་ཡང་། བརྩམས་སྒྲུང་འདིའི་ནང་གི་མི་སྣ་གཙོ་བོ་གཅིག་(fugue)ཡི་ཆུང་མ་(fengxia)རེད། མོ་ནི་ཁྱིམ་ཚང་ཕྱུག་བདག་ཞིག་གི་བུ་མོ་གཅིག་པོ་དེ་ཡིན་ཡང་། བརྩེ་དུང་ཟེར་བའི་མགོ་རྔ་མེད་པའི་ཚོར་སྣང་དབང་གིས་ཁོང་ལ་ཆུང་མ་ཡོང་། དེང་གི་ཚན་རིག་པའི་བཤད་ན་མིའི་ལུས་སྟེང་དུ་རྫས་ཏའོ་པ་ཨན་དང་པེན་རྨང་ཨན་ཁ་བ་ལས་མི་དང་མིའི་བར་ན་བརྩེ་དུང་ཆགས་ཟེར། ངས་བལྟས་ན་ཁམས་དང་རྫས་ཙམ་ལས།བསམ་པའི་འདུ་ཤེས་སྟེང་དུ་གནས་པའི་དགོས་མཁོ་ཞིག་ལ་བརྩེ་དུང་ཟེར་ན་སེམས་ལྡན་གྱི་མྱོང་ཐུབ་བསམ། བརྩེ་དུང་ཡོད་ན་མི་སྐྱོན་ཅན་དུ་མི་མཐོང་ཟེར་བ་ལྟར། བརྩམས་ཆོས་འདིའི་ནང་ལ་ཆུང་མ་རང་ཉིད་ཀྱི་བཟའ་ཟླས་ཁྱིམ་གཞི་སྟོང་པར་བཟོས་ཀྱང་། ད་དུང་སྔར་བཞིན་ཁོང་ལ་དགའ་བ་མ་ཟད། ཁོང་མི་སྐྱོན་ཅན་ཞིག་ནམ་ཡང་མཐོང་གི་མེད། མི་ཆ་མེད་གཉིས་མི་གཅིག་ཏུ་འགྱུར་བའི་གོ་རིམ་ཁྲོད་དུ་རང་ཉིད་དགའ་ས་ཞིག་དང་མཐུན་ས་ཞིག་རྙེད་རྒྱུ་ནི་འཇིག་རྟེན་འདིའི་ཆེས་དཀའ་བའི་ལས་ཀ་ཞིག་ཡིན་པ་མོ་ལ་ངོས་འཛིན་གསལ་བོ་འདུག མོའི་བསམ་བློའི་ནང་རང་ཉིད་ཀྱི་ལུས་སེམས་མཐུན་པའི་མི་ཞིག་མཉམ་དུ་འཚོ་བ་རོལ་ཐུབ་ན་སྡེ་བ་གཞན་ལ་སློང་མོར་འགྲོ་དགོས་ཀྱང་། ངོ་ཚ་གང་ཡང་མེད་ཟེར་ནས།སྐབས་དེ་ལ་ཁྱིམ་ཚང་གང་ལའང་ཟ་རྒྱུ་འཐུང་རྒྱུ་མེད་དུས།མོས་རང་ཉིད་ཀྱི་བཟའ་ཟླའི་མི་ཤེས་ས་ནས་སྡེ་བ་གཞན་ལ་སློང་མོར་འགྲོ་བ་གྲངས་ལས་འདས། མཐའ་མ་མོ་ན་ནས་མལ་ས་ནས་ལངས་ཡ་མེད་དུས།སྐད་ཆ་དེ་འདྲ་ཞིག་བཤད། སྐྱེ་བ་འདི་ལ་ང་ཁྱེད་ཀྱི་ཆུང་མར་འགྱུར་བ་བསོད་ནམས་ཡིན།ད་ང་ཉིན་མང་པོ་གསོན་ཐབས་མི་འདུག འོན་ཀྱང་། སྐྱེས་བ་རྗེས་མ་ཡང་ང་ཁྱེད་ལ་ན་མ་ཡོང་འདོད་ཡོད།སྐད་ཆ་དེ་(fugue)ཡི་གོ་དུས་རང་ཉིད་སྙིང་ཁ་ལ་ན་ཟུག་བརྒྱབ་ཡང་ཁ་དཔེ་ལ།ཞི་མི་ཤོར་རྒྱབ་དཀར་ཁུང་རེད་ཟེར་བ་ལྟར། རྒྱུ་ནོར་སྤྱོད་པའི་རྣམ་དཔྱོད་དང་མིག་རྒྱ་མ་ཡངས་བས། ད་འཆི་ཁ་སླེབས་དུས་ཁོང་རང་གིས་མིག་ཆུ་ཐིག་པ་འགའ་བཏང་ཡ་ལས་ཐབས་གཞན་ག་ལ་ཡོད་དམ།
ཀློག་པ་པོ་མང་པོ་ཞིག་གིས་གོང་གི་སྐད་ཆ་འདི་ལ་གནས་ལུགས་ཆེན་པོ་མི་མཐོང་ན་ཐང་། ང་ལ་མཚོན་ན་ཀློག་མཚམས་འདི་ལ་སླེབས་དུས་མིག་ནས་མཆི་མ་ཤོར་ནས་མོ་ལ་ཡིད་མོས་ཤོར་སོང།རྒྱུ་མཚན་དེང་རབས་ཀྱི་སྤྱི་ཚོགས་ནང་ལ་ཆུང་མ་དེ་འདྲ་ཏག་ཏག་ཡོད་ན།ཨ་མ་མེད་པའི་དྭ་ཕྲུག་དང་། བཟའ་ཟླ་མེད་པའི་སྐྱེ་བུ་གྲངས་ཀ་དེ་འདྲ་ལ་གྱུར་སྲིད་དམ།
ནང་སྒོས་སུ། བརྩམས་སྒྲུང་འདིའི་ནང་ལ་མི་སྣའི་ཁ་བརྡའི་རྩོམ་གྱི་གྲུབ་ཆ་གཙོ་བོ་བཟུང་བས། བརྩམས་སྒྲུང་འབྲི་ཐབས་ཀྱི་ཆ་ནས་མི་དང་མིའི་གཤིས་ཀ་བཞེངས་བསྐྲུན་གྱི་ཐད་ལ་ལེགས་ཆ་ཆེན་པོ་མཐོང་། དཔེར་ན། དེང་གི་བརྩམས་ཆོས་དུ་མ་ཞིག་གི་ནང་ལ་མི་སྣའི་གཤིས་ཀ་དང་དེའི་ཁྱད་ཆོས་ཚད་བརྒལ་གྱིས་ཆ་མང་དྲགས་བ་དང་ཡང་ན་ཉུང་དྲགས་ན། བརྩམས་སྒྲུང་དང་འབྲེལ་བའི་སྐད་ཆའི་ཆུ་ཚད་དང་། བསམ་བློ། བརྗོད་དོན། བརྗོད་སྙིང་སོགས་ལ་ཀློག་པ་པོ་ཀུན་གྱི་གཏིེང་ཟབ་པའི་གོ་བ་ལེན་དཀའ་བ་སྨོས་མ་དགོས་པར་ཡིན་པས། ང་ཀློག་པ་པོ་དཀྱུས་མ་ཞིག་ལ་མཚོན་ན། བརྩམས་སྒྲུང་འདི་གོ་རྒྱུ་མེད་པའི་གཏམ་ཞིག་དང་། བཟའ་རྒྱུ་མེད་པའི་ལས་རྒྱུ་ཞིག་མིན་པར་ཚོར་རོ།།