འཇམ་དབྱངས་དཀར་པོ།
སྒྲུང་དེབ།
བདག་གིས་བཟོད་སྲན་ཆེན་པོས་ལ་རྩེ་དཔེ་མཛོད་ཁང་གི་ལས་འཆར་དུ་གཏོགས་པའི་འགྱུར་ ༡༠༨ གྱི་སྒྲུང་གཏམ་གྲགས་ཅན་<<ཁེངས་དྲེགས་དང་ཕྱོགས་ལྷུང་། Pride and Prejudice>> བཀླགས་གྲུབ་པར་བྱས། ཡིག་ནོར་གཅལ་དུ་བཀྲམས་ཤིང་། ཚིག་གི་སྦྱོར་བ་མི་བདེ་བའི་དཔེ་དེབ་འདི་ལྟ་བུ་ཞིག ཡིག་འབྲུ་གཅིག་ཀྱང་མ་ལྷག་པར་ཀློག་པ་ལ་ངེས་པར་དུ་བཟོད་སྒོམ་ཆེན་པོ་ཞིག་དགོས་པར་འདུག་པས། སྒྱུར་མཁན་མ་དང་རྩོམ་སྒྲིག་པའི་ངོས་ནས་ཀློག་པ་པོ་བདག་ལ་བཀའ་དྲིན་ཆེ་ཞུས་ཚེ་དང་དུ་ལེན་འདོད། སྒྲུང་གཏམ་འདི་ནི་དབྱིན་ཇིའི་རྩོམ་པ་མོ་གྲགས་ཅན་རྗན་ ཨུ་ས་ཊིན་(June Austen. 1775-1817) གྱིས་བརྩམས་ཏེ། སྤྱི་ལོ་ ༡༨༡༣ ཟླ་ ༡ ཚེས་ ༢༨ ཉིན་ཐོག་མར་པར་དུ་བསྐྲུན། ལོ་ཉིས་བརྒྱའི་རྗེས་ཀྱི་དེང་རབས་རྒྱལ་སྤྱིའི་དཔེ་དེབ་ཁྲོམ་རའི་ནང་དུ་ཡང་དེབ་གྲངས་ས་ཡ་ ༢༠ བྲིན་ཡོད་པར་མ་ཟད། དབྱིའི་ཇིའི་རྩོམ་རིག་ནང་གི་མཛེས་དཔྱོད་ཕུལ་དུ་བྱུང་བའི་སྒྲུང་དེབ་དང་། སྙན་གྲགས་ཆེ་བའི་སྒྲུང་དེབ། ནུབ་ཕྱོགས་རྩོམ་རིག་ནང་དེང་རབས་རྩོམ་རིག་རྩོམ་རྩལ་གྱི་ཤུགས་རྐྱེན་ཆེས་ཐེབས་པའི་སྒྲུང་དེབ་ཀྱི་གྲས་སུ་བདམས། དྲྭ་ཐོག་ནས་བཤད་པ་ལྟར་ན་སྒྲུང་དེབ་འདི་སྐད་ཡིག་མི་འདྲ་བ་ ༣༥ ཡི་ནང་བསྒྱུར་ཡོད་པ་དང་། བོད་ཡིག་ནང་གི་
ངོ་སྤྲོད་ལྟར་ན་སྐད་ཡིག་མི་འདྲ་བ་ ༥༠ ལྷག་གི་ནང་ལ་བསྒྱུར་ཡོད་པར་བཤད། གང་ལྟར་ཤེས་ལྡན་མ་ཨ་ཤུལ་ཚེ་རིང་སྐྱིད་ཀྱིས་བོད་ཡིག་ཏུ་བསྒྱུར་བ་འདི་སྐད་ཡིག་རིགས་ ༣༦ པའམ ༥༡ གང་རུང་ཡིན་པ་གོར་མ་ཆག བདག་གིས་ཚད་གཞིར་བཟུང་བའི་དབྱིན་དེབ་ལ་ཤོག་གྲངས་ ༢༥༤ འདུག་ཀྱང་། པར་ཁང་སོ་སོའི་ཇུས་འགོད་ཀྱི་དབང་གིས་ཤོག་གྲངས་མང་ཉུང་ཅུང་ཟད་རེ་ཡོད་འདུག བརྩམས་སྒྲུང་གྲགས་ཅན་འདི་གཞིར་བཟུང་ནས་བྱིས་པའི་བརྙན་དེབ་སྣ་ཚོགས་དང་། གློག་བརྙན། གཏམ་བརྗོད་སོགས་ཧ་ཅང་མང་ན་ཡང་། ནུབ་ཕྱོགས་སྤྱི་ཚོགས་ནང་སྒྲུང་དེབ་འདི་ལོ་ ༡༨ ཡན་ཆད་ཀྱིས་ཀློག་ཆོག་པ་ཞིག་རེད།
སྒྲུང་གི་མི་སྣ།
གྲལ་རིམ་མམ་འཚོ་གནས་དམའ་བའི་སྐུ་ཞབས་བྷེན་ནད་དང་སྐུ་སྐྱེས་མ་བྷེན་ནད། ཁོ་གཉིས་ཀྱི་བུ་མོ་ལྔ། ཕྱུག་བདག་གི་བུ་ཌར་སི་དང་ཁོའི་གྲོགས་པོ་བྷིང་ལེ། ཁོང་ཚང་གི་གཉེར་བའི་བུ་ཝིག་ཁམ། ད་དུང་ཌར་སིའི་ཨ་ནེ་ལྕམ་ཁ་ཐེ་རིན། ཁ་ཐེ་རིན་གྱིས་དགོས་དབང་གིས་བདག་ཉར་བྱས་པའི་ཆོས་འཆད་པ་ཁོ་ལིན་སི་བཅས་ནི་མི་སྣ་གཙོ་བོ་དག་རེད། རྩོམ་པ་པོས་གཤིས་ཀ་དང་འཚོ་བ་ལ་འདུ་ཤེས་འཛིན་སྟངས་མི་འདྲ་བའི་མི་སྣ་འདི་དག་རྟོག་བཟོ་བྱས་ཏེ། སྐབས་དེའི་དབྱིན་ཇིའི་སྤྱི་ཚོགས་ཀྱི་གནས་བབ་ལ་འགྲེལ་བརྗོད་དང་། ཕྱོགས་མང་པོ་ཞིག་ལ་བཅོས་བསྒྱུར་བྱེད་དགོས་པའི་བསམ་ཚུལ་བསྟན་ཡོད་པས། སྐབས་དེའི་སྤྱི་ཚོགས་ལ་རྒྱུས་ལོན་བྱེད་པར་བརྩམས་སྒྲུང་འདི་ཧ་ཅང་གལ་ཆེ། བརྩམས་སྒྲུང་ནང་གི་མི་སྣ་གལ་ཆེན་དག་གི་གཤིས་ཀ་རགས་རིམ་ཞིག་ཤེས་ན་སྒྲུང་སྤྱིའི་སྒྲོམ་གཞི་བློ་ལ་འཆར་ངེས་ཡིན། ཀློག་པ་པོ་རང་ཉིད་ལ་མཚོན་ན་ཆེས་ཧང་སང་བ་ནི་ཕ་མ་མི་གཅིག་པའི་སྤུན་མཆེད་ཕོ་མོ་རྣམས་ཕན་ཚུན་གཉེན་སྒྲིག་བྱེད་སྲོལ་ཡོད་པ་དེ་རེད།
སྐུ་ཞབས་བྷེན་ནད་ནི་ཁུ་སིམ་མེར་དཔེ་ཀློག་ལ་དགའ་བ་ལས། ཕྱོགས་ཡར་མར་ལ་ཇུས་གཏོགས་བྱེད་རྒྱུར་མི་དགའ་བར་མ་ཟད། རང་གིས་འབད་བརྩོན་རྩོལ་སྒྲུབ་བྱས་པའི་འཚོ་བ་ལས། དྲང་བདེན་དང་ཚུལ་མཐུན་མིན་པའི་རྙེད་པ་ལ་ཧམ་སེམས་མི་འཆང་། ད་དུང་མི་དང་མིའི་བར་གྱི་ཐག་གཅོད་ལ་ཧ་ཅང་ནན་ཏན་བྱེད་པའི་རྒད་པོ་ཞིག་ཀྱང་རེད།
ཁོའི་བཟའ་ཟླ་བྷེན་ནད་ནི་དེ་ལས་ལྡོག་སྟེ། གཞན་གྱི་འབྱོར་བ་ཅི་ཙམ་རྒྱས་ན་རང་ཉིད་ལ་ཡང་དེ་ལྟར་ཡོད་ན་ཆོག་པར་འདོད་པ་དང་། ཁོང་ཚང་ལ་ངོམ་འོས་པའི་དོན་བྱ་ཅི་ཞིག་བྱུང་ན། སེམས་ཐག་ཉེ་བའི་ཁྱིམ་མཚེས་རྣམས་ལ་མ་བཤད་ཚེ་ཁ་ལ་ཟ་འཕྲུག་ལངས་ནས་སྡོད་མི་ཚུགས་པའི་བུད་མེད་ཅིག་ཡིན། བུ་མོ་ལྔ་ལ་སོ་སོའི་འཚོ་བ་འགན་ལེན་བྱེད་ཐུབ་པའི་ཁྱོ་ག་རེ་རེག་རྒྱུ་དེ་མོའི་དམིགས་ཡུལ་གཙོ་བོ་ཡིན་པ་དང་། བུ་མོ་ལྔ་ལ་འབྱོར་ལྡན་གྱི་ཁྱོ་ག་རེ་བཙལ་ཏེ། མོས་འཕྱོར་གོས་གྱོན་ནས་གྲོང་པ་ཁྱིམ་མཚེས་ལ་ངོམ་ངོམ་འཕྱར་འཕྱར་བྱེད་རྒྱུ་དེ་སེམས་ཕུགས་ཀྱི་རྨི་ལམ་རེད།
བུ་མོ་རྒན་པ་ཇེན་དང་ཨ་ལི་བཟའ་བྷེད་གཉིས་ནི་བྱ་བ་གང་ལ་ཡང་གཟབ་ནན་ཡིན་པ་དང་། རང་བཞིན་བཟང་བ། སྤྱོད་ལམ་ལེགས་པ། སེམས་རྒྱུད་དྲང་བ། དྲང་བདེན་པ་དགའ་བ། ལས་དོན་སྔ་ཕྱིར་འདང་ཕོག་པ། ཤེས་རབ་བཀྲ་བ་སོགས་ཡིན་པར་མ་ཟད། ཇེན་གྱི་ཡག་མོ་སྒོ་ལ་ཀུན་གྱིས་ཡིད་སྨོན་བྱེད་ཅིང་། ཨ་ལི་བཟའ་བྷེད་ཀྱི་རྣམ་པ་ཡང་ཕུན་སུམ་ཚོགས་ཤིང་ཨ་ཕའི་གཅེས་ཕྲུག་ཡིན། བུ་མོ་འདི་གཉིས་ཀྱིས་སོ་སོས་སྐད་ཆ་ཅི་ཞིག་བཤད་ཀྱང་འོས་འཚམ་ཡིན་མིན་གྱི་དབྱེ་གསེས་བྱེད་པར་མ་ཟད། གཞན་གྱིས་བཤད་པའི་སྐད་ཆ་ལས་ཅི་ཞིག་འགྲིག་དང་མི་འགྲིག གང་ཞིག་གསང་བར་ཉར་དགོས་པ་ལ་ཡིད་གཟབ་བྱེད་པས། ཁོ་གཉིས་ཀྱི་སེམས་ན་ཁྱིམ་མི་གཞན་གྱིས་མི་ཤེས་པའི་གསང་བ་གང་མང་ཞིག་སྦས་ཡོད། གསང་བ་བཤད་ས་ལ་ཧ་ཅང་འཚམ་པའི་གཞོན་ནུ་མ་གཉིས་ཡིན།
ལི་ཌི་ཡ་ནི་སྐུ་ཞབས་བྷེན་ནད་ཀྱི་བུ་མོ་ཆུང་ཤོས་དེ་ཡིན་ལ། དགའ་རོགས་ཝིག་ཁམ་དང་མཉམ་དུ་ལོན་ཊོན་ལ་བྲོས། ཝིག་ཁམ་དམག་མི་དཀྱུས་མ་ཞིག་ཡིན་ན་ཡང་། ཕོ་གསར་རྫིག་པོ་ཡིན་ཁར་སྐད་ཆ་བཤད་མཁས་པས། སྐྱེས་ཕོ་མོ་སུ་འདྲ་ཞིག་ཡིན་ཡང་འཕྲལ་དུ་འགུག་ཐུབ་པའི་ནུས་པ་ལྡན། ཁོ་རང་འཆལ་སྤྱོད་དང་རྒྱན་རྩེད་ལ་ངན་ལོབས་སུ་སོང་སྟེ། བུ་ལོན་གྱིས་རྐུབ་རུལ་བའི་མི་ཚུལ་འཆོས་ཅན་ཞིག་ཡིན་ན་ཡང་། ཁོ་དེ་ལྟ་བུ་ཞིག་ཡིན་པ་ལ་རྒྱུས་ཡོད་ཆེ་ཤོས་ནི་ཌར་སི་དང་ཁོའི་གྲོགས་པོ་བྷིང་ལེ་ཙམ་ཡིན། ཁོ་གཉིས་ཀྱིས་སྔར་ནས་ཝིག་ཁམ་གྱི་སྐྱུག་བྲོ་བའི་བྱ་སྤྱོད་ལ་འབྲེལ་ཐག་གཙང་མར་བཅད་ཡོད། ལི་ཌི་ཡ་ལོ་བཅུ་དྲུག་ལ་སོན་མ་ཐག་བྲོས་སྟབས་ཀྱིས་སོང་ནས་ཝིག་ཁམ་ལ་གཉེན་སྒྲིག་པ་དེར་གཉེན་ཉེ་འགས་”འཁྲིག་སྤྱོད་ལས་ཕུགས་བསམ་མེད་པའི་འཆལ་པོ་གཉིས་”ཞེས་འཕྱ་དམོད་བྱེད། མ་གཞི་མོ་རང་དུས་རྒྱུན་ལོང་བྷོན་གྱི་ཐག་ཉེར་ཡོད་པའི་ཁྲོམ་གྱི་ཟ་ཁང་དང་ཆང་ཁང་། མཚན་ཚོགས་ཁང་དུ་སོང་ནས་དམག་མི་རྣམས་ལ་འཕྲུལ་བཤད་པ་དང་འཆལ་སྤྱོད་ལ་གོམས་པ་དེ་ནམ་ཡང་འགྱུར་མེད།
ཁི་ཋི་ཡང་ཐོག་མར་ལི་ཌི་དང་འདྲ་བར་དམག་མི་རྣམས་དང་ལྷན་དུ་འཆལ་སྤྱོད་ཀྱི་ལམ་ཁར་ཞུགས་ཡོད་ཀྱང་། རྗེས་སུ་གཅེན་མོ་ཨ་ལི་བཟའ་བྷེད་ཀྱི་མཉམ་དུ་བསྡད་པས་རིམ་བཞིན་བུ་མོ་ཡ་རབས་སྤྱོད་བཟང་ཞིག་ཏུ་གྱུར།
བུ་མོ་མེ་རི་གཅིག་པུ་ཁྱིམ་དུ་ལྷག་ཡོད་པས་སྐུ་སྐྱེས་མ་བྷེན་ནད་མེ་རི་དང་ལྷན་དུ་སྤྲོ་འཆམ་དང་རུ་ཉུལ་ལ་སོང་ནས་སྣང་བ་གཡེང་གི་ཡོད་ཀྱང་། སྐུ་ཞབས་བྷེན་ནད་ཀྱིས་དཔེ་ཁང་ནང་གཅེས་ཕྲུག་མ་ཨ་ལི་བཟའ་བྷེད་དྲན་བཞིན་ཁེར་རྐྱང་གི་ཚོར་བར་བཞིན་ཡོད།
ཌར་སི་ནི་ཕྱུག་བདག་ཅིག་གི་བུ་ཡིན་ཁར་ལོ་རེར་ཡོང་འབབ་མང་བ་དང་། ས་གནས་གང་སར་གཞིས་ཀ་ཡོད་པའི་འབྱོར་ལྡན་ཞིག་ཡིན། ཁོ་ནི་ཁྱིམ་ཚང་དེའི་བུ་གཅིག་པུ་དེ་ཡིན་པས་ངན་ལང་གི་གཤིས་ཀ་ཡོད་ཐོག སྨྲ་བ་ཉུང་ཞིང་སྒམ་ཚུགས་ཆེ་བས་གཤིབ་མི་བདེ་བ། མཐོ་རིམ་ཁྱིམ་རྒྱུད་ཀྱི་སྲས་ཡིན་པའི་སྙེམས་པ་ཆེ་བ། གྲལ་རིམ་དམའ་བོ་རྣམས་ལ་ཐད་ཀར་མཐོང་ཆུང་དང་འཕྱ་དམོད། ཁྱད་གསོད་བྱེད་པས་ཁོང་ལ་དགའ་བོ་བྱེད་མཁན་ཉུང་། འོན་ཀྱང་སྐུ་ཞབས་བྷིང་ལེས་ཁོག་པ་ཆེན་པོ་བྱས་ཏེ་ཌར་སི་ལ་བསྟུན་མཁས་དང་བརྩི་འཇོག་བྱས་ནས་བློས་ཐུབ་ཀྱི་གྲོགས་པོར་གྱུར་ཐུབ་པ་དེ་མི་མང་པོས་བློ་ཡུལ་ལས་འདས། དོན་ངོ་མར་བཤད་ན་སྐུ་ཞབས་ཌར་སིའི་ཕྱིའི་མཐོང་སྣང་དེ་འདྲ་ཞིག་ཡིན་ཡང་། ནང་སེམས་ཁམས་ཀྱི་ཆ་ནས་བཤད་ན་ཧ་ཅང་གི་མི་སེམས་བཟང་ཞིག་དང་། ཐུབ་ཚོད་ནུས་ཚོད་ཀྱིས་གཞན་ལ་རོགས་རམ་བྱེད་པའི་ཕོ་རབ་ཅིག་ཡིན།
བྷིང་ལེ་ནི་ཌར་སིའི་བློས་ཐུབ་ཀྱི་གྲོགས་པོ་གཅིག་པུ་དེ་ཡིན་ཁར། ཡ་རབས། གཞུང་དྲང་། གཏམ་བཤད་ལ་མཁས་པ། ཕོ་སྒོ་ལེགས་པའི་ཕྱུག་བདག་ཞིག་ཡིན་པས། ཁོའི་བཟའ་ཟླར་གྱུར་ན་ཅི་མ་རུང་སྙམ་པའི་རྨི་ལམ་རྨི་མཁན་གྱི་བུ་མོ་ཧ་ཅང་མང་། གྲོགས་པོ་དེ་གཉིས་ཀྱི་གཤིས་སྤྱོད་རྦད་དེ་ཐ་དད་ཡིན། ཝིག་ཁམ་ནི་ཌར་སི་ཚང་གི་གཉེར་བའི་བུ་ཡིན་པ་དང་། ཁོའི་ཕ་གྲོངས་རྗེས་ཌར་སིའི་ཨ་ཕས་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་བཞིན་བསྐྱངས་ཏེ་ནར་སོན། ཁོ་རང་སློབ་མཐར་ཕྱིན་པ་དང་སྤྱོད་པ་འགྱུར་ཏེ་འཆལ་སྤྱོད་སོགས་བག་མེད་ལ་གོམས་པས་ཌར་སི་ཨུ་ཐུག་ནས་འབྲེལ་ཐག་བཅད།
ལྕམ་ཁ་ཐེ་རིན་ནི་ཁྱོ་ག་གྲོངས་ཟིན་པའི་ཕྱུག་བདག་ཅིག་དང་། ས་གནས་ཀྱི་ཁྲིམས་དཔོན་ཞིག་ཡིན་པས་སྐྲག་མཁན་དང་བཀུར་མཁན་མང་ལ། མོ་ཡང་མོའི་དབང་ཚད་ཀྱིས་ཁྱབ་པའི་ཁོར་ཡུག་ཡོད་ཚད་ལ་ཇུས་གཏོགས་བྱེད་རྒྱུར་དགའ་ཞིང་། ཇུས་གཏོགས་བྱེད་ངེས་ཀྱང་ཡིན། དེ་ཙམ་གྱིས་ག་ལ་ཚད་དེ་གནམ་འོག་སྐྱེ་འགྲོ་ཡོད་ཚད་སྐུ་དྲག་གི་ཁྱིམ་རྒྱུད་ལ་དབང་བ་དང་། གྲལ་རིམ་དམའ་བའི་སྤྱི་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་སྐུ་དྲག་ཁྱིམ་རྒྱུད་ཀྱི་བཀོད་ཁྱབ་ལས་འདའ་མི་རུང་བའི་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཞིག་ཡིན།
ཁོ་ལིན་སི་སྐུ་ཞབས་བྷེན་ནད་ཀྱི་ཚ་བོ་དང་། ཡི་ཤུའི་ཆོས་འཆད་མཁན་ཞིག་ཡིན། ཁོས་བྷེན་ནད་ཀྱི་བུ་མོ་རྒན་པ་ཨ་ལི་བཟའ་བྷེད་ལ་གཉེན་བསླངས་ཀྱང་མོས་མཐའ་གཅིག་ཏུ་ཁས་མ་བླངས། ཁོ་ལིན་སིས་སྤྱི་ཚོགས་དང་སྲང་ལམ། ཁྱིམ་རྒྱུད་ཀྱི་དོན་རྐྱེན་ཆེ་མ་ཆུང་གསུམ་ཚང་མ་ཁ་ཐེ་རིན་ལ་ཡར་ཞུ་བྱེད་པ་དང་། ཁ་ཐེ་རིན་ལ་ཁ་ཡག་ངོ་དགའ་བྱས་ཏེ་མགུ་བར་བྱེད། རྒྱུ་མཚན་ཁ་ཐེ་རིན་ངོ་དགའ་སྤྲེལ་ལད་ལ་དགའ་བའི་བུད་མེད་ཅིག་ཡིན་པ་ཁོས་ཧ་ཅང་གསལ་བོ་ཤེས་ཡོད།
སྒྲུང་དོན
<<ཁེངས་དྲེགས་དང་ཕྱོགས་ལྷུང་>>གིས་ལོ་ཉིས་བརྒྱའི་གོང་གི་དབྱིན་ཇིའི་གྲལ་རིམ་དབྱེ་འབྱེད་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད། སྐུ་ཞབས་ཌར་སི་དང་ཁོའི་ཨ་ནེ་ཁ་ཐེ་རིན་གཉིས་གྲལ་རིམ་མཐོ་བའི་སྐུ་དྲག་གི་ཚབ་མཚོན་དང་། སྐུ་ཞབས་བྷེན་ནད་ཚང་གིས་གྲལ་རིམ་དམའ་བོའི་སྤྱི་ཚོགས་མཚོན་ཐབས་བྱས་ཡོད་པར་མ་ཟད། ཁོ་ལིན་སིས་སྐུ་དྲག་གི་ངོ་སོ་སྲུང་སྟེ། གྲལ་རིམ་དམའ་བའི་སྤྱི་ཚོགས་ནང་གི་གནས་ཚུལ་ཆེ་ཕྲ་རྣམས་ཡར་ཞུ་བྱེད་མཁན་གྱི་མི་ཧུར་བརྩོན་ཅན་ཞིག་མཚོན་པར་བྱས་ཡོད། ཌར་སི་ལ་མཚོན་ལ་ནོར་གྱིས་ཕོངས་པ་མེད་ཅིང་། ཕོ་སྒོ་ལེགས་པའི་ཕོ་རབ་ཅིག་ཡིན་ན་ཡང་། གྲོང་གསེབ་ལ་ཡོང་བའི་ཆེས་ཐོག་མའི་མཚན་ཚོགས་ཀྱི་དགུང་མོར་ཞིང་གྲོང་གི་བུ་མོ་མཛེས་མ་ཧ་ཅང་མང་ན་ཡང་། ཌར་སིས་”དེ་དག་ནི་མཛེས་སྡུག་དང་བཟོ་ལྟ་གང་ཡང་མེད་པའི་གྲོང་གསེབ་པ་ཁྱུ་གཅིག་ཡིན་པ་དང་། ཁོ་རང་དེ་ཚོ་ལ་མོས་པ་ཏིལ་འབྲུ་ཙམ་ཡང་མེད་”པར་མ་ཟད། “ཇེན་ནི་མཛེས་མ་ཡིན་པར་ཁས་ལེན་ཡང་མོ་རང་འཛུམ་རྒྱུ་མང་དྲགས་འདུག་”ཅེས་མཐའ་གཅིག་ཏུ་གྲོང་གསེབ་ཀྱི་བུ་མོ་རྣམས་ལ་མཐོང་ཆུང་དང་འཕྱ་དམོད་བྱས། སྐབས་ཤིག་ཁོས་སྐུ་ཞབས་བྷེན་ནད་ཚང་གི་བུ་མོ་རྒན་པ་ལ་”ཁྱོད་ཀྱི་ཨ་མའི་ཁྱིམ་རྒྱུད་ལ་ཡི་རངས་པ་ཞིག་མ་ཡིན་མོད། འོན་ཀྱང་དེ་ཁྱོད་ཀྱི་ནང་མི་ཚོའི་ཚུལ་མིན་གྱི་སྤྱོད་ལམ་དང་བསྡུར་ན་གང་ཡང་མ་རེད་”ཅེས་ཁྱིམ་རྒྱུད་དང་ཁྱིམ་མིའི་སྤྱོད་ལམ་ཚང་མར་དམའ་འབེབས་བྱས། ཚིག་གང་རྩུབ་ཀྱིས་གྲོང་གསེབ་ན་དྲང་བདེན་དང་ཀུན་མཐུན་གྱི་འཚོ་བར་རོལ་བའི་བུ་མོ་ཞིག་ལ་དེ་ལྟར་ངོ་མཚང་འདྲུ་བ་ལས། མཐར་ཌར་སི་རང་ཉིད་བུ་མོ་དེ་ལ་སེམས་ཤོར་བ་དང་གཉེན་སྒྲིག་རྒྱུ་ཡིན་པ་སྣང་བའི་ཡུལ་ལ་འཁོར་མེད། ཡང་ལྕམ་ཁ་ཐེ་རིན་གྱིས་”སྐྱེ་ཁུངས་དམའ་ལ་སྤྱི་ཚོགས་ཀྱི་གོ་གནས་དང་ཁྱིམ་རྒྱུད་གང་ཡང་མེད་པའི་བུ་མོ་ཁྱོད་” ཅེས་དང་། “ཁྱིམ་རྒྱུད་དང་། ཐོབ་གོ་ས། རྒྱུ་འབྱོར་བ་གང་ཡང་མེད་པའི་གཞོན་ནུ་མ་རང་སྣང་མཐོན་པོ་ཅན་ཁྱོད་” ཅེས་ཨེ་ལི་བཟའ་བྷེད་ལ་ངོ་མཚང་དྲུས་པ་དེས། སྐབས་དེའི་གྲམ་རིམ་བར་གྱི་འཐབ་རྩོད་དང་དབྱེ་འབྱེད་མཚོན་པ་དང་། ཨེ་ལི་བཟའ་བྷེད་ཀྱིས་ལྕམ་ཁ་ཐེ་རིན་ལ་གདོང་དང་གདོང་ཐུག་ནས་ཁ་འཛིང་དང་རྒོལ་ལན་སློག་པ་དེས། གྲམ་རིམ་དམའ་བ་ཚོས་རང་ཚུགས་བཟུང་སྟེ་སྐུ་དྲག་གི་ཁྱིམ་རྒྱུད་ལ་ཁ་གཏད་གཅོག་དགོས་པའི་བརྡ་བསྟན་ཡོད། ཕན་ཚུན་མགོ་མ་སྒུར་བར་ཟླ་ཐོག་ལ་ཟླ་བརྩེགས་ཏེ་དུས་ཚོད་རིམ་སོང་གིས་ཌར་སི་ལྷག་བསམ་རྣམ་དག་གིས་ཨེ་ལི་བཟའ་བྷེད་ལ་སེམས་ཤོར། ཌར་སིས་”གྲོང་གསེབ་”པའི་བུ་མོ་ཞེས་འཕྱ་དམོད་དང་ངོ་མཚང་དྲུས་མྱོང་བའི་ཨེ་ལི་བཟའ་བྷེད་མིག་ལམ་ནས་ཇེ་མཛེས་དང་ཇེ་ཡག་ཏུ་སོང་ནས། མོའི་ཆེད་དུ་ཅི་ཡང་བློས་གཏོང་ཐུབ་པའི་བརྩེ་དུང་གི་བྲན་གཡོག་ཅིག་ཏུ་གྱུར་པ་དེས། གྲལ་རིམ་དམའ་བའི་སྤྱི་ཚོགས་ནི་སྐུ་དྲག་མི་དྲག་ཚོས་བྱོལ་སོང་ཁྱུ་ཞིག་ཏུ་མཐོང་ཞིང་བརྩི་བ་དེ་ལྟ་ཞིག་མིན་པར། གཞི་རིམ་མང་ཚོགས་ལ་ཁྱད་ཆོས་དང་དགེ་མཚན་ཡོད་ཐོག གྲལ་རིམ་མཐོ་དམའི་བར་གྱི་འགལ་ཟླ་སེལ་ནས་འཆམ་མཐུན་ཡོང་བར ཕན་ཚུན་གོ་བརྡ་སྤྲད་དེ་ཉན་ཤེས་གོ་ཤེས་བྱེད་དགོས་པ་དང་། གྲལ་རིམ་མཐོ་དམའི་བར་འཆམ་མཐུན་ཡོང་བར་དུས་ཚོད་ངེས་ཅན་འགོར་བའི་གནས་ལུགས་མཚོན་ཡོད། སྐབས་ཤིག་ཌར་སིས་བརྩེ་དུང་གི་སེམས་ཚོར་ནོན་མ་ཐུབ་པར་ཨེ་ལི་བཟའ་བྷེད་ལ་ཁོའི་ཆུང་མ་བྱེད་རྒྱུའི་ཞུ་བ་ཐེངས་གཅིག་འཐེན་ཡང་། ཨེ་ལི་བཟའ་བྷེད་ཀྱིས་”ངས་ཐོག་མར་ཁྱོད་རང་མཐོང་བའི་མོད་ལ་ཁྱོད་ཀྱི་སྤྱོད་ལམ་གྱིས་ཁྱོད་ནི་མི་ཁེངས་དྲེགས་ཅན་དང་། རང་རློམ་ཅན། གཞན་གྱི་ཚོར་བ་ལ་ཁྱད་གསོད་གཏོང་བའི་མི་སྒེར་སེམས་ཅན་ཞིག་ཡིན་པའི་བག་ཆགས་ཟབ་མོ་བཞག་བྱུང་། དེ་དག་ནི་ང་ཁྱོད་ལ་སྡང་བའི་རྨང་གཞི་ཡིན་”ཞེས་དང་། “ཁྱོད་ནི་འཇིག་རྟེན་འདིར་ཕོ་ཟད་ཀྱི་མཐའ་ལ་ཐུག་ན་ཡང་ང་རང་གཉེན་སྒྲིག་བྱེད་འདོད་ཀྱི་སྐྱེས་པ་དེ་ནི་ཡིན་མི་སྲིད་”ཅེས་ཚིག་རྩུབ་སྣ་ཚོགས་བཤད་དེ་ཌར་སིའི་བརྩེ་དུང་ལ་ཁ་ཡ་མ་བྱས་པ་དེས། གྲལ་རིམ་དམའ་བའི་སྤྱི་ཚོགས་ཀྱིས་རང་ཚུགས་བརྟན་པོར་བཟུང་ནས། སྐུ་དྲག་རིང་ལུགས་ལ་ཁ་གཏད་གཅོག་དགོས་པའི་བརྡ་བསྟན་ཡོད།
ཨེ་ལི་བཟའ་བྷེད་ཀྱིས་ཌར་སི་ལ་གཤེ་གཤེ་ཅི་ཙམ་བཏང་ཡང་། ཌར་སི་ཁ་ཐུག་དེར་རླུང་ལངས་ན་ཡང་ཉིན་ཤས་རྗེས་འཁོན་སེམས་མེད་པར་ཨེ་ལི་བཟའ་བྷེད་ལ་ཐུག་ཏུ་ཡོང་། ཌར་སི་ལ་དཔལ་འབྱོར་ཡོད་པས་མ་ཚད་རྣམ་དཔྱོད་བཀྲ་ཞིང་འབྲེལ་ལམ་ཟབ། སྐབས་ཤིག་སྐུ་ཞབས་བྷེན་ནད་ཚང་གི་དཀའ་ངལ་ཆེན་པོ་ཞིག་རང་སེལ་དུ་སོང་བར་ཨེ་ལི་བཟའ་བྷེད་ཧང་སང་ན་ཡང་། དོན་ངོ་མར་མོའི་ཞང་བཟའ་མས་དེ་དག་ཡོད་ཚད་ཌར་སིའི་བཀའ་དྲིན་ཡིན་པའི་གསལ་བྱེད་ཀྱི་ཡི་གེ་རིང་པོ་དེ་མ་འབྱོར་བར་སུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། སུ་ལ་བཀའ་དྲིན་ཆེ་ཞུ་དགོས་མིན་ཤེས་ཀྱི་མེད། བརྩམས་སྒྲུང་འདིའི་ནང་ཌར་སིའི་ཕོ་ལོ་ཉི་ཤུ་ལྷག་གི་རང་སྙེམས་ཀྱི་རང་གཤིས་བསྒྱུར་ནས། སྔར་གྲལ་རིམ་དམའ་བོ་དང་གྲོང་གསེབ་པ་ཞེས་མཐོང་ཆུང་དང་ཁྱད་གསོད་བྱ་སའི་མི་དེ་དག་ལ་གང་ཐུབ་ཀྱིས་འབྲེལ་འདྲིས་དང་མཐུན་ལམ་བཙུགས་པ་དེས། གྲལ་རིམ་མཐོ་བའི་སྐུ་དྲག་དང་འབྱོར་བ་ཞན་པའི་དབུལ་པོ་ནི་རྒྱུ་འབྱོར་བ་མང་ཉུང་གི་ཁྱད་ཙམ་ལས། མི་གཤིས་དང་རྣམ་དཔྱོད། བཟང་སྤྱོད་སོགས་ལ་ཁྱད་ཅི་ཡང་མེད་པར་བསྟན་པ་ལས་གཞན། ཌར་སི་སྐུ་ཞབས་བྷེན་ནད་ཚང་གི་བུ་མོ་ཨེ་ལི་བཟའ་བྷེད་ཀྱི་བརྩེ་དུང་ནང་ལྷུང་ན་ཡང་། ཁོ་གཉིས་ཀྱིས་གྲལ་རིམ་གཉིས་ཀྱི་ཕྱོགས་བཟུང་ནས་ཕན་ཚུན་གྱི་སྙིང་ལ་ཕོག་པའི་ཚིག་དང་། སྐྱོན་མཚང་གང་མང་སྔོག་རེས་བྱས་པའི་ནང་”སྐུ་ཞབས་ཌར་སི་ལགས། གལ་སྲིད་ཁྱོད་ཀྱིས་གུས་ལུགས་ཅུང་ཙམ་ཤེས་ན་ངས་ཁྱོད་རང་གི་རེ་འདུན་གཅུད་དུ་བོར་རྗེས། ཁྱོད་རང་ཅུང་ཙམ་བག་མི་བདེ་བ་ཚོར་ངེས་རེད་”ཅེས་སྡིགས་དམོད་བྱས་པའི་གཏམ་དེའི་ནང་ནས། ” ཁྱོད་ཀྱིས་གུས་ལུགས་ཅུང་ཙམ་ཤེས་ན་”ཞེས་ཁྱད་གསོད་བྱས་པ་དེས། སྐུ་ཞབས་ཌར་སི་ཡེར་སེ་བཏང་ནས་བསམ་བློ་སྔ་ཕྱི་མང་པོ་གཏོང་དགོས་པར་གྱུར། དོན་ངོ་མར་ཚིག་དེས་དབྱིན་ཇིའི་སྐུ་དྲག་དང་མཐོ་རིམ་མི་སྣ་ཚོ་གཞི་རིམ་མང་ཚོགས་དང་། མང་ཚོགས་ཀྱི་འཚོ་བ་ལ་གུས་ལུགས་མེད་པ་བསྟན་ཡོད།
སྐུ་དྲག་གི་སྲས་ཡིན་པའི་ཌར་སིས་རང་ལ་དྲིན་ཆེ་བའི་ཨ་ནེ་ཁ་ཐེ་རིན་གྱི་ཁ་ཏ་སློབ་གསོ་ལ་ཡང་མ་ཉན་པར། སྐུ་ཞབས་བྷེན་ནད་ཚང་གི་བུ་མོ་ཨེ་ལི་བཟའ་བྷེད་ལ་གཉེན་སྒྲིག་པ་དེས། སྐུ་དྲག་རྣམས་ཀྱིས་གཞི་རིམ་སྤྱི་ཚོགས་ལ་བསྟུན་ཏེ། མི་སེར་དཀྱུས་མའི་ནང་འདྲིས་ཐུབ་པར་མཚན་སྙན་དང་། མི་ཁ། ཁྱིམ་ཚང་གི་ཆེ་མཐོང་སོགས་མང་པོ་ཞིག་བློས་གཏོང་དགོས་པའི་དོན་དངོས་བསྟན་ཡོད་པར་མ་ཟད། ཕྱུག་བདག་ཌར་སི་དང་ཨེ་ལི་བཟའ་བྷེད་གཉིས་སྣང་བ་མཐུན་པའི་བཟའ་ཚང་དུ་གྱུར་པ་ནས། མི་སྨོན་རང་སྐྱིད་ཀྱི་འཚོ་བར་རོལ་བ་དེས། སྐུ་དྲག་དང་གཞི་རིམ་མང་ཚོགས་བར་ཡིད་ཆེས་བློས་ཐུབ་ཀྱི་མཛའ་བརྩེའི་ཡོད་དགོས་པའི་གལ་ཆེའི་གནད་དོན་བསྟན་ཡོད།
འགྱུར།
ཤེས་ལྡན་མ་ཨ་ཤུལ་ཚེ་རིང་སྐྱིད་ཀྱིས་ངལ་བ་ཁྱད་དུ་བསད་ནས་སྒྲུང་དེབ་གྲགས་ཅན་<<ཁེངས་དྲེགས་དང་ཕྱོགས་ལྷུང་>>བོད་ཡིག་ཏུ་བསྒྱུར་བའི་དཀའ་ཚེགས་གཅིག་པུར་བསམ་ཡང་ལས་སླ་བོ་ཞིག་རྩ་ནས་མ་རེད་ལ། ལ་རྩེ་དཔེ་མཛོད་ཁང་གིས་ནུབ་ཕྱོགས་པའི་བརྩམས་ཆོས་གྲགས་ཅན་གང་མང་བོད་ཡིག་ནང་བསྒྱུར་རྒྱུའི་ལས་འཆར་ལ་ཡང་རྗེས་སུ་ཡི་རངས་ཞུ་འོས་པ་ཞིག་རེད།
འགྱུར་དེབ་གསར་པ་ནམ་ཐོན་ལ་སྒུག་མཁན་ང་གཅིག་པུ་ཡིན་མི་སྲིད། ལ་རྩེ་དཔེ་མཛོད་ཁང་གི་ལས་འཆར་འོག་བསྒྱུར་བའི་དེབ་བཞི་སྤྱི་ཚོགས་ནང་བཀྲམས་པ་ཞིབ་ཀློག་བྱས་པའི་ནང་། འགྱུར་དེབ་བཞི་པ་<<ཁེངས་དྲེགས་དང་ཕྱོགས་ལྷུང་>>གི་ཇུས་འགོད། ཞུས་དག བསྒྱུར་གང་ཅིར་བལྟས་ཀྱང་ཧ་ཅང་རྩིང་པོ་རྩིང་པོ་ཞིག་ལས་ཞིབ་ཚགས་དང་ནན་ཏན་བྱས་མི་འདུག་ཅེས་འཁང་ར་མི་བཤད་ཀ་མེད་རེད། <<ཁེངས་དྲེགས་དང་ཕྱོགས་ལྷུང་>>གི་འགྱུར་བྱང་གི་ཤོག་བུ་ཐ་མའི་མགོར་”ཨ་ཅེ་མེ་ཏོག་གཡང་འཛིན་མ་”ཞེས་དེབ་ཕྲེང་གསུམ་པའི་ཁ་བྱང་ཤོར་བ། སྤྱིར་བཏང་བཤད་ན་དབྱིན་ཇིའི་ནང་ཤོག་ངོས་ ༢༥༤ ལས་མེད་པའི་བརྩམས་སྒྲུང་ཞིག་བོད་ཡིག་ནང་བསྒྱུར་བར་ཤོག་ངོས་ ༦༢༥ ཡོད་པ་བཅས་ཤོག་གྲངས་ལྡབ་གཅིག་གིས་མང་བ་འདི་ལ་གནད་དོན་ཞིག་ཅིས་ཀྱང་ལོས་ཡོད། དཔེར་ན། དེ་ནི་དངོས་འབྲེལ་ནི། གོ་བ་སྐོན། ཁོང་གིས་འགྲམ་ལ་ཡོང་ནས། ལྟ་བུའི་ཚིག་ལྷག་དང་ཕྲད་ནོར། ཡིད་འོང་དུ་ཞིག ཡི་ག་མི་བསྐོང་མི་ནུས། རྩིང་པོ་ཤ་སྟག་ཡོངས་སུ་ཡིན། མི་སྟོ་སྟེ། ལྟ་བུ་སོགས་གོ་མི་ནུས་པའི་ཚིག དྲ་མ། ལམ་ཅ་སུན་པོ། ཁྱོད་རང་ནང་ལྟར། ཞེ་བོ། ལྟ་བུ་སོགས་ཡུལ་བྱེ་བྲག་པའི་ཕལ་སྐད་མང་བ་བཅས། བསྒྱུར་མི་ལེགས་པ། ཕལ་སྐད་མང་བ། ཡིག་ནོར་ཐང་མར་བརྡལ་བའི་དེབ་ཅིག་ལ་འགྲོ་གྲོན་ཕོན་ཆེན་གཏོང་བ་ལ་དགོས་པ་ལྷག་པོ་ཅི་ཞིག་ཡོད་དམ། འགྱུར་གྱི་ངོས་ནས་དཔེ་མཚོན་ཞིག་བཀོད་ན། “ཡིན་ན་ཡང་གལ་སྲིད་ཌར་སི་ལ་འདོད་པ་ཡོད་ན་ཁོ་རང་བག་བྲོ་བའི་མི་ཞིག་བྱེད་ཐུབ་ཀྱི་ཡོད་དེ་ཁོང་ལ་དེ་ལྟར་བྱེད་པའི་འཇོན་ཐང་མེད་པ་མ་ཡིན།” “ངས་མི་གཞན་དང་ཕོནད་ལྔ་བཅུ་ཡི་རྒྱན་སྐུགས་པ་ཡང་ངས་མི་ཕོད་”ལྟ་བུ་ལས་གཞན། ཀློག་མི་བདེ་བ་དང་། བཀླགས་ཀྱང་གོ་བ་མི་ལོན་པ། དགོས་མེད་ཀྱི་ཚིག་ལྷག ནར་རྒྱུ་མང་སོང་བའི་ཚིག་སྒྲུབ་མང་བའི་གནད་དོན་དེས་ཤོག་གྲངས་ལྡབ་གཅིག་ལྷག་གིས་མང་སོང་བ་རེད་འདོད། ཡང་བརྩམས་སྒྲུང་ནང་གི་མི་སྣ་གཅིག་ལ་ཨེ་ལི་བཟའ་བྷེད་དང་། ལྕམ་བཟའ་བྷེད། ལི་ཛི་བཅས་མིང་གསུམ་བྲིས་འདུག མ་ཡིག་ནང་དེ་ལྟར་དུ་འདུག་པ་བདེན་དུ་ཆུག་ཀྱང་། བོད་འགྱུར་མའི་ནང་མིང་གཅིག་རང་གཏན་ལ་ཕབ་ན་ཀློག་པ་པོ་མགོ་མི་རྨོངས་པ་དང་ཡིག་རྫོབ་ཇེ་ཉུང་དུ་འགྲོ་ངེས་རེད། མདོར་ན། དེབ་གང་ཞིག་བོད་ཡིག་ནང་བསྒྱུར་རྗེས་ཀློག་པ་པོས་བོད་ཡིག་ནང་གོ་བ་ལེན་ཐུབ་དགོས་པ་ལས། བོད་ཡིག་ནང་གཟུགས་བསྒྱུར་བ་ཙམ་ལས་དོན་བསྒྱུར་མ་ཐུབ་ན། སྒྱུར་དེབ་དེས་ཀློག་པ་པོར་སྤྲོ་བ་སྟེར་ག་ལ་ཐུབ། བོད་ཀྱི་བརྡ་སྤྲོད་དང་མཐུན་པ། བོད་ཀྱི་ཀློག་པ་པོས་གོ་བ། བོད་སྐད་ལྟར་གྱི་ཁྱད་གཞི་ཁྱད་ཆོས་སྦྱོར་སྟངས་མ་འཁྲུག་པ་ཞིག་ཅིས་ཀྱང་དགོས་ངེས་སུ་མཐོང་། ལ་རྩེའི་འགྱུར་ ༡༠༨ ལ་མཚོན་ན་”དིང་སང་མཐའ་མི་འགའ་ཞིག་གིས་དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས་བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས་”ཞེས་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་གྱིས་ཇི་སྐད་གསུངས་པ་ལྟར་གྱི་རྩ་འཛིན་སྒྲིག་ཡིག་ཅིག་གཞིར་བཟུང་། ཡུལ་ཁུག་དང་ལུང་ཁུག་བྱེ་བྲག་པའི་ཕལ་སྐད་རྣམས་གླེགས་བམ་ནང་མི་འབྲི་རྒྱུ་གལ་ཆེ་སྙམ་མོ།།
སྤྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༣༠ ཉིན།
ཊར་ཝུན་གྱི་བརྩམས་ཆོས་ <>་ཞེས་པའི་བོད་འགྱུར་མ་ཀློག་དུས་མ་ཡིག་ལས་གོ་དཀའ་བ་ཞིག་བསྒྱུར་འདུག་པའི་ཚོར་སྣང་བྱ།
ཡིག་བསྒྱུར་གྱི་ལས་ཀ་འདི་དཀའ་ཚེགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་སྔར་ནས་ཤེས་ཡོད།
ཊར་ཝུན་གྱི་བརྩམས་ཆོས་ Origin of Species་ཞེས་པའི་བོད་འགྱུར་མ་ཀློག་དུས་མ་ཡིག་ལས་གོ་དཀའ་བ་ཞིག་བསྒྱུར་འདུག་པའི་ཚོར་སྣང་བྱུང་།
ཁྱོད་ངོ་མ་མི་སྡུག་རུས་ཅན་ཟེར་ནོ་རེད། ངས་ནི་མགོ་ནས་ཅུང་ཙམ་བཀླགས་རྗེས་ཀློག་འདོད་ཀྱི་འདུན་པ་ཡོངས་སུ་འགོག་སོང་།