གཅན་འོད་འབར།
མི་ལོ་ཉི་ཤུའི་མངར་སྐྱུར་གཏམ་རྒྱུད་རིང་མོ།།
མྱ་ངན་རེ་སྒུག་ཀློང་ནས་ཁུར་གྱིས་བྲིས་པ།།
སྡུག་གི་ལོ་རྒྱུས་གསལ་བའི་དཔྲལ་བའི་ངོས་ལ།།
གཉེར་མའི་རི་མོ་བབས་པའི་སྣང་བརྙན་དེ་རེད།།
བརྩེ་བའི་རྨི་ལམ་སེམས་པའི་ལོ་ཟླ་གྲངས་མེད།།
ཁོམ་མེད་འདུར་རྒྱུགས་ཀློང་ནས་ཡུན་གྱིས་རྫོགས་པ།།
བདེ་བའི་འཚོ་བ་ཞིག་གི་གྲ་སྒྲིག་ཡིན་ན།།
སྡུག་གི་མཚོ་མོར་ལྕེབས་པའི་རྒྱུ་མཚན་ཅི་ཡིན།།
ལྷད་མེད་དུངས་སེམས་ཤིག་གི་ཕམ་ཁའི་དོན་དུ།།
ཁེར་རྐྱང་རྐང་ལམ་ཕྲ་མོ་རྡོག་པས་མནན་ནས།།
དོན་མེད་སྨྱོན་པའི་ཟློས་གར་ལན་མང་འཁྲབ་པ།།
མི་ཚེའི་ཤོག་ལྷེ་ངོས་ནས་བསུབ་ཐབས་ཨེ་ཡོད།།
རེ་འདོད་ཡིད་ལ་འཐད་པའི་ཁྱིམ་མཚེས་བུ་མོ།།
ཚེ་གཅིག་མཛའ་མོར་སྒྲིག་རྒྱུའི་རེ་འདུན་བཅིངས་ནས།།
འགྱུར་མེད་བརྩེ་བའི་མདུད་པ་དམ་པོར་བརྒྱབ་ཀྱང།།
རྒྱང་རིང་ས་མཐར་འགྲིམས་པའི་ཚུལ་དེ་སྐྱོ་བ།།
ལོ་ཆུང་བུ་མོ་ཞིག་གི་ཟུར་མིག་མདའ་མོ།།
མི་ཚོགས་ཁྲོམ་པའི་དཀྱིལ་ནས་སེམས་ལ་ཟུགས་ཀྱང།།
ཐོག་མའི་སེམས་ཤོར་མཛའ་མོ་ཡིད་ལ་དྲན་ན།།
བརྩེ་བའི་འཛུམ་ལན་སྟོན་རྒྱུའི་ཡི་ག་མི་འདུག།
མཚན་གཅིག་ཉལ་རོགས་བུ་མོའི་ལུས་ཤ་འཇམ་ཡང།།
ཚེ་གཅིག་མཛའ་མོར་ལྡན་འདྲའི་ཤ་དྲོལ་མི་འདུག།།
ཐེངས་གཅིག་འཁྱམ་རོགས་ཞི་མོའི་ལང་ཚོ་མཛེས་ཀྱང།།
སེམས་མཐུན་སྙིང་སྡུག་གཤིབས་འདྲའི་བདེ་སྐྱིད་མི་འདུག།།
ལས་ཀྱི་ལྷག་རླུང་བཙན་པོ་ཤུགས་ཀྱིས་གཡུགས་ནས།།
ལྷད་མེད་བརྩེ་བའི་སེམས་པ་ཡང་ཡང་རྒུལ་ཡང།།
འགྱུར་མེད་སྙིང་ལ་བརྐོས་པའི་དམ་བཅའི་རི་མོ།།
མི་ཚེའི་རེ་སྒུག་ཀློང་ན་ཡལ་མེད་ལྷག་འདུག།།
༢༠༡༢།༡༢།༢༥
མི་ལོ་ཉི་ཤུ་ལ་ལུང་འགྲིམས་ནས།།
མི་ཚེ་གཏན་གྲོགས་མ་ཐོབ་སྙིང་རྗེ།།
མི་ཚེ་ཐུང་ཐུང་རྫོགས་ལ་ཉེ་དུས།།
མི་རྐྱང་སྡུག་བསྔལ་རླུང་ལ་མ་བསྐུར།།
ཁག་མི་འདུག
བཟའ་ཚང་ཁ་བྲལ་ནས་ཡོང་བ་ཅིག་ཡིན་པ་འདྲ།
མ་རྒས་གོང་ན་ཕྲུ་གུ་ལ་ཐུག་ཐུབ་ན་ཡག་པོ་ཡོད་རེད།
ས་མཐའ་ནས་ཤི་ན་སྡུག་གྱོང་རེད་པ།