གཅན་འོད་འབར།
ན་ནིང་ལས་ད་ལོ་ལྕི་བའི་མགོ་བོ་འདི་སྔས་སུ་བྱས་རྗེས།
གབ་ཚིག་ལྟ་བུའི་བསམ་གཞིགས་ཀྱི་མཚོ་མོར་དཔྱངས།
ཁང་པའི་གྲུ་ཟུར་དག་ནས་གྲགས་འོང་བའི་རོལ་དབྱངས་ཐན་ཐུན་དེར་ཉན་ནས།
སྒེའུ་ཁུང་གི་ཤེལ་ངོས་དག་ན་གཤར་གྱིན་པའི་ཆར་ཐིགས་སིམ་སིམ་ལ་ལྟ་བཞིན།
སུ་ཞིག་གི་ཆེད་དུ་བརྣངས་སོང་བའི་མགྲིན་པ་འདིའི་འགག་དང།
གང་ཞིག་གི་སླད་དུ་ཞར་སོང་བའི་མིག་ཟུང་འདིའི་མཐའ།
ད་དུང་ཅི་ཞིག་གི་ཕྱིར་དུ་བོར་སོང་བའི་ཡིད་སེམས་འདིའི་གཏིང་དག་ཏུ།
སྤོབས་པས་བཤད་མ་ཐུབ་པའི་སྐད་ཆ་དང་།
གདུང་བས་གཏོང་མ་ནུས་པའི་མཆི་མ།
བརྩེ་བས་སྟོན་མ་ཐུབ་པའི་ན་ཟུག་ག་ཚོད་ཅིག་སྦས་ཡོད་པར་བསམ་ན།
ཚོད་ཚོད་ལ་ཨ་ཐང་ཆད་པའི་ཤུ་རིང་རེ་ཤོར་ཡོང་ལ།
ཐོལ་ཐོལ་ལ་རེ་ཐག་ཆད་པའི་ཀུ་རིང་རེ་འདེད་འདོད།
བརྗེད་དཀའ་བའི་ན་ནིང་གི་ཕྱིར་དྲན་ཟབ་མོ་དག
བཟོད་དཀའ་བའི་ད་ལོའི་རྨ་ཁར་བརྣག་ནའང་།
ཇ་ཁ་ཆང་ཁ་ནས་སུ་ཞིག་གི་མིག་མདས་རྨས་ཤིང།
དགོད་ཞོར་ངུ་ཞོར་དུ་གང་ཞིག་གི་འཛུམ་མདངས་འཚོས་མྱོང་བའི་ང་།
ཁྱོད་ཀྱིས་མཐོང་ཡང་མ་དྲན་པའི་ངོ་གདོང་ཆ་མེད་ཅིག་དང།
ཁྱོད་ཀྱིས་རྟོགས་ཀྱང་མ་ངེས་པའི་གྲོགས་པོ་རྒྱུས་མེད་ཅིག་ཏུ་གྱུར་པར་འགྱོད་པ་མི་འདུག་ཨང།
ད་ནི་ནང་དགོང་ཁོ་ནར་མ་གཏོགས་མི་དྲན་པའི་ཁྱོད་རྐྱང་རྐྱང་བསམ་ནས།
ལུས་པོས་མི་ཐེག་པའི་མགོ་བོ་བྲང་ཁར་སྨད་ནས་ངུ་མི་འདོད་ལ།
ད་ནི་མཚམས་མཚམས་ཁོ་ནར་མ་གཏོགས་མི་བསམ་པའི་ཁྱོད་རང་གཅིག་པུ་གླེང་ནས།
སེམས་པས་མི་བཟོད་པའི་སྐྱོ་བ་བྲང་དུ་བཙིར་ནས་འཚོ་ཡང་མི་འདོད་པས།
རི་བོ་ལས་ལྕི་བའི་བག་ཆགས་ཡོད་ཚད་གཡས་སུ་སྐྱུར་ཞིང་།
རྒྱ་མཚོ་ལས་ཟབ་པའི་དྲན་ཤིང་ཡོངས་རྫོགས་གཡོན་དུ་བཞག་ནས།
རང་ཉིད་ཁོ་ནར་དབང་ངེས་པའི་མདུན་ལམ་ཞིག
ཁེར་རྐྱང་དུ་སྙེག་དགོས་ཀྱང་མི་འགྲིག་པ་ཅི་ལ་ཡོད་ཨང།
ཁྱོད་ཀྱིས་ལྟོས་ན་་་་་་་་།
སྙན་ངག་འདི་ཚོར་ཤེས་ཤིག་གིས་བསྟིམས་འདུག་པས། སྙན་ངག་གི་སྒྱུ་རྩལ་ལ་བཀག་རྒྱ་ཞིག་ཐེབས་འདུག་པར་སྣང་།
ཐུགས་རྗེ་ཆེ། ཕེབས་ནས་བསམ་ཚུལ་ལྷུག་པོར་བརྗོད་པར་དགའ་བསུ་ཞུ།
སྙན་ངག་གྱོང་མེད་ཅིག་ཏུ་འདོད།