——ཧམ་ཐུག
རོགས་ཆུང་ལོ་མནའ་མ་ཨེ་ཉན། །
ཉན་སོང་ན་ཁྱིམ་མཚེས་ཨེ་འགྲིག
སྐྲ་ལན་བུ་རིང་ནོ་བདེན་རུང་། །
བློ་ཤེས་རྒྱ་ཐུང་ན་མི་ཆོག །
ཡག་མོ་སྒོ་མེད་ན་ལོས་ཆོག །
ལག་ལས་ཀ་ཡོད་ན་དུ་ཡིན། །
སེམས་བཟང་ན་བག་མ་ཁྱོད་ཡིན། །
རིན་ལྷག་པ་ཤོར་རུང་སྐྱོན་མེད། །
རོགས་གཞོན་ནུ་ལང་ཚོ་ཅན་པོ། །
ན་གཞོན་ནུའི་ཁ་ན་ཆེ་ཡོད། །
གཞུང་རྒྱུད་པ་བལ་ལས་འཇམ་ན། །
ངའི་སེམས་ཀི་བག་མ་ཁྱོད་ཡིན། །
མ་སེམས་ཅན་སེམས་ལ་སྒོམ་ན། །
སེམས་བསམ་པའི་འདུ་ཁང་ཆེ་དགོས།
སེམས་སྣེ་ལོར་སེར་སྣ་ཤོར་དུས། །
ཚེ་གང་གི་ལན་ཆགས་དུ་ཡིན། །
གཟུགས་ཡག་རུང་བརྩོག་རུང་ཁྱད་མེད། །
སེམས་ཡག་བརྩོག་ཤོར་ན་ཆེ་འགྲིག །
ངོ་སྐྱི་མོ་ཡག་ནོ་བལྟས་ན། །
སེམས་གངས་དཀར་ཡག་ན་འདོད་ཀི ། །
སོ་སུམ་ཅུ་དཀར་ནི་ཟིག་གི །
སེམས་རྩ་བ་དཀར་གི་མི་ཟེར། །
སྐྲ་ལན་ནག་སོའུ་བཤད་ལས། །
སེམས་བསམ་པ་ནག་གི་མི་ཟེར། །
ངའི་ཆུང་ལོབས་འདང་ཅན་རོགས་ལོ། །
ང་ས་ཀི་རྒྱལ་ཁབ་འགྲིམ་ན། །
སྡེ་འབྱོར་ལྡན་ཕྱུག་པོ་མིན་འདྲ། །
རོགས་མི་སྡུག་ཐབས་ཟིག་ང་ཡོད། །
དེང་ཕྱིན་ཆད་བག་མ་ཉན་ན། །
ཁྱིམ་གྲུ་བཞིའི་མཁར་གཏིང་ངས་བརྩིགས། །
མཁར་མི་ལོགས་ཐབས་གཟིག་ཁྱེས་འཐེན། །
ཁྱིམ་གཞི་འཛིན་བྱེད་ནོ་ཁྱོད་ཡིན། །
རོགས་མི་འགལ་མནའ་ཐོགས་འདི་ཡིན། །
ཚིག་མི་འགྱུར་དམ་བཅའ་འདི་ཡིན། །
ལམ་རིང་ཐུང་ཤོར་ན་སྒུག་དགོས། །
ཚེ་རིང་ཐུང་ཤོར་ན་ལས་རེད། །
སྐྱིད་ཡོད་ན་མཉམ་ཏུ་ལོས་ཟ ། །
སྡུག་ཡོད་ན་མཉམ་ཏུ་ལོས་ཁུར། །
ལས་ད་ཐེངས་ཐུག་པའི་རོགས་ལོ།
ཚེ་གང་གི་བག་མ་ཉན་དགོས། །
རྒྱུ་རིན་ཆེན་འབུལ་བ་ལོས་སྟེར། །
གོང་བྱིན་ནས་ཁྱིམ་ལ་ལོས་བསུ། །
རྒྱུ་བྱིན་ནས་བག་མ་ཉོ་ནོ། །
གནའ་དེང་མ་ཟིག་གི་དཔེ་རེད། །
གནའ་དེང་མའི་ལུགས་སྲོལ་བཟང་བོ། །
སུ་ཡིན་རུང་སེམས་ན་ལོས་ཡོད། །
སེམས་ཕྱི་ཐག་དམ་ལྷོད་མེད་ན། །
རོགས་ཆུང་ལོའི་སེམས་རྟེན་ང་ཡིན། །
༢༠༡༥ ༡༡ ༡