རྩོམ་སྒྲིག་པའི་གཏམ།
༧རྒྱལ་བ་རིན་པོ་ཆེས་ཨ་རི་དང་ཁ་ཎ་སྒྲར་ཆོས་ཀྱི་མཛད་འཕྲིན་སྐྱོང་བཞིན་པའི་བར་གསེང་དུ། བོད་ནས་ཕེབས་པའི་མཁས་བ་ཞིག་དང་མཇལ་འཕྲད་བྱུང་འདུག རྒྱལ་བ་རིན་པོ་ཆེས་མཁས་བ་དེར། བོད་དུ་ཕེབས་རྒྱུ་གནས་སྐབས་སུ་དཀའ་མོ་འདུག འོན་ཀྱང་། ཧོང་ཀོང་དུ་ཕེབས་ཐུབ་རྒྱུའི་འཆར་གཞི་ཞིག་བསྒྲིག་བཞིན་ཡོད་གསུངས་འདུག གནས་ཚུལ་འདི་ལྟ་བུ་ཞིག། ཉེ་ཆར་རྡ་ལམ་ས་ལ་ནས་༧རྒྱལ་བ་རིན་པོ་ཆེར་གཟིམ་ཆུང་མཇལ་ཁ་མ་རག་པར་ཕྱིར་བོད་དུ་བསྐྱོད་མཁན་ཞིག་ལ་ཡང་བྱུང་འདུག སྐུ་སྒེར་གྱི་གླེང་མོལ་འདི་དག་བགྲེས་ཡོལ་གྱི་གནད་དོན་དང་འབྲེལ་བ་ཡོད་དམ། གཅིག་བྱས་ན་ཡོད་སྲིད། དེ་ཡང་། ཆབ་སྲིད་ཀྱི་སྐུ་དབང་བཞག་ནས་ཆོས་ཀྱི་དབུ་འཁྲིད་གཅིག་པོའི་འགྲོ་སྟངས་ཤིག་བསྐྲུན་ན། བགྲེས་ཡོལ་གྱིས་བོད་དོན་ལ་ཕུགས་རྒྱང་རིང་པོའི་ཞབས་འདེགས་ཤིག་བསྐྲུན་ཐུབ་ངེས།
རྒྱ་རི་རིན་པོ་ཆེས་གསུངས་ན། བགྲེས་ཡོལ་ལ་ཕེབས་འདོད་ཀྱི་ཐུགས་འདུན་འདི་སྔ་མོ་ནས་༧རྒྱལ་བ་རིན་པོ་ཆེར་ཡོད་རེད་ཟེར། ༧རྒྱལ་བ་རིན་པོ་ཆེར་མཚོན་ན་ཡང་། བགྲེས་ཡོལ་འདི་དགུང་ལོའི་གནས་བབ་གཅིག་པོ་མ་ཡིན་པར། བཙན་བྱོལ་གྱི་མང་གཙོའི་ལམ་ལུགས་སྲ་བརྟན་ཡོང་ཐབས་དང་། བོད་ཀྱི་རྩ་དོན་ཐད་བོད་མི་རེ་རེ་ནས་འགན་ཁུར་ཐུབ་ཐབས། ད་དུང་། ཁྲིམས་ཀྱི་དབང་བསྒྱུར་ཚགས་ཚུད་པོ་ཞིག་ཡོང་རེ་བཅས་དང་འབྲེལ་བ་འདུག འོན་ཀྱང་། བཙན་བྱོལ་གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས། བགྲེས་ཡོལ་ཀྱི་དགོངས་གཞི་འདི་ལ་མོས་མཐུན་མེད་པའི་རྣམ་འགྱུར་སྟོན་གི་ཡོད། (ཁུངས།) ད་དུང་། ༧རྒྱལ་བ་རིན་་པོ་ཆེའི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས། ༧རྒྱལ་བ་རིན་པོ་ཆེས་དབུ་མ་འཁྲིད་པའི་གཞུང་ཞིག་གི་འོག་ཏུ་ཕྱག་ལས་གནང་འདོད་མེད་པའི་སྐད་ཆ་བཤད་འདུག (ཁུངས།)
ཉེ་བའི་ལོ་ཤས་ནང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྱུར་ཁྱད་དམིགས་བསལ་ཞིག་འགྲོ་བཞིན་ཡོད། དེ་ཡང་ཁྲོམ་ར་ཆེ་ཁག་ཚོ་རྒྱ་ནག་ལ་ཤོར་བཞིན་ཡོད། ཁྲོམ་ར་ཤོར་བ་དང་མཉམ་དུ་། བོད་དོན་དང་འབྲེལ་བའི་གཞུང་གི་ཐག་གཅོད་ཁག་ལ་ཡང་རྒྱ་ནག་གི་ཐེ་ཇུས་ཆེ་རུ་འགྲོ་བཞིན་ཡོད། འདིའི་དཔེ་མཚོན་གཅིག་ནི་༧རྒྱལ་བ་རིན་པོ་ཆེ་སྐུ་སྒེར་གྱི་སྒང་ནས་རྙེད་ཐུབ། ཕྱི་ལོ་༢༠༠༥ནས་༢༠༠༨བར། ༧རྒྱལ་བ་རིན་པོ་ཆེ་རྒྱལ་ཁབ་མི་འདྲ་བ་ཉི་ཤུ་རྩ་གཅིག་གི་དབུ་འཁྲིད་ལ་མཇལ་འཕྲད་ཐུབ་ཡོད། ཕྱི་ལོ་༢༠༠༩ལོར་རྒྱལ་ཁབ་གཉིས་ཀྱི་དབུ་འཁྲིད་ལ་མ་གཏོགས་མཇལ་འཕྲད་ཐུབ་མེད། (ཁུངས།) འདི་ལྟར། ༧རྒྱལ་བ་རིན་པོ་ཆེའི་འཛམ་གླིང་བསྐོར་བསྐྱོད་ཀྱི་ལམ་ཁ་ཡང་ཆུང་དུ་འགྲོ་བཞིན་ཡོད། གལ་སྲིད། ཆོས་ཀྱི་དབུ་འཁྲིད་གཅིག་པོའི་མིང་ཐོག་ནས་ཕེབས་ན། ཆུང་དུ་འགྲོ་བཞིན་པའི་ལམ་ཁ་དེ་སླར་གསོ་བྱེད་ཐུབ་ངེས་རེད་སྙམ།
ད་ལྟའི་སྐབས་སུ། བོད་ཀྱི་གནད་དོན་འདི་ཆབ་སྲིད་གཅིག་པོའི་སྣེ་མོར་འཇུས་ནས་བསྒྲུབ་དགོས་བ་མ་ཡིན་པར། ཆོས་དང་རིག་གཞུང་། ཁོར་ཡུག་གི་གནད་དོན་གྱི་ཐོག་ནས་བསྒྲུབ་སྟངས་ཤིག་ཀྱང་ཡོད། ཉེ་ཆར་ལྦེ་ཁིས་གསང་བ་ཕྱིར་གྱར(Wikileaks)་གྱི་ཁྲོད་དུ། ༧རྒྱལ་བ་རིན་པོ་ཆེས། ཨ་རིའི་སྐུ་ཚབ་Timothy Roemerལགས་ལ། “ཆབ་སྲིད་ཀྱི་གནད་དོན་དེ་ལོ་ལྔའམ་བཅུ་ལ་ཟུར་དུ་བཞག་ཆོག་གི་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་དེ་བོད་ཀྱི་ཁོར་ཡུག་གི་གནད་དོན་སྒང་ལ་འཁྲིད་དགོས་ཀྱི་འདུག”་གསུངས་ཡོད། (ཁུངས།) ད་ནི། མཐོ་དབུས་མཐོ་སྒང་གི་ཁོར་ཡུག་གི་གནད་དོན་གཞི་ལ་བཞག་ནས། བོད་དོན་བསྒྲུབ་སྟངས་ཀྱི་ལམ་ཁ་རྒྱ་ཆེ་བ་ཞིག་ཡོད་པ་ཡང་གསལ་བོ་རེད། འདི་ལྟར། ཕྱོགས་ངོས་ཆེ་བ་དེ་ཚོར་བསམ་ན། བགྲེས་ཡོལ་གྱི་གནད་དོན་འདི་འགྲིག་རྟགས་ཤིག་རེད་དྲན། བོད་ཀྱི་རྩ་དོན་དང་བོད་རྒྱ་ཆེའི་མིམང་གཉིས་ཀར་འགྲིག་རྟགས་ཤིག་རེད།
(གསལ་བཤད། ཀློག་མཁན་ཡོངས་ལ། བར་སྐབས་རྩོམ་སྒྲིག་པའི་གཏམ་འདི་དུས་ཐོག་ལ་སྤེལ་མ་ཐུབ་པར་དགོངས་དག་ཞུ། རྗེས་ཕྱོགས་ནས་ཉུང་མཐར་ཡང་བདུན་གཉིས་རེའི་ནང་ཚུན་ལ་གཅིག་རེ་སྤེལ་ངེས། )
ལྷ་སྡེ་གནམ་ལོ་ཡག་གི་རྩོམ་ཡིག་དེར་མཆན་བུ་ཐེངས་བཞི་ལྔ་ཞིག་ལ་བཏབ་ཀྱང་ཡལ་འགྲོ་བའི་རྒྱུ་རྐྱེན་གང་ཡིན་ནམ། ཁ་བརྡ་ལགས།
གཅན་བཟོད་རྒྱམ་ལགས།
ང་ཚོས་ཁྱེད་ཀྱི་མཆན་བུ་རྣམས་བསུབ་མེད། ལྷ་སྡེ་གནམ་ལོ་ཡག་གི་རྩོམ་དེར་ཁྱེད་ཀྱིས་མཆན་གཉིས་བརྒྱབ་འདུག
གཉིས་ཀ་གཅིག་པ་རེད་འདུག གཅིག་དེ་བླངས་བ་ཡིན། གཅིག་དེ་བཀོད་ཡོད། དེ་ཙམ་ཞུ།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
བགྲེས་ཡོལ་ཐབས་མཁས་དོན་ལྡན་མ་བཞུགས་སོ། །
བགྲེས་ནས་བགྲེས་ཡོལ་ཕེབས་པ་ཀུན་ལ་མེད། །
སྤྱན་རས་གཟིགས་དང་མ་འབྲེལ་བོད་རིགས་མེད། །
བཅིང་བཀྲོལ་དམག་གིས་གྲོལ་བའི་བོད་མི་མེད། །
སྒྲོལ་མའི་སྒྲོལ་བྱ་མིན་པའི་བོད་པ་མེད། །
ཆོས་སྲིད་ཟུང་འབྲེལ་གདུང་ནི་སྤྲེལ་སྲིན་གཉིས། །
ཆོས་སྲིད་ཟུང་འབྲེལ་སྲོང་བཙན་ཡབ་ཡུམ་བཙུགས། །
ཆོས་སྲིད་ཟུང་འབྲེལ་དམངས་གཙོའི་ཁྲིམས་ཀྱིས་སྲུངས། །
ཆོས་སྲིད་ཟུང་འབྲེལ་རས་འཕགས་སྒྲོལ་མས་སྐྱོབས། །
༸བགྲེས་ཡོལ་ཆོས་སྲིད་ཟུང་འབྲེལ་ཡུན་བརྟན་ཤོག །
སྤྱིར་༸གོང་ས་མཆོག་གིས་གསུང་བཞིན་པ་ལྟར་ཁོང་གིས་བགྲེས་ཡོལ་གནང་ཡང་བོད་མི་དམངས་ལ་ཞབས་འདེགས་མ་ཤི་བར་དུ་ཞུ་གི་ཡིན་ཟེར་བ་དེ་ལྟར་ཡང་། བགྲེས་ཡོལ་དེ་དེང་སང་མང་པོ་ཞིག་གིས་སྐུ་དྲག་ལམ་ལུགས་ཞེས་གང་ས་ནས་ཁ་ནང་སྣ་ཁང་དུ་མ་ཆུད་པར་དམོད་ཅིང་སྡིགས་བཞིན་པ་འདི་ལའང་འབྲེལ་བ་ཅུང་ཙམ་མེད་དམ་སྙམ་གྱིན།
ངེད་ཀྱིས་གོང་གི་རྩོམ་ཁོངས་སུ་བཤད་པ་བཞིན། བགྲེས་ཡོལ་འདི་ལྡོག་མེད་ཅིག་ཡིན་པ་མ་ཟད་འགྲིག་རྟགས་ཤིག་ཀྱང་རེད་འདོད།
འོན་ཀྱང་། གཞུང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོའི་རྣམ་འགྱུར་དང་རྒྱ་རི་རིན་པོ་ཆེའི་གུ་དོག་པའི་བསམ་ཚུལ་དེ་དག་ནི་ཅུང་ཁྱད་མཚར་རེད་དྲན།
གང་ལྟར། བགྲེས་ཡོལ་ལ་ཕེབས་སྟངས་འདི་རྣམ་དཔྱོད་ལྡན་པའི་ཐག་གཅོད་ཅིག་རེད་འདུག རྣམ་དཔྱོད་ལྡན་པའི་ཐུགས་དགོངས་འདིས་།
མ་འོངས་བར་རྒྱལ་སྤྱིའི་སྤྱི་ཚོགས་སུ་བོད་དོན་གྱི་ཕྱོགས་སྣེ་གཞན་ཞིག་སྐྱོར་སྲིད།
བགྲེས་ཡོལ་འདིས་ང་ཚོ་ལ་བརྡ་ལན་མང་པོ་ཞིག་གནང་འདུག
ང་ཚོ་ལ་འགྱུར་བ་ཞིག་དགོས་པའི་བརྡ་ལན་ཡང་སྤྲད་འདུག
སྐབས་བབ་ཀྱི་འགྱུར་བ་འདིར་ངོས་ལེན་བྱེད་མ་ཐུབ་ན། འགྱུར་བ་དང་གསར་བྱུང་ངོས་ལེན་བྱེད་ས་མེད་པའི་སྔོན་མའི་བོད་སྤྱི་ཚོགས་ཀྱི་ལོ་རྒྱུས་ཀྱི་སྐྱོ་གར་དེ་མི་འབྱུང་བའི་ངེས་པ་ཡང་མི་འདུག
བསམ་ཚུལ་ཡག་པོ་བྲིས་འདུག་པས། བཀྲ་ཤིས་བདེ་ལེགས་ཞུ།
གཅན་བཟོད་རྒྱམ་གྱི་བསམ་ཚུལ་དེ་ལ་ཡང་རྒྱུ་མཚན་འདུག
BBC TIBET NEWS
༸གོང་ས་མཆོག་གིས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་གསལ་སྟོན་གནང་བ་ནས་བཟུང་བོད་མི་ཆེས་མང་པོ་ཞིག་ལ་བློ་འཚབ་བྱུང་ཡོད་པ་ནི་དགའ་འོས་པ་ཞིག་རེད། དེས་གང་ཞིག་མཚོན་གྱི་ཡོད་ཅེས་ན། དེས་བོད་མི་དམངས་ནས་༸གོང་ས་མཆོག་ལ་དད་གུས་དང་ཁོང་དམངས་གཙོའི་དབུ་ཁྲིད་བླ་ན་མེད་པ་ཞིག་མཚོན་པ་མ་ཟད། རྒྱ་དམར་གྱིས་རྒྱུན་དུ་ཤོད་བཞིན་པའི་གཏན་ཚིགས་ཏེ། སྤྱི་ཚོགས་རྙིང་པ་རོ་ལངས་རྒྱག་འདོད་དང་། བཀས་བཀོད་རྒྱུན་འཛིན་ཞེས་པ་སོགས་གང་ལྟར་༸གོང་ས་མཆོག་གིས་དབུས་བོད་ཀྱི་མཐོ་རིམ་མི་སྣ་རྣམས་ལ་གཞི་མེད་སྐྱོན་འཛུགས་ཁོ་ན་བྱས་ཏེ། བསམ་མེད་དབུལ་པོ་ཁྱུ་གཅིག་གི་བློ་ཁ་བསྒྱུར་ཏེ་ནང་ཁུལ་གྲལ་རིམ་དབྱེ་འབྱེད་ཀྱི་ནང་འཁྲུག་རྒྱག་ཏུ་བཅུག་མཐར། བོད་མི་བསམ་ཡོད་ཅན་ཚང་མ་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངན་པ་དེ་ད་ཆ་ཕམ་ཉེས་སུ་འགྲོ་རྒྱུའི་རྟགས་མཚན་བཟང་པོ་ཞིག་རེད། གང་ཡིན་ཟེར་ན་ང་ཚོ་བོད་མི་དམངས་ལ་དགོས་པ་ནི་༸གོང་ས་མཆོག་གིས་དབུས་པའི་སྐུ་དྲག་དང་མི་ཆེན་གྱི་འགོ་འཁྲིད་དགོས་པ་ལས་བླུན་པོ་ཆུ་སྣ་གར་ཁྲིད་ཀྱི་སྤྲང་ཁྱུ་ཞིག་འགོ་ཁྲིད་དུ་དགོས་ཡས་མི་འདུག ༸གོང་ས་མཆོག་གིས་དབུས་སྐུ་དྲག་མི་ཆེན་རྣམས་ང་ཚོ་མི་དམངས་ཀྱིས་གོང་དུ་བཀུར་བ་ཞིག་ལས་ཁོ་ཚོས་ང་ཚོར་བཙན་དབང་གིས་འགོ་ཁྲིད་དུ་འདུག་དགོས་ནམ་ཡང་གསུངས་མྱོང་མེད། འོན་ཀྱང་བསམ་མེད་སྤྲང་ཁྱུའི་དུག་རྩ་བཙན་བྱོལ་དུའང་མཆེད་དེ་ད་ཆ་༸གོང་ས་མཆོག་བགྲེས་ཡོལ་དུ་ཕེབས་ན་ལེགས་ཚུལ་དང་། སྐུ་དྲག་གི་རྒྱུད་པ་རྩ་མེད་གཏོང་དགོས་ཚུལ་སོགས་སྨྲ་བ་ནི་ཀླད་མེད་ཁྱོད་ཚོ་སྙིང་རྗེ། ད་ཆ་ཁྱོད་ཚོ་རྒྱ་དམར་གྱིས་ཁ་ལོ་བསྒྱུར་ཟིན་འདུག ཁྱེད་ཚོ་རྒྱ་མིར་མི་དགའ་བ་སྲིད་ཀྱང་དོན་ལ་རྒྱ་མིས་བཤད་པའི་ངན་བྱུས་ཀྱི་རྗེས་སུ་རྒྱུགས་བཞིན་འདུག ཁྱེད་རང་ཚོ་རྒྱ་མིའི་མིག་མང་གི་རྡེའུ་དང་གཉིས་སུ་མེད། ལར་ནས་ཁྱེད་ཚོ་སྐུ་དྲག་ལ་འདི་ཙམ་མི་དགའ་བ་དང་སྡང་ཟུག་བྱེད་དོན་གང་ཡིན། ཁྱེད་ཚོ་མི་ཤི་ཁྱིམ་སྟོང་བཟོ་མཁན་དང་བོད་མི་ས་ཡ་གཅིག་དང་གྲངས་ཆུང་གཉིས་དམར་གསོད་གཏོང་མཁན་སྐུ་དྲག་ཡིན་ནམ། ཁྱེད་ཚོར་ལྟོ་གྲོད་པ་གང་དང་གོས་ཀྱིས་ལུས་དྲོས་ཙམ་ཞིག་བྱུང་ན་ཁ་ནས་བཤད་རྒྱུར་མཚམས་ཚིགས་མེད་པ་མ་ཟད། རྒྱ་མིས་བཤད་པའི་གྲལ་རིམ་དགྲ་བོ་རྩ་མེད་གཏོང་དགོས་ཞེས་པའི་གཏམ་ངན་དེ་རང་ལག་བསྟར་བྱེད་བཞིན་འདུག གལ་ཏེ་ཁྱེད་རང་སྐུ་དྲག་སོགས་མཐོ་རིམ་མི་སྣར་མཐར་ཕྱིན་པའི་ངོ་རྒོལ་ཞིག་རྒྱག་འདོད་ན། ཕར་ཕྱིན་ཏེ་རྒྱ་མི་དང་མཉམ་དུ་དཔུང་སྒྲིལ་ཏེ་རྒྱག་གི་ཡིན་ན་ནུས་པ་ཆེ་གི་རེད། བཙན་བྱོལ་གྱི་ཁྲོད་ནས་ཁྱེད་རང་གི་ངོ་རྒོལ་དེ་ཆུ་ཡི་ནང་གི་སྟུག་དྲི་ལྟར་མངོན་རྒྱུ་མེད་པ་ཆགས་ཀྱི་རེད། གལ་ཏེ་༸གོང་ས་མཆོག་གི་དབུ་ཁྲིད་མེད་ན་ཁྱོད་ཚོ་འདྲ་བའི་མི་རྣམས་གཅིག་འོག་གཅིག་གིས་མི་འདུས་པ་འཐག་མཁན་གྱི་རྐང་བཀྲབ་ནང་བཞིན་གཅིག་མར་བསྣན་ཚེ་གཅིག་ཡར་ལངས་ཏེ། མཐའ་མ་བོད་མིའི་ཆིག་སྒྲིལ་གྱི་གོང་བུ་དེ་འཐོར་ཞིག་ཏུ་འགྲོ་ཉེན་ཤིན་ཏུ་ཆེ། དུས་དེ་ནས་བཟུང་ཁྱོད་རང་ལ་སྐུ་དྲག་མེད་ལ་འགོ་ཁྲིད་ཀྱང་མེད། རྒྱལ་ཁབ་མེད་ལ་རང་རིགས་ཀྱང་མེད། ཡོད་པ་ནི་གཞན་གྱི་བྲན་གཡོག་གི་གནས་བབ་ཙམ་མོ། །དོན་དངོས་བཤད་ན་འཛམ་གླིང་གི་མི་སྡེ་ཚང་མར་སྐུ་དྲག་ཡོད་ལ། ཨ་རིའི་ཨོ་བྷ་མ་ཨ་རིའི་སྐུ་དྲག་དང་། རྒྱ་ཡི་སྲིད་འཛིན་ཧུའུ་དང་སྲིད་བློན་འུན་སོགས་ཀྱང་དམར་པོའི་རིང་ལུགས་ཀྱི་སྐུ་དྲག་ཡིན་པས་སོ། །དེ་མིན་སྐུ་དྲག་གི་ཚད་འཇོག་ཏུ་མེད། འོན་ཀྱང་འཇོན་ཐང་ཅན་གྱི་སྐུ་དྲག་གིས་ཕ་ཚ་བུ་རྒྱུད་སྐུ་དྲག་གི་གནས་བབ་ཏུ་རྒྱུན་འཛིན་ཐུབ་ལ། འཇོན་ཐང་མེད་པའི་སྐུ་དྲག་གི་གནས་བབ་ནི་རླུང་ནང་གི་མར་མེའི་རྗེས་སུ་འགྲོ །དེར་བརྟེན་སྤྱི་ཚོགས་ཀྱི་གྲུབ་ཆར་གྲལ་རིམ་དགོས་ལ་སྐུ་དྲག་ཀྱང་དགོས། དེ་ལྟར་མིན་ན་སྤྲང་ཁྱུ་དཔུང་སྒྲིལ་བའི་རྒྱལ་ཁབ་རུ་སུ་ཕམ་ཉེས་ཀྱིས་ད་ཆ་འཐོར་ཞིག་ཟིན་ལ། རྒྱ་དམར་གུང་ཁྲན་ཏང་གི་སྤྲང་ཁྱུའང་རྩ་སྟོང་འགྲོ་བ་ལ་མངོན་དུ་ཕྱོགས། །འོན་ཀྱང་བོད་ཀྱི་སྤྲང་ཁྱུའི་དཔུང་ཁག་འདི་ས་བོན་གྱི་གནས་བབ་ཙམ་ལས་ཆུ་ལུད་དྲོད་གཤེར་སོགས་ཀྱི་རྐྱེན་འཛོམས་མི་འདུག་གོ །འདི་ཚད་མའི་གཞུང་ནས་བཤད་པའི་རྒྱུ་ཁ་ཡར་བ་ཞེས་པ་དེ་ཡིན། ཧ་ཧ། ད་ང་སྐུ་དྲག་ཁ་ཁར་འཇོག་རོགས་གནང་།
༧རྒྱལ་བ་རིན་་པོ་ཆེའི་དམིགས་བསལ་སྐུ་ཚབ་རྒྱ་རི་རིན་པོ་ཆེས། ༧རྒྱལ་བ་རིན་པོ་ཆེས་དབུ་མ་འཁྲིད་པའི་གཞུང་ཞིག་གི་འོག་ཏུ་ཕྱག་ལས་གནང་འདོད་མེད་པའི་སྐད་ཆ་དེ་བོད་ཕྱི་ནང་གི་གསན་མཁན་གཟིགས་མཁན་མང་པོས་དོ་སྣང་བྱ་ས་ཨ་རིའི་རླུང་འཕྲིན་དང་བརྙན་འཕྲིན་གཉིས་ཀའི་ནང་ནས་ཐད་གཏོང་ལེ་ཚན་གྱི་ངོ་བོ་ནས་བཏང་སོང་། སྐད་ཆ་འདི་འདྲ་ཞིག་དམིགས་བསལ་སྐུ་ཚབ་ཀྱིས་བཤད་ཡོང་དུས། དེ་ནི་ཁྱད་མཚར་པོ་ཞིག་དང་། ལྟ་སྟངས་ཡ་མཚན་པོ་ཞིག་ཏུ་མཐོང་སོང་། ད་ནི་བཤད་མི་ཤེས་པ་ཞིག་རེད། དམིགས་བསལ་སྐུ་ཚབ་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་འགན་ཁུར་དགོས་པ་རེད་ལ། དེ་ག་ནང་བཞིན་རྒྱལ་བ་རིན་པོ་ཆེས་ལན་གཅིག་མ་ཡིན་པར་བཙན་བྱོལ་སྒྲིག་འཛུགས་འདི་མི་རབས་ནས་མི་རབས་བར་གནས་དགོད་པ་དང་། དེའི་དགོས་ཕན་སྐོར་ད་ཕན་ལན་མང་གསུངས་པ་དེ་དག་ལ་བསམ་ཞིབ་ཙམ་ཡང་མེད་པར། ཁ ནས་གང་ཐོན་དུ་སྨྲ་བ་འདི་ཡག་པོ་རེད་བསམ་མ་སོང་། དམའ་རིམ་དམའ་རིམ་ནས་བཤད་ནའང་། སྐུ་ཚབ་ཡིན་པའི་ཆ་ནས་རྒྱལ་བ་རིན་པོ་ཆེ་རྒན་ཡོལ་ཆ་ཚང་ལ་ཕེབས་བཞེད་འདིའི་དགོས་ཕན་གྱི་སྐོར་ནས་གང་འཚམ་གླེང་དགོས་པ་གལ་ཆེ་བ་ལས། ད་ནི་རྒྱལ་བ་རིན་པོ་ཆེས་དམིགས་བསལ་སྐུ་ཚབ་ཀྱིས་ ༧རྒྱལ་བ་རིན་པོ་ཆེས་དབུ་མ་འཁྲིད་པའི་གཞུང་ཞིག་གི་འོག་ཏུ་ཕྱག་ལས་གནང་འདོད་མེད་པའི་སྐད་ཆ་བཤད་སྟངས་དེས། བོད་ནང་གི་མང་ཚོགས་ཚོར་མཚོན་ན། རྒྱལ་བ་རིན་པོ་ཆེ་ཚང་གི་དམིགས་བསལ་སྐུ་ཚབ་ཀྱིས་གསུང་སྟངས་ལ་བལྟས་ན། ད་ཡིན་ན། བོད་གཞུང་ཟེར་བ་དེས་ཁུངས་འཁྱོལ་བཟོ་ཡོད་ས་མ་རེད་བསམ་པའི་དོགས་གཞི་འདྲ་པོ་བསླངས་ནས་གང་བྱེད་བསམ་པ་ཡིན་ནམ། ད་བར་དུ་དམིགས་བཙལ་སྐུ་ཚབ་ཚོས་བོད་གཞུང་བཀའ་ཤག་དང་ལྷན་དུ་ལས་ཀ་མང་པོ་ཞིག་བྱས་པ་ཡིན། ལྷག་ཏུ་བོད་རྒྱ་ཞི་མོལ་སྐོར་ཁར་ཐུག་བཀའ་ཤག་དང་འབྲེལ་བ་བྱས་ཏེ་ཐག་གཅོད་ཀྱི་ཡོད་ཅེས་གངས་སྐྱིད་ནས་ཉན་ཞིབ་ཚོགས་འདུའི་སྐབས་རྒྱ་རི་བློ་གྲོས་འདིས་བཤད་སོང་ང་། ད་ཡིན་ན། རྒྱལ་བ་རིན་པོ་ཆེ་བགྲས་ཡོལ་ཆ་ཚང་ལ་ཕེབས་པའི་དུས་ཚོད་དེ་མཚམས་ནས་བོད་གཞུང་གི་འོག་ལ་ཕྱག་ལས་གང་ཡང་གནང་འདོད་མེད་པའི་རྣམ་འགྱུར་སྟོན་སྟངས་འདི་ག་རེ་ཡིན་ནམ། རྒྱལ་བ་རིན་པོ་ཆེ་ཚང་གིས་བོད་དོན་འདི་ངས་གཡུག་འཇོག་གི་ཡིན་ཟེར་གྱི་མེད། མུ་མཐུད་ནས་འགན་ཡོད་བསྡད་པ་དང་འགན་འཁྱེར་བསྡད་ཀྱི་རེད་ཅེས་ཁ་སྔོན་སྒང་ཐོག་ནས་གསུངས་སོང་། དམིགས་བསལ་སྐུ་ཚབ་ཀྱིས་བཤད་སྟངས་བྱས་ན། དེའི་ལྡོག་ཕྱོགས་ཀྱི་གོ་བ་ཞིག་སྤྲོད་ཀྱི་འདུག ངས་ཉན་མ་ཤེས་དཔྱད་མ་ཤེས་པ་ཡིན་ནམ་ཅི་ཞིག་ཡིན། ད་ནི་དངོས་ནས་མང་ཚོགས་ནང་ལབ་གླེང་ལུང་པ་གང་གི་ཁ་ཕྱེས་འདུག བོད་གཏམ་རྒྱ་ལ་ཕྱེད་ཀ་བསྐྱེལ། རྒྱ་གཏམ་བོད་ལ་ཆ་ཚང་བསྐྱེལ་ནས་ད་བར་ཡར་རྒྱུག་མར་རྒྱུག་བྱས་པ་ལ་ངོ་སོ་ཡོད་དགོས་ནའང་། ད་རེས་ཀྱི་གསུང་སྟངས་འདིས་བློ་ཕམ་ཆེན་པོ་བཟོས་སོང་།
དཔྱད་ཞིབ་ཡག་པོ་བྲིས་འདུག
དེ་ལྟར་བགྲོ་གླེང་ལྷུར་པོར་གནང་དང་ཕན་ཐོགས་ཆེན་པོ་འདུག བྱ་བ་ག་ལའང་ལེགས་ཉེས་གཉིས་ཡོད་པ་མ་བརྗེད་པ་གལ་ཆེ། བོད་མའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་མི་གཅིག་ལ་རེ་བ་བཅོལ་ནས་སྡོད་པ་གནའ་བོའི་བསམ་བློ་དེ་རྒྱུན་སྐྱོང་དགོས་སམ། ཡང་ན་ལམ་ཁ་གཞན་ཞིག་འཚོལ་དགོས་ཞེས་པ་དེ་རྣམ་པ་ཚོའི་བར་གྱི་བསམ་བློའི་འགལ་ཟླ་རེད་འདུག ད་ཆ་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་༧རྒྱལ་བ་རིན་པོ་དང་མཚུངས་པའི་ནུས་འབྱོན་ཅན་ཞིག་མངོན་གྱུར་མེད་པ་གསལ་པོ་རེད། དེའི་རྒྱུ་མཚན་གང་ལ་བརྟེན་འདུག་ང་ཚོས་འཚོལ་དགོས་པར་འདུག བོད་མིའི་སྤྱི་ཚོགས་ལ་དེ་ལས་འཚམས་པའི་ཐབས་གཞན་ཞིག་འཚོལ་ཐབས་འདུག་གམ། ཐབས་མེད་ན་རྒྱུ་མཚན་གང་རེད་འདུག དེ་བོད་མིའི་བསམ་བློའི་སྐྱོན་རེད་དམ་ཡང་ན་ལེགས་ཆ་རེད་ཅེས་བརྟགས་དགོས་པ་མངོན། མི་སུ་འདྲ་ཞིག་ཡིན་རུང་གཞུང་གི་གནང་སྟངས་ལ་བསམ་ཚུལ་བརྗོད་པའི་ཐོབ་ཐང་སྤྲོད་དགོས་པ་དེ་གལ་ཆེན་པོ་རེད། ཡིན་ནའང་དམངས་གཙོས་ཁྲིམས་དང་མཐུན་མིན་བརྟགས་དགོས་པར་འདུག རང་དབང་ཟེར་བ་དེ་ཁྲིམས་དང་མ་འགལ་བའི་ཐོག་ནས་འགྲོ་དགོས་པ་དེ་རྒྱལ་ཁབ་ཡོངས་ཀྱི་གཅིག་གྱུར་ཀྱི་གནས་སྟངས་ཤིག་ཡིན། གཞུང་དང་དེའི་ལས་སྣ་བ་གལ་ཆེན་ཞིག་ལ་སྐྱོན་བརྗོད་པ་ཙམ་གྱིས་རྒྱ་དམར་གྱི་རྒྱུགས་ཁྱི་སོགས་མིང་ཆད་སྣ་ཚོགས་ནས་བཟོས་ན་བསྡད་ན། མི་གཅིག་ལ་སྐྱབས་འགྲོ་བྱས་ནས་སྡོད་རྒྱུ་ལས་ཐབས་གཞན་ཞིག་གང་ནས་རྙེད།
གོང་དུ་དྲ་གྲོགས་ཚོས་བསམ་ཚུལ་གང་མང་གནང་འདུག བཀའ་དྲིན་ཆེ།
གཅིག
གཅན་བཟོད་རྒྱམ་དང་BBC གཉིས་ཀྱིས་སྐུ་དྲག་རིང་ལུགས་སྐོར་ཅིག་བཤད་གི་འདུག དེ་དག་གི་གོ་བ་ངེད་ཀྱིས་ཡག་པོ་ལོན་མ་སོང་།
དེའི་སྐོར་ཞིབ་ཚགས་བཤད་རོགས། དེ་གཅིག་ཡིན།
གཉིས།
རྒྱ་རི་རིན་པོ་ཆེའི་གསུངས་དེ་ལ་རྒྱུ་མཚན་ཡོད་རེད་དྲན། ཁོང་སྐུ་སྒེར་གྱི་ངོས་ནས་རྒྱུ་མཚན་ཡོད་རེད། ད་བར་དུ་རྒྱ་རི་རིན་པོ་ཆེ་༧རྒྱལ་བ་རིན་པོ་ཆེའི་དམིགས་བསལ་སྐུ་ཚབ་རེད།
དམིགས་བསལ་སྐུ་ཚབ་དེ་ཡང་གཙོ་བོ་ཆབ་སྲིད་ཀྱི་ཕྱོགས་ནས་རེད། ༧རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་སྐུ་དབང་མ་བཞེས་བའི་ཉིན་མོ་ནས། རྒྱ་རི་རིན་པོ་ཆེའི་སྐུ་ཚབ་ཀྱི་མིང་དེ་ལ་ཡང་འགྱུར་བ་ཞིག་འགྲོ་དགོས་གི་རེད་དྲན། དེས་ན། རྒྱ་རི་རིན་པོ་ཆེས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་དབུ་ཞྭ་དེ་ཕུད་པའི་ཉིན་མོ་ནས། བོད་གཞུང་གི་འོག་ནས་ལས་ཀ་བྱེད་འདོད་མེད་པའི་རྣམ་འགྱུར་གསལ་བོ་བསྟན་པ་རེད། རྒྱ་རི་རིན་པོ་ཆེ་ནི། གང་ཟག་གི་དབང་བསྒྱུར་མ་གཏོགས་ཁྲིམས་ཀྱི་དབང་བསྒྱུར་ལ་གོམས་མེད་མཁན་གྱི་གྲས་རེད།
གསུམ།
ཕལ་ཆེར་། འབྱུང་འགྱུར་གྱི་ཟླ་ངོ་དྲུག་གི་ནང་ཚུན་ལ། ༧རྒྱལ་བ་རིན་པོ་ཆེས་བགྲེས་ཡོལ་ཆ་ཚང་ཞུ་གི་རེད། བགྲེས་ཡོལ་ཆ་ཚང་ཞུས་ཚར་རུང་། བོད་རྒྱའི་གྲོས་མོལ་གྱི་གནད་དོན་འདི་མུ་མཐུད་རྒྱུན་སྐྱོང་དགོས་རེད་དྲན། དེས་ན། ད་ཕན་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་དང་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་ཚོའི་དབར་སྐད་ཆ་བཤད་བསྡད་པ་རེད། མ་འོངས་པར། ༧རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་ཀྱི་མིང་ཐོག་ནས་འབྲེལ་བ་བྱེད་གི་རེད་དམ། ཡང་ན་། བོད་གཞུང་གི་སྐུ་ཚབ་ཟེར་བ་ཞིག་ཟུར་ཏུ་ཡོང་གི་རེད། འདི་ཚོར་བསམ་བློ་ཞིག་གཏོང་རྒྱུ་མེད་འགྲོ་དྲན།
བགྲེས་ཡོལ་དང་འབྲེལ་བའི་བོད་ཡིག་གི་རྩོམ་གཉིས་ལ་དོ་སྣང་བྱུང་།
གཅིག་དེ་ལུང་རིགས་རྒྱལ་གྱིས་བྲིས་འདུག ལུང་རིགས་རྒྱལ་གྱི་རྩོམ་དེའི་དུམ་མཚམས་འོག་མ་ཞིག་གི་ནང་དུ།
“སྐུ་མདུན་གྱི་བགྲེས་ཡོལ་ལ་བོད་མི་རིགས་ཀྱིས་ངོས་ལེན་བྱས་པ་ནས་བཟུང་གནད་དོན་རེ་ཟུང་ལ་མངོན་གསལ་གྱི་འགྱུར་བ་ཡང་འགྲོ་དགོས། དཔེར་ན། ༢༠༡༡ ལོར་ཁོང་གིས་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་མཐའ་མ་དེ་བསྩལ་ཀྱང་ཆོག་གི་རེད། ཁོང་གིས་ཆོས་ལུགས་མ་གཏོགས། ཆབ་སྲིད་ཀྱི་མཛད་སྒོ་ཁག་གི་ནང་དུ་ཐུགས་འགན་མ་བཞེས་ན་ཡང་འགྲིག་གི་རེད། དེ་བཞིན་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གི་སྐུ་མདུན་གྱི་སྐུ་དབང་དེ་ཚོར་ཡང་བསམ་བློ་བཏང་ཆོག་གི་རེད། ཡིན་ཡང་། ཁོང་ནི་བོད་མི་རིགས་ཀྱི་ངོ་ཚབ་དང་མགྲིན་ཚབ་པ་གཉིས་སུ་མེད་པ་དེ་ཡིན་པ་ཇི་བཞིན། འདིའི་ཐད་ནས་མུ་མཐུད་དུ་ཐུགས་འགན་བཞེས་དགོས་སྐོར་ཞུ་དགོས་པ་རེད། འདི་ལ་༧སྐུ་མདུན་ཀྱང་ཐུགས་མོས་ཡོད་པ་ཁོང་གི་བཀའ་མོལ་གཞན་པ་དག་ན་གསལ་བོར་གསུངས་ཡོད། ད་ནས་བཟུང་བཀའ་ཁྲི་དང་ཁྲིམས་ཞིབ་པ། སྤྱི་འཐུས་ཚོགས་གཙོ་སོགས་ཀྱིས་ཀྱང་༧སྐུ་མདུན་གྱི་མདུན་ནས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པའི་དམ་འབུལ་མ་ཕུལ་ན་འགྲིག་གི་རེད།” ཞེས་བྲིས་འདུག ཕལ་ཆེར། ལམ་ཁ་འདི་ལ་འགྲོ་གི་རེད་དྲན། ཆབ་སྲིད་ཀྱི་སྐུ་དབང་མ་བཞེས་བའི་ཉིན་ནས། བཅའ་ཁྲིམས་ལ་འགྱུར་བ་ཞིག་ཏན་ཏན་འགྲོ་གི་རེད་དྲན།
གཞན་དེ་ཁང་གསར་རྡོ་རྗེའི་བྲིས་བ་དེ་རེད། ཁང་གསར་གྱིས། བགྲེས་ཡོལ་ལ་གློ་བུར་བའི་འཕྲལ་རྐྱེན་འགའ་དྲངས་འདུག་པའི་ཁོངས་སུ། ཀླུ་མཁར་བྱམས་ཀྱི་ཐ་སྙད་བེད་སྤྱོད་གཏོང་སྟངས་འགའ་ཡང་བཀོད་འདུག དེ་ཚོའི་རིགས་དེ། ཁང་གསར་རྡོ་རྗེ་སྒེར་གྱི་སེམས་ཁྲལ་མིན་འགྲོ་དྲན། གཞན་རྒྱུ་མཚན་ངེས་ཅན་མ་མཐོང་ངོ་།
བློ་བཟང་སེང་གེར་བཀའ་ཁྲི་ཐོབ་ན་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་རྙིང་པའི་ཁྲོད་དུ་དགོངས་པ་ཞུ་མཁན་ནི་རྒྱ་རི་ཚང་གཅིག་པོ་ཡིན་རྒྱུ་མ་རེད་བསམ། དཔེར་ན་བཀྲ་ཤིས་དབང་འདུས་དང་བསྟན་འཛིན་རྣམ་རྒྱལ་གཉིས་ཀྱིས་ཀྱང་བློ་སེང་གི་འོག་ནས་ལས་ཀ་བྱེད་མི་བྱེད་ཐེ་ཚོམ་རེད།
ཁྱད་མཚར་བ་གཅིག་ནི། བློ་བཟང་སེང་གེ་ཡིན་ན་འདྲ། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ན་འདྲ།
བཀྲ་ཤིས་དབང་འདུད་ཡིན་ན་འདྲ། འདི་གསུམ་ཀས་བཀའ་ཁྲི་མ་གཏོགས་བཀའ་བློན་བྱེད་འདོད་མེད་པ་དེ་རེད།
གལ་སྲིད། བཀའ་ཁྲི་མ་ཐོབ་ན། འདི་གསུམ་ཀ་རྡ་ལམ་ས་ལར་འགྲོ་གི་མ་རེད། སུའི་འོག་ཏུ་སུས་ལས་ཀ་བྱེད་འདོད་ཡོད་མེད་ཡང་གཅིག་མཚུངས་རེད།
གལ་སྲིད་བཀྲས་མཐོང་བཀའ་ཁྲི་ཆགས་ན། ཕྱག་རོགས་བཀའ་བློན་གཅིག་ལ་བློ་བཟང་སེང་གེ་བདམས་རུང་། བློ་བཟང་སེང་གེ་ཡང་བཀའ་བློན་བྱེད་དུ་འགྲོ་གི་མ་རེད།
ད་དེ་འདྲ་རེད། མི་མང་ལ་ཤེས་ཡོན་མེད་ན། གཅིག་མ་གཏོགས་གཞན་དེ་མི་བྱེད་མཁན་ཞིག་བཀའ་ཁྲི་ཆགས་འགྲོ་གི་རེད།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བགྲེས་ཡོལ་དུ་ཕེབས་ཀྱི་ཡིན་གསུངས་པ་ནི་དགོངས་པ་རླབས་ཆེན་ཞིག་ཡོད་པ་ནི་གདོན་མི་བཟའ་བ་ཞིག་ཡིན། རྒྱ་དམར་ཇག་པའི་གཞུང་དེས་བོད་ཀྱི་གནད་དོན་དེ་མགོན་པོ་གང་གི་སྐུ་སྒེར་གྱི་གནད་དོན་ཞིག་ཡིན་པར་བརྫུན་གཏམ་བཤོད་བཞིན་པ་དང་མཉམ་དུ་༧གོང་ས་མཆོག་སྐུ་ནམ་བཞུགས་རིང་ལ་བོད་དོན་དེ་ཐག་མ་བཅད་པར་ནར་འགྱངས་སུ་བཏང་ན་མ་འོང་པར་མི་རབས་རྗེས་མའི་དུས་སུ་བོད་དོན་བརླགས་འགྲོ་བའི་རེ་སྟོང་ཞིག་བཅངས་བཞིན་པའི་རྒྱ་དམར་གྱི་རེ་སྟོང་དེ་རེ་སྟོང་རང་ཡིན་པ་དང་མི་རབས་རྗེས་མ་ཚོས་བོད་ཀྱི་གནད་དོན་དེ་༧གོང་་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པ་དང་། ཇི་སྲིད་བོད་མི་ས་ཡ་དྲུག་མ་འཇིག་པ་དེ་སྲིད་དུ་བོད་ཀྱི་གནད་དོན་འཇིག་རྒྱུ་མིན་པ་རྒྱ་དམར་ནས་ཤེས་དགོས་པ་དེ་གནད་དེ་ཡིན།
དོན་དམ་དུ་ཀྱེ་གངས་རིའི་མགོན་པོ་སྤྱན་རས། །གནས་འདི་ན་ཁྱོད་ཀྱི་འདུལ་བྱ་ཡོད། ཞིང་འདི་ན་ཁྱོད་ཀྱི་
སེམས་ཅན་ཡོད་གསུངས་པ་བཞིན། ཇི་སྲིད་བོད་གངས་ཅན་གྱི་སེམས་ཅན་རྣམས་ཐར་པ་དོན་གྱི་གོ་འཕང་མ་ཐོབ་པ་དེ་སྲིད་དུ་མགོན་པོ་སྙིང་རྗེའི་གཏེར་གང་དེའི་སྐྱབས་འོག་ནས་ནམ་དོར་ཐབས་མེད།
རྒྱུ་ནོར་ལོངས་སྤྱོད་འཛོམས་ནའང་་འཇིག་རྟེན་འདིར། །སེམས་ལ་ཞི་བདེ་མེད་པའི་རྒྱུ་རྐྱེན་ནི། །རང་སེམས་མ་དུལ་འདི་ཡི་བྱུུང་ངོ་ཞེས། ཞི་བདེའི་དེད་དཔོན་ཁྱོད་ཀྱི་གསལ་བར་གསུངས། །
༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་སུ་འཇུག་རྒྱུ་དང་བློ་བཟང་སེང་གེ་བཀའ་བློན་ཁྲི་བར་འཇོག་རྒྱུ་གཉིས་ཀ་ཁ་བརྡ་རྩོམ་སྒྲིག་པའི་སྐད་ཆ་ལྟར་བཤད་ན་འགྲིག་རྟགས་ཤིག་རེད། འོན་ཀྱང་གངས་ཅན་སྐྱིད་གཤོངས་ཀྱི་མི་ཆེན་དེ་ཚོས་ཅི་ཞིག་སྙམ་གྱིན་ཡོད་ན། ཁོང་ཚོའི་བྲང་ཁོག་བསྔོག་དཀའ་ནི་རེད།
རྒྱ་རི་ཡིས་༧རྒྱལ་བ་རིན་པོ་ཆེས་དབུ་མ་འཁྲིད་པའི་གཞུང་ཞིག་གི་འོག་ཏུ་ཕྱག་ལས་གནང་འདོད་མེད་པའི་སྐད་ཆ་བཤད་འདུག ད་འོ་ན། བོད་རྒྱ་འབྲེལ་མོལ་གྱི་སྐུ་ཚབ་ཤིག་ཀྱང་འཚོལ་དགོས་སོང་ཨང་།
བདེན་པར་གསུངས་འདུག མོས་མཐུན་ཡང་བྱ་ཐུབ་པ་འདུག ང་ཚོས་༸རྒྱལ་བར་ཡིད་ཆེས་དང་། དགྲ་་བོར་ཡ་ལན་གྱི་དུས་ལ་འབབ་ནས་ཡོད། ཏག་ཏག་བྲིས་འདུག
༧་གོང་ས་༧་མཆོག་བགྲེས་ཡོལ་དུ་ཕེབས་ཚེ་བཀའ་བློན་གསར་པའི་ལས་དོན་གཙོ་བོ་ནི་
H.H.DALAI LAMA ADMINISTRATION
TIBETAN ADMINISTRATION ཞེས་ཡོད་སའི་གཞུང་གི་ལས་ཁུང་ཁག་གི་ཡིག་བྱང་དང་ལས་ཤོག་ཁ་བྱང་ལས་སོགས་བསྒྱུར་ནས་བོད་དོན་འདི་བོད་མི་མང་གིས་ཡིན་པ་དང་བོད་བཙན་བྱོལ་གཞུང་ཞེས་བསྒྱུར་ཐུབ་ན་བཀའ་བློན་སུ་ཕེབས་ཀྱང་འཇོན་སྟངས་ཆེན་པོ་རེད།
འདི་ནི་༧གོང་ས་༧་མཆོག་བགྲེས་ཡོལ་དུ་ཕེབས་པའི་རྗེས་སུ་ལས་དོན་གཙོ་བོ་ཞིག་ཏུ་སེམས་སོ།
ད་བར་འདི་ལ་འགྱུར་བ་གཏོང་དགོས་ཀྱིས་བསམ་ཚུལ་ཤོད་མཁན་མཐོང་རྒྱུ་ཤིན་ཏུ་དཀོན།
དེ་མིན་༧གོང་ས༧་མེད་པའི་རྗེས་སུ་ཇི་ལྟར་འགྱུར་བ་གཏོང་ཐུབ་བམ།
༧གོང་ས་༧་མཆོག་གི་དགོངས་པའི་གཏད་སོ་ཡང་དེ་རང་ཡིན་པར་སེམས་སོ།་
བགྲེས་ཡོལ་ནི་དུས་ཚོད་ཀྱིས་གཏུགས་པའི་བརྡ་ཞིག་ལས་ཐུགས་ཕམ་མིན་པ་ཀུན་གྱིས་ཤེས་གསལ་རེད། ངས་བཤད་འདོད་པ་གཙོ་བོ་ནི་རྩོམ་སྒྲིག་པས་”གཟིམ་ཆུང་མཇལ་ཁ་མ་རག་པར་ཕྱིར་བོད་དུ་བསྐྱོད་པ་”ཞེས་པའི་ཚིག་འགའ་ཀློག་པའི་སེམས་ཚོར་ཡིན། ཉེ་ཆར་པེ་ཅན་དུ་ཡོད་པའི་བོད་མི་སྐད་གྲགས་ཅན་ཞིག་གིས་འབྲེལ་ཡོད་ཅིག་ལ་ངེས་པར་༧གོང་ས་མཆོག་ལ་ཞུ་དགོས་པའི་སྐད་ཁ་ཤས་བསྐུར་ཡོད་ཀྱང་མི་དེར་གཟིམ་ཆུང་མཇལ་ཁ་མ་རག་པར་ཕྱིར་ལོག་སོང་། འདི་ལྟ་བུ་ནི་གཟིམ་ཆུང་མཇལ་ཁ་གོ་སྒྲིག་བྱེད་པའི་སྐུ་སྒེར་དྲུང་ཆེ་ག་གེ་མོ་དེའི་ནོར་འཁྲུལ་ཆེ་ཤོས་དེ་རེད། རྒྱུ་དང་ཁ་ངོ་ལ་མ་བལྟ། དོན་དག་གལ་ཆེ་ཆུང་ལ་བལྟས་ནས་གཟིམ་ཆུང་མཇལ་ཁ་གོ་སྒྲིག་གནང་རོགས་སྐུ་སྒེར་དྲུང་ཆེ་ཚོ།
སུ་ཡིན་མི་ཤེས་པའི་མི་སྐད་གྲགས་ཅན་དེ་ངོ་མ་སྐད་གྲགས་ཅན་ཞིག་ཡིན་ན་དེས་སྐད་བསྐུར་བྱུང་ཞེས་བརྗོད་ན་འཇལ་ཁ་མི་རག་པ་སྲིད་ཀྱི་མ་རེད། མ་བརྗོད་ན་མི་དེའི་ནོར་འཁྲུལ་རེད། རྒྱ་ནག་ནས་ཡོང་ཚད་ལ་མཇལ་ཁ་གཏོང་རྐྱང་བྱས་ན་ག་ནས་འགྲིག སྐུ་སྒེ་དྲུང་ཆེ་ཚོས་འགྲིག་འདུག
༧རྒྱལ་བ་རིན་པོ་ཆེའི་སྐུ་སྒེར་དྲ་ཤོག་སྟེང་ན། མཇལ་ཁའི་སྐོར་འདི་ལྟར་བཀོད་འདུག
མཇལ་ཁའི་སྐོར་ལ་ངོ་སྤྲོད།
༄༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་སྲིད་ཀྱི་དབུ་ཁྲིད་དང་། ལས་རིགས་འདྲ་མིན་གྱི་གལ་ཆེའི་མི་སྣ། གསར་འགྱུར་བརྒྱུད་ལམ་ཁག་གི་གསར་འགོད་པ། མི་རིགས་དང་རྒྱལ་ཁབ་འདྲ་མིན་གྱི་དད་ལྡན་མང་ཚོགས་བཅས་ནས་ཟུར་མཇལ་ཞུ་བ་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་འདྲ་མིན་གྱིས་མང་མཇལ་ཞུ་བའི་རེ་འདུན་རྒྱུན་མི་ཆད་པར་འདོན་བཞིན་ཡོད་ན་ཡང་། ྋགོང་ས་མཆོག་གི་མཛད་འཆར་དང་། མཇལ་ཁ་ཞུ་མཁན་གྱི་གལ་ཆེའི་རང་བཞིན་དང་དམིགས་བསལ་གྱི་རང་བཞིན་ལ་གཞིགས་ཏེ་སྐུ་སྒེར་ཡིག་ཚང་ནས་ཐག་གཅོད་བྱེད་དགོས་སྟབས། ཚང་མའི་འདོད་བློ་སྐོང་ཐབས་བྲལ།
དེ་བཞིན་རང་རིགས་ནང་དུ་ཡང་དགོན་སྡེ་ཁག་གི་བླ་སྤྲུལ་མཁན་པོ་དགེ་བཤེས་སོགས་དང་། སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་ལྷག་བསམ་ཅན། བྱས་རྗེས་ཅན། ཡང་ན་དད་ལྡན་མི་སེར་དཀྱུས་མ་སོགས་ྋགོང་ས་མཆོག་ལ་གཟིམ་ཆུང་མཇལ་ཁའམ་ཟུར་མཇལ་ཞུ་མཁན་མི་ཉུང་བ་ཞིག་ཡོང་གི་ཡོད་པ་བཞིན། ྋགོང་ས་མཆོག་བཞུགས་སྒར་ཕོ་བྲང་དུ་བཞུགས་ཡོད་སྐབས་གཟའ་འཁོར་གཅིག་ནང་འཆར་ཅན་རེས་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ཀྱི་ཕྱི་དྲོ་དུས་ཡུན་ཆུ་ཚོད་གཉིས་ཙམ་རིང་མཇལ་བཅར་བ་གལ་ཆེའི་རིགས་ལ་མཇལ་ཁ་གནང་གི་ཡོད་སྟབས། མཇལ་ཁ་ཞུ་མཁན་རྣམས་ཀྱིས་རང་ཉིད་ཟུར་མཇལ་དགོས་པའི་དམིགས་བསལ་རྒྱུ་མཚན་ཁ་གསལ་ བཀོད་པའི་སྙན་ཞུ་སྐུ་སྒེར་དྲུང་ཆེ་རྣམས་ལ་འབུལ་དགོས་ཤིང་། སྐུ་སྒེར་ཡིག་ཚང་ནས་ྋགོང་ས་མཆོག་གི་མཛད་འཆར་སོགས་རྒྱུ་མཚན་ལ་གཞིགས་ནས་ཟུར་མཇལ་ཡོང་མིན་ཐག་གཅོད་བྱ་རྒྱུ་ཡིན།
འོན་ཀྱང་བར་ལམ་ནས་བཟུང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་འདྲ་མིན་ལ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་རྒྱུ་ཇེ་མང་དང་། དེ་བཞིན་འཛམ་གླིང་ཡུལ་གྲུ་གང་ས་ནས་ཕེབས་པའི་ཆོས་སྲིད་ཀྱི་དབུ་ཁྲིད་དང་། ཚན་རིག་པ། མཁས་པ། གསར་འགོད་པ་སོགས་དང་མཇལ་འཕྲད་ཀྱི་གལ་ཆེའི་མཛད་འཆར་མང་པོ་གོ་སྒྲིག་ཞུ་དགོས་ཡོད་པ་དང་། མཛད་བྲེལ་ཤིན་ཏུ་ཆེ་བ་སོགས་ཀྱི་དབང་གིས། བོད་མི་མཇལ་ཁ་ཞུས་པ་ཚང་མའི་རེ་འདུན་འགྲུབ་ཐབས་མེད་པས་ཀུན་གྱིས་བསམ་ཤེས་གནང་གལ།
དེ་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་བོད་རིགས་དད་ལྡན་མི་མང་དང་། ཚོགས་སྡེ་སྐྱིད་སྡུག་སོགས་ནས་མང་མཇལ་ཞུ་མཁན་ཡང་མི་ཉུང་བ་ཞིག་ཡོད་མོད། དམིགས་བསལ་དགོན་སྡེ་ཁག་དང་། ཚོགས་འདུ་གལ་ཆེའི་ཚོགས་མགོན་སོགས་སུ་ཕེབས་ན་ལས་གོང་བརྗོད་བཞིན་ྋགོང་ས་མཆོག་མཛད་བྲེལ་ཤིན་ཏུ་ཆེ་བ་སོགས་ཀྱི་དབང་གིས་མང་མཇལ་དེ་རིགས་ཀྱང་ཧ་ཅང་ཉུང་དུ་བཏང་ཡོད། ྋགོང་ས་མཆོག་ལ་མང་མཇལ་ཞུ་བའི་གོ་སྐབས་ཡག་ཤོས་དེ་ྋགོང་ས་མཆོག་གིས་གསུང་ཆོས་གནང་སྐབས་ཕེབས་ལམ་གཡས་གཡོན་དང་། གསུང་ཆོས་ར་བའི་ནང་ནས་རྒྱང་མཇལ་ཞུ་རྒྱུ་དེ་ཡིན་པས་ཚང་མས་ཐུགས་འཇགས་འཚལ།
བོད་ནས་གསར་དུ་འབྱོར་བའི་གནས་སྐོར་བ་དང་། སྐྱབས་བཅོལ་བ། སློབ་གཉེར་བ་སོགས་ཀྱིས་བོད་གཞུང་སྣེ་ལེན་ཁང་དུ་ཐོ་འགོད་བྱས་ཚེ། ྋགོང་ས་མཆོག་གི་མཛད་འཆར་དང་གསར་འབྱོར་བའི་མང་ཉུང་ལ་གཞིགས་ ནས་མང་མཇལ་གནང་གི་ཡོད།།
ཁུངས།
http://gyalwarinpoche.com/officehome1.php