ཨ་ཚོགས་ཀླུ་མཁར་བྱམས།
དང་པོ། སྤྱན་རས་གཟིགས་ཁྲིམས་སྒོར་མི་ཤོངས།
སྤྱན་རས་གཟིགས་མི་ཡི་ཤ་གཟུགས་སུ་བྱོན་མིན་གྱི་སྐད་ཆ་འདི་ཁྲིམས་ཀྱི་ངོ་བོ་ནས་གཏན་འཁེལ་བྱས་པ་ནི། གདུལ་བྱ་འདུལ་སླ་བའི་ཆེད་དུ་ཡིན་ངེས་མོད། དུས་རབས་ཀྱི་བློ་མིག་ཅན་ཚོས་ལས་འདི་ལྟར་བགྱི་མཁན་ལ་དྲི་བ་གཞན་ཞིག་འདྲི་ངེས།
༡ འཆར་ཟིན་སྔོན་གླེང་ནང་༸གོང་ས་སྐྱབས་མགོན་ཆེན་པོ(བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པའི་བོད་མི་ཡོངས་ཀྱི་(མགོན་སྐྱབས་དང་། བླ་ན་མེད་པའི་དབུ་ཁྲིད་་་་)ཡིན་ཞེས་པར། ༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་སྐྱབས་མགོན་དང་། བླ་ན་མེད་པའི་དབུ་ཁྲིད་ཡིན་ཆོག་ལ། ཡིན་ཡང་ཡིན་ཁར། ཆོས་ཕྱོགས་ནས་བཤད་ན་སྤྱན་རས་གཟིགས་དབང་དུ་སྒྲུབ་པར་ང་ཚོར་དཀའ་ངལ་ཅི་གང་མེད་མོད། གང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་གྱིས། ཁོང་བོད་ཀྱི་(བླ་ན་མེད་པའི་དབུ་ཁྲིད)ཆགས་པ་རེད་ཟེར་ན། བཤད་སྟངས་འདི་ནི་བོད་རིགས་ནང་པ་ཚོ་ལས་ཁྱབ་མི་ཐུབ་ཁར། མ་གཞི་༸གོང་ས་མཆོག་གི་ཐུགས་དགོངས་ལྟར་(བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ)བཟོ་དགོས་ཕྱིན། སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་མིན་ནི་སྒྲོམ་གཞི་དེའི་ནང་ཤོང་ཐུབ་པ་ཞིག་མིན།
༢ འཆར་ཟིན་སྔོན་གླེང་ནང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ལ་བསྡོམས་བརྒྱག་སྐབས་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་སྒེར་རམ། ཡང་ན་དགའ་ལྡན་ཕོ་བྲང་དང་། བཙན་བྱོལ་བོད་(མིའི་)གཞུང་ཟེར་བ་སོགས་སྒྲིག་འཛུགས་བྱེ་བྲག་པའམ། གང་ཟག་སྒེར་གཙོ་འདོན་བྱས་པ་ལས། རྒྱ་དམར་གཞུང་གིས་བོད་ལ་ཁྲིམས་འགལ་བཙན་འཛུལ་བྱས་པའི་རྐྱེན་གྱིས། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་རྒོལ་ཚབས་ཆེན་བཏང་བ་དང་། བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་ཚེ་སྲོག་ཤོར་བ། དེང་སྐབས་ཀྱང་རྒྱའི་བཙོན་འོག་ན་བཙོན་པ་སྟོང་ཕྲག་ཁ་ཤས་ཡོད་པ་སོགས་མང་ཚོགས་རང་བཞིན་དང་། གཞི་རིམ་ཀྱི་དཀའ་ངལ་རིགས་དམིགས་འདོན་མ་ཐུབ་པ་ནི་སྔོན་གླེང་དེའི་ཞན་ཆ་ཆེ་ཤོས་རེད།
༣ འཆར་ཟིན་སྔོན་གླེང་ནང་དམངས་གཙོའི་སྐོར་ལ་འགྲེལ་བརྗོད་བྱེད་སྐབས་(༸གོང་ས་ཆེན་པོའི་ཐུགས་ལ་བརྣག་པའི་(ཡང་དག་པའི་)མང་གཙོའི་ལམ་ལུགས་དབུ་འཛུགས་གནང་སྟེ)ཞེས་པའི་ཚིག་བརྗོད་ལྟ་བུ་དང་། དེ་དང་འབྲེལ་བའི་ཁ་སྔོན་བགྲེས་ཡོལ་ཐད་ཀྱི་(བཀའ་ཤག་གི་གསུང་བཤད་དང་བསྡོམས་ཚིག་)ཟེར་བའི་ནང་དུ་(འདས་པའི་མི་ལོ༥༢རིང་བཙན་བྱོལ་སྤྱི་ཚོགས་ཀྱི་མང་གཙོའི་མདུན་བསྐྱོད་ཇི་ཙམ་བྱུང་བ་ཆ་ཚང་༸གོང་ས་མཆོག་གི་དབུ་ཁྲིད་དང་ལམ་སྟོན་ཁོ་ན་ལས་བྱུང་བ་མ་གཏོགས། མང་ཚོགས་རང་ཉིད་ནས་འབད་རྩོལ་དང་གསར་བརྗེ་ལས་བྱུང་བ་གཅིག་ཀྱང་མེད་)ཅེས་ཐ་ཚིག་གིས་བཅད་ཡོད། ༸གོང་ས་མཆོག་ནི་དམངས་གཙོ་རིང་ནས་ཐུགས་ལ་བརྣག་པའི་སྐྱེ་ཆེན་དམ་པ་ཞིག་ཡིན་པ་སྨོས་མེད་དང་། བཙན་བྱོལ་ཁྲོད་ཀྱི་དམངས་གཙོ་ནི་གཞི་རྩའི་ཁོང་གི་དབུ་ཁྲིད་ལམ་སྟོན་འོག་བྱུང་བར་བཤད་ཆོག་ཀྱང་། སྐབས་དེ་དག་ཏུ་བོད་གཞིས་བྱེས་གཉིས་དང་ཁྱད་པར་དུ་བཙན་བྱོལ་ནང་དམངས་གཙོར་འདུན་པ་ཅན་གྱི་མི་སྣ་ཡང་མང་ཉུང་ལ་མ་ལྟོས་པར་ཡོད་(རང་དབང་དང་། དམངས་གཙོའི་ཟེར་བའི་ཚགས་ཤོག་སྣ་ཚོགས་བཏོན་མྱོང་ཡོད)ཐག་ཆོད་དང་། ཤེས་འཇོན་གཉིས་ལྡན་གྱི་མི་སྣ་མང་པོ་ཞིག་གིས་ཐོག་མཐའ་བར་གསུམ་དུ་༸གོང་ས་མཆོག་གི་གཤམ་འོག་ནས་དམངས་གཙོ་བསྐུལ་འདེད་ཆེད་ལས་དོན་སྣ་ཚོགས་སྒྲུབ་དང་བསྒྲུས་མུས་ཡིན་ན། བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་ལ་བསྡོམས་རྒྱག་དགོས་ཕྱིན། གནས་ཚུལ་འདི་དག་གི་ཟུར་ཙམ་ཡང་མ་གླེང་བའི་ཁར་(གཅིག་ཀྱང་མེད་ལབ་ན)དེ་ནི་སྤྱི་ཚོགས་འཕེལ་ཕྱོགས་ལ་གཟི་བོའི་བསྡོམས་ཅིག་མ་རེད་འདོད།
༤ གོང་ནས་བརྗོད་པ་ལྟར། འཆར་ཟིན་ནང་༸གོང་ས་མཆོག་ནི་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བླང་དོར་གྱི་ལམ་སྟོན་པ། བོད་མི་རིགས་དང་། དེའི་ཆིག་སྒྲིལ་གྱི་མཚོན་རྟགས་ཡིན་ཞེས་འཁོད་པ་དག་ནི་ཁྲིམས་སྒྲིག་རང་བཞིན་གྱི་ཆེ་བསྟོད་ཅིག་ཡིན་ཕྱིན། དོན་ཚན་འདི་དག་གིས་འགྲིག་ཐག་ཆོད་ཡིན། འོན་ཀྱང་སྔོན་གླེང་ནང་མུ་མཐུད་(་་་་བོད་མི་ཡོངས་ཀྱི་སྨྲ་དབང་། གནས་བབ་དེ་ནི་ལོ་བརྒྱ་ཕྲག་མང་པོའི་བྱུང་རབས་དང་། ལེགས་བྱང་། མངའ་དབང་ལྡན་པའི་བོད་མིའི་མངོན་འདོད་བཅས་ལས་གྲུབ་པ་ཡིན། དེའི་ཕྱིར་གཤམ་གསལ་གྱི་ཐུགས་འགན་དང་སྐུ་དབང་རྣམས་རང་ཆས་སུ་ཡོད)ཟེར་བ་འདི་རེད། ཚན་པ་འདི་ཡི་ནང་དོན་ཕར་ཞོག་དང་པོ་ཚིག་ངོས་ནས་ཀྱང་གོ་བརྡ་འཕྲོད་ཀྱི་མི་འདུག་མོད། གོང་འོག་གི་ཚིག་མདོ་སྒྲིལ་ཏེ་ཨུ་ཚུགས་ཀྱིས་གོ་བ་ཞིག་བླངས་ན། དང་པོར་༸གོང་ས་མཆོག་(གིས་)བོད་མི་རིགས་ཀྱི་སྨྲ་དབང་དང་། བོད་མི་རིགས། བྱུང་རབས། ལེགས་བྱང་། མངའ་དབང་བཅས་ཚང་མ་མཚོན་དགོས་ཡོད་ཟེར་བ་འདྲ་བོ་དང་། ཡང་ན་༸གོང་ས་མཆོག་གི་སྒང་(ལ)བོད་མི་རིགས་ཀྱི་སྨྲ་དབང་དང་། བོད་མི་རིགས། བྱུང་རབས། ལེགས་བྱང་བཅས་ཀྱིས་སྐུ་དབང་འདི་དག་ཕར་སྐུལ་ཡོད་ཟེར་རེད་དམ། སྔ་མ་ཡིན་ན ༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་སྨྲ་དབང་(མགྲིན་ཚབ་པ་ཡིན་པ་འདྲ) བྱུང་རབས་(ལོ་རྒྱུས་ལ་ཟེར་བ་འདྲ) ལེགས་བྱང་(དཔལ་ཡོན་ནམ། ཡང་ན་རིག་གནས) མངའ་དབང་(བདག་དབང་གི་དོན་ཡིན་པ་འདྲ)ཚང་མ་མཚོན་ཐུབ་མིན་ལ་མ་ལྟོས་པར། ཁོང་སྐུ་རྐྱང་གིས་མཚོན་དགོས་དོན་མེད་ལ། (གོང་གི་དམར་རྟགས་ཅན་གྱི་མིང་ཚིག་དག་མི་རེ་གཉིས་ཤིག་གི་ལོག་སྐད་ཡིན་སྟབས། བཅའ་ཁྲིམས་དང་ཡོངས་གྲངས་ཚིག་བརྗོད་སྤེལ་རྒྱུ་གལ) ཕྱི་མ་ལྟར་ན་བོད་མི་རིགས་ཀྱི་སྨྲ་དབང་དང་། བོད་མི་རིགས། བྱུང་རབས། ལེགས་བྱང་། མངའ་དབང་བཅས་ཀྱི་ངོས་ནས་བོད་དོན་གྱི་ཐུགས་འགན་ནི་བོད་ཀྱི་ཆབ་འབངས་སྤྱི་བོ་གནམ་བསྟན་ཚང་མར་ཡོད་པ་ལས། ༸གོང་ས་མཆོག་སྐུ་རྐྱང་ཁོ་ན་རང་ཆས་སུ་འཁྲིས་དགོས་ཞིག་ག་ལ་ཡིན། གལ་སྲིད་སྔོན་གླེང་ནང་ཚིག་སྦྱོར་འདི་འདྲ་ཞིག་སྤེལ་དགོས་ཕྱིན། གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་ལམ་ལུགས་དབུ་བརྙེས་པ་ནས་བཟུང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་དང་། བླང་དོར་གྱི་ལམ་སྟོན་པར་ཁྲིམས་དང་སྲོལ་གཉིས་ཐད་ནས་གོང་བཀུར་བྱུང་ཞིང་། ཁྱད་པར་དུ་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཆེན་པོ་མཆོག་ནི་ཆོལ་གསུམ་བོད་འབངས་ཡོངས་ཀྱི་ཆོས་འཇིག་རྟེན་གཉིས་ཐད་ནས་ཆིག་སྒྲིལ་གྱི་མཚོན་རྟགས་ལྟ་བུར་གྱུར་ཡོད་ ཅེས་འཁོད་པ་ཡིན་ན། ལོ་རྒྱུས་ཀྱི་ངོས་དང་ཤེས་རིག་གི་འཕེལ་འགྱུར་གང་ནས་དོན་དངོས་དང་མཐུན་པ་ཞིག་རེད།
ལར་ནས་ཕྲན་གྱི་རེ་བ་ཡིན་ན། གོང་གི་ཡང་བསྐྱར་གསོལ་འདེབས་ཞུ་དགོས་ཟེར་བའི་བཅའ་ཁྲིམས་ཀྱི་སྔོན་གླེང་དང་། དོན་ཚན་གསུམ་ཅན་འདི་ཇི་བཞིན་བཅའ་ཁྲིམས་ནང་བཀོད་མི་དགོས་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་ལ། གལ་སྲིད་འགོད་དགོས་ཐུག་ཀྱང་དེ་ནི་བཅའ་ཁྲིམས་གསར་བའི་ཟུར་བརྒྱན་གྱི་ཁོངས་སུ་འགོད་རྒྱུའམ། འཛིན་སྐྱོང་གི་སྲིད་བྱུས་བཀའ་རྒྱའི་ངོ་བོ་དང་། ཡང་ན་གྲོས་ཚོགས་ཀྱི་གྲོས་ཆོད་ངོ་བོ་ནས་སྐུ་མདུན་ལ་ཟུར་ཞུས་བྱས་ཀྱང་ཆོག དེ་བཞིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བོད་གཞུང་བར་གྱི་འབྲེལ་བ་ནི་གལ་ཆེན་ཡིན་པ་སྨོས་མེད་ཀྱང་། འབྲེལ་ལམ་དེ་དང་(༸་གོང་ས་མཆོག་གི་སྐུའི་ཉེན་སྲུང་སྐོར་སོགས)གཞུང་གི་སྲིད་བྱུས་ཀྱི་ངོ་བོའི་ཐོག་ནས་སྐབས་བསྟུན་བབ་གཟིགས་གནང་རྒྱུ་ལས། བཅའ་ཁྲིམས་ཀྱིས་བསྐུལ་དགོས་པ་ཞིག་མིན་པར་འདོད།
གཉིས་པ། ཁ་བསྒྱུར་མིན་ནམ་སྙམ།
གསོལ་བ་སླར་ཡང་འདེབས་རྒྱུའི་དོན་ཚན་གསུམ་པོ་དེ་ནི་གཡག་ལ་མ་གཅེས་ཁྲག་ལ་གཅེས་ཟེར་པའི་དཔེ་བཞིན་ཞེ་འདོད་དངོས་མ་དེ་ཡིན་པ་དང་། བཙན་བྱོལ་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རྒྱུ་དང་། དགའ་ལྡན་ཕོ་བྲང་གི་ཚབ་ལ་བདེན་པ་གཉིས་སམ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་སོགས་བྲིས་ནས་འུར་མགོ་སླངས་བ་ནི། དོན་དངོས་ཁ་བསྒྱུར་བྱེད་པའི་སྒྱུ་རྩལ་ཅིག་མིན་འགྲོ་སྙམ།
༡ ད་ཐེངས་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ་འདི་ནི། གཞི་རྩའི་བཅའ་ཁྲིམས་ནང་འཁོད་པའི་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་(འོན་ཀྱང་། ༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་བྱས་པ་དང་འབྲེལ། ཁོང་གི་བླ་བྲང་དགའ་ལྡན་ཕོ་བྲང་གི་མིང་གནས་བོད་ཀྱི་གཞུང་ལ་འགེབ་པ་ནས་ངང་གིས་འཐེན་འགྲོ)གནང་རྒྱུ་ཁོ་ནར་དམིགས་ན་འོས་པ་ལས། དབུ་མའི་ལམ་ནས་བོད་རྒྱ་ཞི་མོལ་ཡོང་མིན་དང་། བཙན་བྱོལ་བོད་གཞུང་གི་མིང་གནས་ཕྱིར་བསྡུ་སོགས་ལ་འབྲེལ་བ་མེད་ཀྱང་། ཁྲིམས་བཟོ་དབུ་ལས་རྣམས་ལ་བཅའ་ཁྲིམས་འདི་སྒོ་གང་ཐད་ནས་ལམ་དབུ་མ་དང་མཐུན་སྡེབ་ཡོང་ཐབས་ལ་ཐུགས་རེ་ཆེ་ཚོད་དང་། ཁྱད་པར་དུ་འཆར་ཟིན་འདིའི་མགོ་ནས་མཇུག་བར་བཙན་བྱོལ་བོད་གཞུང་འབྲི་བའི་ཚབ་ཏུ་བཙན་བྱོལ་བོད་(མིའི་)སྒྲིག་འཛུགས་ཟེར་བ་སོགས་ཚིག་གསར་རྐྱང་སྤེལ་ཡོད།
ཁ་ཉིན་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས། བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་དགོས་པའི་སྒྲུབ་བྱེད་དུ། བོད་གཞུང་གི་མཚན་གནས་དང་འབྲེལ་བའི་ཁ་མཆི་གཉིས་ཁྲིམས་ཁང་ག་གེ་མོའི་ནང་ཡོད་སྐོར་དང་། དེང་སྐབས་རྒྱ་གཞུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཁུར་ནས་ཁྱོད་ཚོས་རང་བཙན་རྩོད་ཀྱིན་འདུག བཅའ་ཁྲིམས་ནང་(རྒྱལ ཁབ)འདུག་ལབ་ནས་སྐྱོན་བརྗོད་བྱེད་མཁན་བྱུང་། སོང་ཙང་བོད་གཞུང་གི་མིང་གནས་འགྱུར་བ་མ་བཏང་རང་བཏང་རེད་ཟེར། དང་པོ་ཁ་མཆི་དེ་འདྲ་ཡོད་སྲིད་ཀྱང་ཁ་མཆུ་ནི་ཁ་མཆུ་རང་ཡིན་སྟབས། བཟང་ཐག་ངན་ཐག་ཆད་རགས་བར་དུ་སྒུག་རྒྱུ་ཞིག་དང་། གཉིས་པར་རྒྱ་གཞུང་གིས་ཅིག་ལབ་ཚུལ་ལ་བཞུགས་ནས་འགྱུར་བ་གཏོང་དགོས་ན། ང་ཚོར་འཚོ་གནས་བྱེད་སའི་ས་ཁོད་ཅིག་མེད་པ་ལོ་རྒྱུས་ཀྱི་ཉམས་མྱོང་ལོས་ཡོད། མ་གཞི་ཁོ་བོ་རང་ཉིད་བོད་རང་བཙན་རྩོད་མཁན་ཞིག་ཡིན་མིན་ལ་མ་ལྟོས་པར་། བཞེངས་ཕྱོགས་འདིའི་ལམ་དབུ་མ་དོན་དངོས་བོད་དོན་འཐབ་རྩོད་ཀྱི་ངོ་བོར་ཁེ་ཕན་ཡོད་པར་ངེས་འཛིན་གྱིས་ལམ་དེར་བསྐྱོད་མཁན་ཚོར་ཡང་གྱོང་ལས་ཁེ་མེད་པར་འདོད།
མ་ཟད་དེ་བས་བཅའ་ཁྲིམས་ཟིན་བྲིས་ཚོགས་ཆུང་གིས་ཚིག་བརྗོད་འདི་དག་སྤེལ་པ་ནི་མི་མང་གི་མཐོང་ཕྱོགས་ཁ་བསྒྱུར་བྱེད་རྒྱུའི་ཆེད་དུ་རེད་ཅེས་མཐའ་གཅིག་ཏུ་ཀུན་སློང་ལ་སྐྱོན་འཛུགས་མིན་མོད། དཔེར་ན་མང་ཚོགས་ནང་ད་ཆ་འུར་མགོ་ལངས་བཞིན་པ་ནི་བོད་གཞུང་གི་མིང་བྱང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་བསྒྱུར་རུང་མིན་གྱི་སྐོར་ཡིན་སྟབས། བཅའ་ཁྲིམས་གསར་བའི་སྔོན་གླེང་ནང་༸གོང་ས་མཆོག་ལ་(གསོལ་འདེབས་ཞུ་རྒྱུའི་དོན་ཚན་གསུམ་ཅན་)འཁོད་པ་འདི་བཞིན། སླར་ཡང་ཡར་འབུལ་རུང་མིན་བཅས་ཀྱི་དོན་དངོས་གནད་དོན་ཐོག་མང་ཚོགས་ཀྱི་དོ་སྣང་སླེབས་ཐུབ་ཀྱི་མེད་སྟབས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཟེར་བའི་ཚིག་སྦྱོར་འདི་དག་གིས་གནད་དོན་ཁ་བསྒྱུར་བྱས་འདུག་སྙམ།
ཡང་དེ་ཙམ་མ་ཡིན་པར་ ༡ འཆར་ཟིན་ནང་བཅའ་ཁྲིམས་ལ་འགྱུར་བ་གཏོང་སྐབས་སྤྱི་ལྷན་གྱིས་ཁ་ཐུག་བཏང་ཆོག་པ། ༢ བཀའ་ཁྲིས་གཙོས་བཀའ་བློན་ལས་རོགས་རྣམས་ཀྱི་ལས་ཡུན་རྒྱས་བཅད་མེད་པ། ༣ གྲོས་ཚོགས་ཀྱིས་བཟོས་པའི་ཁྲིམས་སྒྲིག་གི་མཐའ་མའི་གཏན་འབེབ་གྲོས་ཚོགས་རང་ལ་ཡོད་པ། ༤ བཀའ་བློན་ཁྲི་བར་བོད་རྒྱལ་ཁབ་ཀྱི་དབུ་ཁྲིད་བཅས་འབྲི་རྒྱུའི་ཚབ་ལ་(འཛིན་སྐྱོང་གི་འགན་འཛིན་)ཙམ་ཞིག་བཀོད་པ་བཅས་ནི་ཞར་ཞོར་གྱི་སེམས་འཚབ་དུ་འཁུམས།
གསུམ་པ། གྲུབ་ཆ་འདིའི་འདི་གསལ་བཤད་ཅིག
ཟིན་བྲིས་ཚོགས་ཆུང་དེ་དབང་ཤུགས་ཀྱིས་གྲུབ་ཡོད། བླ་མ་ཟམ་གདོང་ཚང་གིས་རི་བོ་དགེ་ལྡན་པའི་ཞེ་འདོད་འབུར་གཟུགས་སུ་བསྣམས་ཡོང་བ་ནི། ༸གོང་ས་མཆོག་དང་བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་དབང་གཉིས་ངོ་བོ་དབྱེར་མེད་དུ་སྒྲུབ་ནས་བཅའ་ཁྲིམས་ནང་འཇུག་ཐུབ་ན་དེ་ལས་གཞན་པའི་ལས་དོན་ནི་སྒྲུབ་ཆོག་ཆོག་ཡིན། སྒྲོལ་མ་རྒྱ་རིའི་རྒྱབ་ལྗོངས་ཨ་ཅང་ཅང་། བཅའ་ཁྲིམས་གསར་བའི་ནང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་མུ་མཐུད་འཁོད་རྒྱུ་ཞིག་བྱུང་དགོས་ལ། དོན་ཆེན་འདིའི་ཆེད་དུ་སྒྱུ་རྩལ་གྱི་རྣམ་གྲངས་ལ་ཐོག་པ་མེད། དེ་ལས་ལྷག་པའི་ཚོགས་ནི་ཚོགས་གཙོ་སྤེན་ཚེ་དང་། བཀའ་བློན་ལུང་རིགས་སོགས་ཀྱིས། གཞས་གདངས་ལ་རམ་འདེགས་ཐུབ་ན་སྐྱབས་འོག་ནས་མི་དོར་བའི་ཉམས་མྱོང་ཡོད།
སྐབས་བབ་ཀྱི་བརྗོད་སྙིང་ནི་༸གོང་ས་མཆོག་གིས་སྐུ་དབང་མར་སྩལ་བ་ནས། གང་ཉིད་བགྲེས་ཡོད་ལ་ཕེབས་པའི་སྐོར་འགྲིག་མིན་གྱི་སྐད་ཆ་བཤད་རྒྱུ་ལྷག་མེད་ལ། ང་ཚོས་མདུན་དུ་ལྷག་པའི་ལས་དོན་ནི་སྐུ་དབང་མར་ལེན་པ་ལ་ལེན་སྟངས་ཤིག་དང་། སྐུ་དབང་ཕྱིར་བསྡུ་དང་འབྲེལ་བའི་ཁྲིམས་སྒྲིག་བཟོ་བཅོས་རྒྱག་སྐབས། ཆེ་ས་ནས་བོད་ཀྱི་རྒྱལ་བསྟན་སླར་གསོའི་ཆེད་ཆར་པ་ཆུ་གྲོགས་ཀྱི་མཐུན་རྐྱེན་ལ་འགྲོ་ཐུབ་པ་ཞིག་དང་། རྒྱ་ཆུང་ས་ནས་བཙན་བྱོལ་གཞུང་མུ་མཐུད་གནས་ཐུབ་པ་ཞིག་ལ་དམིགས་དགོས་ཕྱིན། ལས་དོན་འདིའི་ནང་བོད་མི་སྤྱི་བོ་གནམ་བསྟན་ཚང་མས་འཕྱར་གྲུ་མཉམ་འདེགས་དགོས་པ་ཧ་ཅང་གལ་ཆེ་ལ། འདི་ནས་ཆེད་དུ་ཞུ་འདོད་པ་ནི་ཁྲིམས་ཀྱི་དམིགས་སྒོ་ནི་དྲང་ཤིང་སྙོམས་པ་ཞིག་ཡོང་དགོས་པ་དེ་ཡིན་ན། ཁྲིམས་དྲང་པོ་ཡོང་མིན་གྱི་འགག་རྩ་ནི་ཁྲིམས་བཟོ་མཁན་གྱི་སྐྱེས་བུ་དེ་དག་ཆོས་ལུགས་གང་རུང་གི་དད་ཞེན་ཅན་དང་། ཆབ་སྲིད་དམ་ཁེ་ཕན་སྟོབས་ཤུགས་འདྲ་མིན་གྱི་ངོ་ཚབ་པ་སོགས་ཤུགས་རྐྱེན་ཅི་རིགས་འོག་ཚུད་མེད་པའི་(མི་གཙང་མ)དང་(ཆེད་ལས་པ)རྐྱང་ཡིན་དགོས་པ་དེ་ཡིན།
མདོར་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཞིན་ཁྲིམས་སྒྲིག་གཞི་ལས་བརྒལ་བའི་ཁྲིམས་སྒྲིག་འདི་ཚོའི་ནང་ཆོས་ལུགས་བྱེ་བྲག་པ་དང་། ཆབ་སྲིད་སྟོབས་ཤུགས་འདྲ་མིན་གྱི་མངོན་འདོད་མི་སླེབས་རྒྱུ་ཧ་ཅང་གལ་ཆེ་ལ། ཁྱད་པར་དུ་ཁྲིམས་ཀྱི་ཚིག་སྤྱོར་སྤེལ་སྐབས་ལུང་སྐད་བྱེ་བྲག་དང་། ཚོར་བའི་རང་བཞིན་དང་། རྒྱན་ཚིག་རང་བཞིན་གྱི(སྤྱན་རས་གཟིགས་མིའི་ཤ་གཟུགས་སུ་བྱོན་པ)(བདེན་པ་ཉིད་རྒྱལ་གྱུར་ཅིག)སྐད་ཆ་མི་སླེབས་རྒྱུ་གཙོ་འདོན་བྱེད་དགོས། དེ་བས་ཕྲན་གྱིས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལས་དོན་འདིའི་ནང་། ཆོས་ལུགས་དབང་ཤུགས་དང་། ཆབ་སྲིད་ཕྱོགས་གཏོག་གི་རྒྱབ་ལྗོངས་ཅན་གྱི་མི་སྣ་ཉུང་ཙམ་དང་། ཆེད་ལས་རང་བཞིན་དང་། ཀུན་སྙོམས་རང་བཞིན་གྱི་ངོ་བོ་འབུར་དུ་ཐོན་ཐུབ་པའི་རེ་བའང་བྱེད་ཀྱི་ཡོད། དེ་ལྟར་བྱས་ན་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཐུགས་དགོངས་འགྲུབ་ཐུབ་ལ། བོད་མི་རིགས་ཀྱི་འཕྲལ་ཕུག་ཀུན་ལ་དགེ་བའི་རྒྱུ་རུའང་འགྱུར་སྲིད།།
སྤྱི་ལོ་༢༠༡༡ཟླ་༥ཆེས་༡༧ཉིན། རྡ་རམ་ས་ལ་ནས།
ཀླུ་མཁར་བྱམས་ཀྱི་དད་པ་ས་འདི་ནས་རིག་གི རྨོངས་དད་ཡིན་རྒྱུ་མ་རེད་བསམ་གི གཉིས། དཔྱད་གཏམ་འདི་འབྲི་དུས་ཁྱེད་རང་ཡང་ཚོར་བའི་དབང་དུ་སོང་འདུག གསུམ་རྩོམ་ཡིག་འདིའི་ནང་དུ་ལེགས་ཆ་ལེན་རྒྱུ་ཡོད་ཀི། བཞི། རྩོམ་ཡིག་ཀློག་དུས་གཟབ་གཟབ་དགོས་པ་རེད། ལྔ། ཉིད་ཀྱི་སྐད་ཆ་འགའ་རེ་སུ་ཞིག་ལ་བརྡ་སྟོན་དང་གང་ཞིག་ལ་རོགས་འདེགས་ཡིན་མིན་དེ་རེད། དྲུག ཟིན་བྲིས་ཚོགས་ཆུང་ལ་ཟུར་མདའ་རྣོ་པོ་ཞིག་འཕང་འདུག་པ་དེ་རེད། གང་ལྟར་མགོ་ནས་མཇུག་བར་དུ་ཐེངས་ཤིག་ཞིབ་ཀློག་བྱས་ཟིན། འདི་བདེན་དང་རྫུན་ཟེར་ཕོད་ཀྱིན་མི་འདུག
སྤྱིར་ལས་བྱེད་དང་དབུ་ཁྲིད་གང་ཞིག་རྒན་ཡོལ་ཞུ་རྒྱུ་ནི་རང་བཞིན་ཞིག་རེད། ཡིན་ན་ཡང་བོད་ཀྱི་ལས་དབང་གི་ཐད་ནས་བསམ་ན། ལྷག་པར་གཞིས་ལུས་བོད་མི་ཡོངས་ཀྱི་སེམས་འདུན་དང་བསམ་བློའི་ངར་སློང་གི་ཆ་ནས་བསམ་ན། གཞིས་ལུས་མི་མང་རྡོག་ལ་སྒྲིལ་བའི་གཟུང་ཐག་གི་ཆ་ནས་བསམ་ན། ཕྱི་རྒྱལ་སྤྱིའི་མི་སྣའི་མཐོང་ཚུལ་དང་ཆ་འཇོག་སོགས་ཕྱོགས་མང་པོ་ནས་བསམ་ན། ༧གོང་ས་མཆོག་ཆབ་སྲིད་ཀྱི་དབུ་ཁྲིད་ལས་དགོངས་པ་ཞུས་པ་དངོས་བདེན་ཡང་། ང་ཚོས་སྔ་གཞུག་ལ་བསམ་གཞིགས་མ་བྱས་པར་ལེགས་སོ་ཟེར་རྐྱང་བྱས་ཚེ། མ་འོངས་པར་མཇུག་འབྲས་ཅི་ཡོང་ལ་བསམ་ན་ཧ་ཅང་སྐྱི་ཡ་བའི་གནས་ཚུལ་མང་པོ་མང་པོ་ཞིག་མིག་མདུན་དུ་ལྷགས་ངེས་རེད་སྙམ་ཞིང་། ངས་བལྟས་ན་འདིའི་ཐད་ཀྱི་མཁས་དབང་འཇམ་དབྱངས་ནོར་བུའི་དཔྱད་གཞིའི་ཡིག་ཆ་ལ་རིན་ཐང་འདུག་སྙམ་པས། ཀླུ་མཁར་བྱམས་ལགས་ཀྱིས་དཔྱད་གཞི་བྲིས་པར་ལེགས་སོ་དང་། ད་དུང་གནས་ཚུལ་འདི་དང་འདི་ལྟ་བུ་རྣམས་ལ་གཟུ་བོའི་བསམ་གཞིགས་རེ་ཅིས་ཀྱང་འཚལ།
༄༅། ། ཀླུ་མཁར་བྱམས་ཀྱི་རྒྱལ་གཅེས་དང་རྣམ་དཔྱོད་ཀྱི་རྩལ་ལས་འཁྲུངས་པའི་བསམ་ཚུལ་ཁག་ཐེངས་ཤིག་ཞིབ་ཀློག་བྱས་པས་རང་སེམས་ལ་བློ་སྤོབས་ཆེན་པོ་བསྐྱེད། ངོ་མ་ཆབ་སྲིད་བཙོན་ཟུར་ཁོང་དང་ཁོང་གི་འཐབ་གྲོགས་གནམ་ལོ་ཡག་དང་ཚེ་མགོན་རྒྱལ་སོགས་ཀྱིས་གངས་ལྗོངས་བོད་རྒྱལ་ཁབ་དང་མི་རིགས་ལ་བཅངས་པའི་ལྷད་མེད་པའི་སྙིང་སྟོབས་ལས་ང་ཚོས་བོད་བཙན་པོའི་སྐབས་ཀྱི་དཔའ་རྒོད་རྣམ་རིག་ཅན་ཚོའི་གདོང་རིས་རགས་ཙམ་ཞིག་མཐོང་ཐུབ། རིང་མིན་ཚོགས་ལ་ཉེ་བའི་གཞུང་དམངས་རྒྱལ་ཡོངས་ཚོགས་ཆེན་སྐབས་ཁོང་དང་ཁོང་འདྲ་བའི་ན་གཞོན་རྣམ་དཔྱོད་ཅན་ཚོས་བཏོན་པའི་དགོངས་ཚུལ་ཁག་ལའང་བདག་སྐྱོང་གིས་ཕན་ནུས་ལྡན་པའི་བགྲོ་གླེང་ལྷུག་པོ་ཡོང་བའི་སྨོན་འདུན་ཤུགས་དྲག་བཅས། བོད་རྒྱལ་ལོ། །
དུས་ལ་བབས་པའི་སྐད་ཆ་ཞིག་བཤད་འདུག དོན་གྱིས་རང་གི་རྣམ་དཔྱོད་དེ་ཡང་ངོམས་ཙམ་གནང་འདུག་པས་ན་དགའ་ཞིང་སྤྲོ་ནས་ཡོད་དོ།།
རྒྱལ་ཁམས་ཀྱི་ཁ་སངས་རྒྱས་ཀྱིས་ཀྱང་མི་ཆོད་ཟེར་བ་རེད། ཁྱོད་ཀྱིས་ཆོད་ཀི་མ་རེད། དེ་ཚོར་སེམས་མ་འཁྲེལ་ཞིག
དགོད་བྲོ་བའི་སྐད་ཆ། མགོ་ནས་སྤྱན་རས་གཟིགས་ཟེར་མི་ཐུབ་ཟེར།
མཇུག་ནས་རྒྱལ་དབང་ཐམས་ཅན་མཁྱེན་པ་ཟེར་། ཐམས་ཅན་མཁྱེན་པ་དང་སྤྱན་རས་གཟིགས་གཉིས་ལ་ཁྱད་ག་རེ་འདུག་གམ། མ་གཞི་འདིའི་རིགས་འདིས་བོད་ཀྱི་བླ་སྲོག་གཏོར་འདོད་གི་ཡོད་པ་རེད།
ཁྱད་ཆོས་དྲུག་དང་ལྡན་པའི་ངག་དེ་ངག་ཀྱལ་གྱི་མཚན་ཉིད། ཁྱད་ཆོས་དྲུག་ནི། དོན་མེད་པ། དོན་ལོག་པ། གཞན་གྱི་ཅི་ཟེར་ཙམ་གྱི་ཐོས་པ་ལྷུར་ལེན་པ། རང་ཉིད་གྲགས་འདོད་ཀྱིས་རྩོད་པ་ཙམ་ལྷུར་ལེན་པ། ངན་གཡོའི་ཟོལ་སྦྱོར་ལ་རྟེན་པ། རང་གཞན་ལ་ཕན་པའི་དོན་གྱི་སྙིང་བོ་མེད་པ་བཅས་སོ།།
ལམ་དབུ་མའི་བཅའ་ཁྲིམས་ཤིག་ཏུ་བཟོ་འཆར་ཡོད་པ་ལྟ་བུ་ནས། ཟིན་བྲིས་ཚོགས་ཆུང་གི་ཀུན་སློང་འདི་དང་གན་རེད་ཅེས་བཤད་པ་འདི་སྤྱིར་ཡིན་ན་དཔྱད་པར་བྱ་བ་དང་། ལོ་རྒྱུས་ཀྱི་ཉེས་འགལ་ཆེན་པོ་ཞིག་ཀྱང་ཡིན་པ་སྨྲས་ཅི་ལ་དགོས་ཏེ། འོན་ཀྱང་གོང་དུ་གཞོན་ནུ་ཟླ་མེད་ཀྱིས་གསུངས་པ་ལྟར། སྐབས་འདིར་མ་འདྲ་བ་ཞིག་བཤད་ཁུལ་གྱིས་རང་ཉིད་གྲགས་འདོད་ཀྱི་འདུན་པ་དགུང་དུ་འཕྱུར་འདུག་པ་གསལ་བོ་རེད་འདུག་པས། བྱུང་ན་མཆོག་དམན་སུས་ཀྱང་འདི་འདྲའི་བརྗོད་སྟངས་ལ་བདག་པོ་མ་རྒྱབ་ན་དགའ་ནི་རེད། ཁོང་ཚོ་དག་སྟེ་རང་བཙན་པ་དག་གིས་ལམ་དབུ་མར་ཀླན་ཀ་འཚོལ་སྟངས་འདིའི་རིགས་ནི། ལྡི་ལི་ན་གཅེས་པའི་ཚེ་སྲོག་གཏའ་མར་བཞག་པའི་རྒྱལ་གཅེས་པ་གསུམ་གྱིས་གོ་ནའང་བློ་ཕམ་ཅི་འདྲ་ཞིག་མེད་དམ།
མ་གཞི་ནས་ཀླུ་མཁར་བྱམས་ཟེར་བའི་ལག་པ་མི་གཙང་བ་འདིས་ཅིག་ཤེས་ཁུལ་གྱིས་ལམ་དབུ་མ་དང་རང་བཙན་བར་ལ་ད་བར་མགོ་ཚོས་ལ་མ་ཚོས་པའི་སྐད་ཆ་བཤད་ནས་སྤྱི་ཚོགས་ལ་བརྡབ་གསིག་ག་ཚོད་བྱུང་མིན་ལོ་རྒྱུས་སུ་གསལ་བོ་རེད། སྤྱིར་བཏང་རང་བཙན་གྱི་ལྟ་བ་ཡིན་གདའ་ཡིན། ཁྱེར་ཆོག་གདའ་ཆོག ཡིན་ནའང་བློས་གཏོང་དང་ཆོད་སེམས་གང་ཡང་མེད་པར། མཐའ་གཅིག་ཏུ་རང་ཕུང་དཀྲུག་གི་སྐད་ཆ་བཤད་ན་ཕན་པ་ཅི་ཞིག་ཡོད་དམ།
གཞོན་ནུ་ལྷན་ཚོགས་ཀྱི་ད་ཐེངས་ཀྱི་ཟས་བཅད་འདི་དཔེ་མཚོན་གསལ་བོ་ཞིག་ཡིན། བྱེད་སྟངས་འདིས་གང་ཟག་སོ་སོ་ལའང་སྔར་ལས་རང་བཙན་སྨྲ་བའི་ཐོབ་ཐང་དམིགས་བསལ་ཡོད་པར་བྱས་ཡོད། རང་བཙན་སྨྲ་བ་སུས་ཀྱང་བཅའ་ཁྲིམས་བསྐྱར་བཅོས་ལམ་དབུ་མའི་གཞི་ཐིག་སྟེང་བབས་འདུག་ཚུལ་གཟིགས་ཀྱི་མེད་པས་ན།xxxxxxxxxxxxxxxxxxxxx
ཡུལ་དུས་དང་འཚམས་པའི་རྩོམ་ཅིག་བྲིས་འདུག གོང་གི་ཁོ་ཚེ་བློ་ཕུན་ཅན། ཁྱོད་ཀྱིས་བཤད་ན་ལམ་དབུ་མར་ཅི་ཡང་བཤད་མི་ཆོག་པ་དང་། རུང་སུངས་ཀྱི་མལ་ས་མ་དཀྲུག་པའི་ཞི་མཐུན་གྱི་སྤྱི་ཚོགས་ཤིག་དགོས་ཟེར་བ་དེ་ཡིན་པ་འདྲ། ལོས་བདེན་ང་ཚོར་ཞི་མཐུན་གྱི་སྤྱི་ཚོགས་ཤིག་དགོས་པ་ལོས་བདེན། འོན་ཀྱང་། སྤྱི་ཚོགས་ཞི་མཐུན་གྱི་རྨང་གཞི་རུལ་སུངས་ཡིན་མི་ཉན་ཡཱ། མ་གཞི་ཀླུ་བྱམས་རྩོམ་ཀྱི་ཡག་ཕྱོགས་དེ་ཁྱོད་ཚོ་གཞི་མེད་སྐྱོན་འཛུགས་བྱེད་མཁན་དག་གིས་ནམ་ཡང་མཐོང་མི་ཐུབ་པ་དང་། ཁྱོད་ཀྱིས་མི་ལ་སྐྱོན་འཛུགས་བྱེད་སྐབས་ཀྱི་སྐད་ཆའི་ལྗིད་ཁོག་ལ་ཅིག་ལྟོས་དང་། ཁྱེད་ཅག་འབྲི་མཁན་དག་ངོ་མི་ཚ་ན་ང་ཀློག་མཁན་ངོ་ཚ་གི་ཡཱ།
དེ་རིང་ལས་བྲེལ་ཞིག་གི་དབང་གིས་ཞིབ་ཀློག་བྱ་ཐུབ་མ་སོང་།
ནང་ལ་སོང་ནས་ག་ལེར་ཀློག་གི་ཡིན།
ཨ་ཚོགས་ཀླུ་མཁར་བྱམས། ༸གོང་ས་མཆོག་ལ་སྤྱན་རས་གཟིགས་ལབ་མི་ཆོག་པ་བཟོ་མཁན་xxxxxxxxxxxxxxxxxxxxxxxxxx
རྩོམ་གྱི་མགོ་བརྗོད་དང་ནང་དོན་གཉིས་ཞེ་དྲག་ར་མཐུན་གྱི་མིན་འདུག མགོ་བརྗོད་ལ་བལྟས་ན་༸གོང་ས་མཆོག་གི་ད་ལྟའི་མཛད་པ་ཁག་གཅིག་བཅའ་ཁྲིམས་ལས་བརྒལ་བའི་བཟོ་འདྲ་འདུག ཡང་ནང་དོན་ལ་བལྟས་ན་༸གོང་ས་མཆོག་གི་བྱས་རྗེས་བཤད་པའི་བཟོ་འདྲ་འདུག འོན་ཀྱང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་འོངས་པའི་དཔྱད་རྩོམ་སྤེལ་བ་ལ་དགའ་བསུ་ཡོད། ཁོ་བོས་བཤད་ཐལ་ཆེ་དྲག་གི་ཡོད་ན་མི་ཤེས། ངས་བལྟས་ན་ཁྱེད་རང་ཡང་ཟླ་བ་ནོར་བུ་དང་། ལི་ཐང་ཨ་ཐར་དང་། ལྷ་བཟང་ཚེ་རིང་། འཇམ་དབྱངས་ནོར་བུ་བཞིན་དུ་དྷ་སའི་མི་མང་གི་མིག་ལ་མི་འགྲོ་བའི་རིགས་ཤིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་ལྟ་བུ་མཐོང་། ཡིན་ན་ཡང་རང་གི་སེམས་ལ་གང་དྲན་བྲིས་ཕོད་པའི་སྙིང་སྟོབས་ལ་བསྔགས་བརྗོད་ཡོད། དེ་ལྟ་བུ་ནི་སྤྱི་ཚོགས་ནང་ལ་ཆེས་ཉུང་གི
ད་དུས་བབ་དང་ཁ་བརྡ་ལ་ཐག་ལས་རིང་ཙམ་བསྡད་ན་རང་གཞན་གཉིས་ཕན་ཡིན་ས་རེད།
ཀླུ་མཁར་བྱམས་ལྟ་བུའི་རང་དོན་བློས་བཏང་ཐུབ་མཁན་སི་ཡོད་གསལ་བོ་ཤེས་གི་རེད། ཁོང་ལྟ་བའི་བོད་མི་རིགས་ལ་ཕན་སེམས་དང་རང་ཉིད་ཅི་ལ་འང་མི་འཛེམ་པ་ཞིག་ལ་ཚིག་ངན་དང་མཐོང་ཆུང་བྱས་ན་རང་ཉིད་ཀྱི་མཁྱེན་རྒྱ་ཕྱིར་ངོམ་པ་དང་རྒྱ་མིའི་ཕྱོགས་ལང་ནས་བཤད་པ་ལས་གཞན་ཁྱེད་ཚོ་དངོས་གནས་༧གོང་ས་མཆོག་ལ་དད་དམ་གཡོ་བ་མེད་པ་རེད་འདིག་སེས་ཀྱང་སེམས་ལ་འཆར་མི་སྲིད་དོ། བདག་གི་ལག་གཉིས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་རྒྱུ་ལ་ཁོང་ལྟ་བའི་རྒྱལ་ཞེན་ལྷག་བསམ་ཅན་ལ་རྒྱབ་སྐྱོར་དང་སེམས་ཤིག་སྤར་མ་ཐུབ་ཀྱང་། གཏན་ཚིག་ཡང་དག་གང་ཡང་མེད་བཞིན་དགག་པ་རྒྱང་རྒྱང་བརྒྱབ་ན་གང་རི་འདིའི་ཕར་རྒྱབ་ན་ཡོད་ནི་ཚོས་གོ་ན་ཅི་ཞིག་འཆར་སྲིད། བཀའ་མོར་གང་གསུངས་ཀྱང་འགན་ཁུར་ན་བཟང་།
xxxxxxxxxxxxxxxxxxxxxxx
དགེ་བཤེས་གྲོགས་བེ་རི་ཚང་དང་ཀ་རྡོ་སོགས་ལ་ཐུང་ཙམ་ཞུ་རྒྱུ།
དྲ་ངོས་འདིར་གནས་ཚུལ་འདྲ་མིན་ཐོན་པ་བདེན་པ་ཡིན་ནའང་། དེས་ཁ་བརྡ་དྲ་རྒྱ་ཁོ་རང་ལ་སྐུ་རླུང་བསྟན་ན་ཏག་ཏག་ཅིག་སྡོད་ཀྱི་མི་འདུག མ་གཞི་ནས་ཉིན་འདི་ཚོར་ཡོང་མཚམས་བཞག་ནས་ལྟོས་སྡོད་པའི་སྒང་ཡིན། ཡིན་ནའང་ལོས་འདེད་དེ་དྲ་བ་དང་དྲ་བདག་ལ་བྱེད་ས་འགྲོ་མིན་མི་ཤེས་ཀི མཆན་གཅིག་ལ་བཏགས་མཆན་ཐོབ་རྗེས་ཁོ་རང་ཤར་ཤར་འགྲོ་ཐུབ་ཀི་ཡོད་ཙང་། རྩོམ་སྒྲིག་པས་དེ་ལ་བྱ་ར་བྱས་ནས་སྡོད་ཁོམ་མེད་པ་དེ་གསལ་བོ་ཤེས་གསལ་ཅིག་ལ། དགེ་བཤེས་ཚང་དྲ་བ་འདིའི་བརྩི་བཀུར་བྱེད་ས་རེད་ལ། ཞེ་ས་མ་ཞུས་ན་དྲ་བ་དང་དགེ་བཤེས་གཉིས་ཀ་བཀའ་དྲིན་ཕར་ཆེ་ཚུར་ཆེ་རེད། དེ་གཉིས་ཀྱི་དོན་རྩ་བོད་ཀྱི་རིག་གནས་སྐད་ཡིག་གི་སྟེང་དུ་བབས་མེད་ཀྱང་། འབབ་རྒྱུའི་ཀུན་སློང་ཡོད་པ་དེའང་འཛམ་གླིང་ཀུན་གསལ་རེད། དེས་ན་དགེ་བཤེས་མཆོག་གིས་ས་ཐོག་ནས་ཡག་སྡུག་ག་རེ་བྱུང་ནའང་ས་བཞག་ནས་འགྲོ་གི་ཡིན་མ་གསུངས་བར།གང་ལྟར་ཁ་བརྡའི་རྐང་འགན་ཅིག་བཞེས་རྒྱུ་ང་སྒེར་ནས་རེ་སྐུལ་ཞུ་རྒྱུ་ཡིན།
ཀརྡོ་རབ་འབྱམས་པ་དང་། བེ་རི་འཇིགས་མེད་འདི་གཉིས་དམར་ཕྱོགས་པའི་ལྟ་བ་དང་འདྲ་སེ་འདུག སྨྲ་བརྗོད་རང་དབང་མེད་ན་དམངས་གཙོ་བཤད་དགོས་པའི་རྒྱུ་མཚན་གང་ཡིན། མ་གཞི་ཁོང་གི་རྩོམ་ལ་རེ་རེ་ནས་སྐྱོན་ཆ་རྣམས་སྟོན་དང་། དགའ་བསུ་ཞུ་བགྱི་ལས་མ་འདས། ང་རང་གི་ངོ་ནས་བཤད་ན་ཁོང་གི་རྩོམ་ཡིག་འདི་དུས་དང་མཐུན་པ་ཞིག་མཐོང་གི་འདུག
བཀུར་འོས་དྲ་གྲོགས་རྣམ་པ་ལགས།
ཀླུ་མཁར་བྱམས་ཀྱིས། མིག་དང་རྣ་བ་བོད་ལ་གཏད་ཀྱང་། སེམས་རྒྱ་ནག་ལ་ཤོར་འདུག དེའི་རྒྱུ་མཚན་ནི། དངོས་སུ་བོད་ཀྱི་ཁྱད་ཡོན་ལ་དགག་བཞག་བྱས་ཀྱང་དོན་གྱིས་ལྡོག་ཕྱོགས་ནས་གསལ་བ་ནི། རྒྱ་གཞུང་ལ་རྒྱུ་ཆ་སྤྲད་པ་དང་གཅིག་མཚུངས་རེད་ཡ། འདས་པའི་ལོ་རྒྱུས་ནི་འདས་པ་རང་ཡིན་པས་ན། ཕྱིར་ལྡོག་ཐུབ་པ་ཞིག་མ་རེད། དེ་ལས་མ་འོངས་པའི་ཁ་ཕྱོགས་ཀྱི་ཆེད་དུ། ལྟ་བ་ལངས་ཕྱོགས་གསར་བས་འགྲོ་ལམ་བསྟན་ནས། བསམ་ཤེས་དང་གུ་ཡངས་ཀྱིས་བསྐྱོད་ན། བོད་དེ་བོད་པ་ཡིན་སྟབས། གོ་བ་དང་ལག་ལེན་ཞིག་ཡོད་པ་རེད། འདི་ནི། དམའ་འབེབས་དང་ཡི་རངས་མ་བྱས་པ་མིན་རུང་། ཕན་ནུས་མ་ཐོན་པའི་རིགས་དེ་སྤེལ་རུང་། ཚོར་སྣང་དང་ཆོ་གའི་ལས་ཀར་འཁྱུད་འགྲོ་བས་ན། ད་ནས་བཟུང་། ད་ལྟའི་ཁ་སྟབས་སྐྱོ་བོའི་གནས་སྟངས་འདི་ལས་གྲོལ་ཕྱིར། གཅིག་གྱུར་མཉམ་ལས་ཀྱི་ནུས་སྟོབས་མཁོ་གལ་ཆེན་པོ་ཞིག་ཏུ་འཁུམས་སོ།།
དྲ་རྩོམ་ཨ་ཁུའི་དབུ་ལ་ཕོགས་ཙང་། དྲ་རྒྱ་རྒྱ་མིའི་ཕྱོགས་ལ་བཅད་ན་དེ་དན་དན་་བསྡད་ཡོད་མེད་མི་ཤེས།
གོང་ན་ཀརྡོ་རབ་འབྱམས་པ་ཟེར་བའི་༼༸ གོང་ས་མཆོག་ལ་ཁ་གཏོང་མཁན་གཞིས་སྡོད་བྱམས་པ་འཕྲིན་ལས་དང་། གསར་འབྱོར་བ་ཀླུ་མཁར་བྱམས་གཉིས་པོ་དེ་བོད་མི་ཚོས་དམར་གསོད་གཏོང་ན་ག་འདྲ་འདུག་ཚར་གཅིག་སོམས་དང་། དད་ལྡན་བོད་རིགས་ཚོ༽ཞེས་བྲིས་འདུག གོང་གི་བེ་རི་འཇིགས་མེད་མིང་ནས་ཁོང་ལ་ཐུགས་རྗེ་ཆེ་ཞུས་འདུག ཉིད་ཀྱིས་མི་དམར་གསོད་ཐོང་ཟེར་བ་འདིར་ཐུབས་རྗེ་ཆེ་ཞུས་པ་ཡིན་རྒྱུ་མ་རེད། དེ་ཡིན་ན་ཚབ་ཆེན་རེད་དོ༌༌༌༌༌༌
དེ་དང་ཆབས་ཅིག་ངས་སླར་ཡང་ཁ་བརྡ་ཚང་ལ་འབོད་སྐུལ་ཅིག་ཞུ་རྒྱུ་ཡོད། ངས་སྔོན་ཆད་ཀྱང་འདི་ལྟར་བཤད་མྱོང་ཡོད། ང་ལ་ཁ་གཏོང་མཁན་ཚོས་ངའི་ཁ་མི་གཙང་། ལག་མི་གཙང་། སེམས་མི་གཙང་། ཐ་ན་མཇེ་ཡན་ཆན་ནི་གཙང་ཟེར་ནས་སྐྱོན་བརྗོད་བྱས་ཀྱང་ཁྱད་པར་རྐང་གཅིག་མེད། འོན་ཀྱང་༼དམར་གསོད་གཏོང་ན་ག་འདྲ་འདུག༽ཟེར་བ་སོགས་དྲ་ཐོག་ལ་ཡོང་ན་མི་ཡག་གི་ཡཱ། འདི་ཚོ་ཚོད་འཛིན་ཅིག་བྱ་ཐུབ་ན་ཡག་པོ་འདུག མ་གཞི་ཁག་པོ་རེད༌༌༌༌
བེར་འཇིགས་ལ་མ་གཞི་ནས་རང་བསྟོད་དེའི་ཚོད་ཀྱི་དྲ་ཐོག་ཏུ་རྩོམ་སྤེལ་ནུས་པའི་འབྲི་རྩལ་ཞིག་མི་འདུག ཡིག་ནོར་མང་དྲགས་ནས་ཀློག་ཡོང་རྒྱུ་ཞིག་མི་འདུག མིས་སྐྱོན་ལ་མཛུབ་མོ་བཙུགས་ཡོང་དུས་ལབ་རྒྱུ་གཞན་མ་རྙེད་ནས་མིང་ངོ་མ་བྲིས་ནས་ཤོག་ལས་རྒྱུ་བསྟར་རྒྱུ་ཡོད་མདོག་གི་འཇིགས་སྣང་བསྐུལ་གྱིན་ཡོད་པ་རེད། མི་ལ་ཡོན་ཏན་མེད་ན་མིང་ཆེན་པོ་དང་གསལ་པོ་བྲིས་ནས་ཡོང་རྒྱུ་ཞིག་གང་ཡོད། ཁ་བརྡ་ལ་རྩོམ་འགོད་མི་རུང་ཟེར་བ་དེ་ངོ་ཚ་འོས་པའི་སྐད་ཆ་ཞིག་རེད། འདི་མ་གཞི་ནས་སྤྱི་ཚོགས་ཐུན་མོང་གི་གླེང་སྟེགས་ཤིག་རེད། འདི་ན་རང་དབང་ཡོད་པ་རེད། རང་དབང་ཡོད་ས་ལ་ཞུགས་མཁན་མང་བ་རེད། སྐད་ཆ་ཡག་སྡུག་སྣ་ཚོགས་གོ་རྒྱུ་ཡོད་ས་ལ་མིས་དོ་སྣང་བྱེད་གི་རེད། ཚང་མ་ཁ་བརྡ་ལ་ཞུགས་དགོས། སྐད་བཤད་འདོད་པ་ག་རེ་ཡོད་ཀྱང་བཤད་རོགས།
གྲོགས་པོ་ཀླུ་མཁར་བྱམས། ཁྱོད་རང་གོ་ནོར་ཐེབས་འདུག ངས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བ་དེ། ད་ནས་ཁ་བརྡ་དང་རིང་ཙམ་བྱས་ན་ཡག་ས་རེད། ཅེས་པ་དེར་ཞུས་པ་ཡིན། ཁྱོད་ཀྱིས་རང་མིང་དངོས་སུ་བྲིས།་རང་ཉིད་གདོང་ལ་ཐོན་ནས་བསམ་ཚུལ་བཤད་པ་ལ་ཐད་ཀར་དགག་བཞག་བཟོ་ཆོག་ཆོག་ཡིན་པས། ངས་དེ་འདྲ་ག་ལ་བཤད་སྲིད། གཅིག་བྱས་ན་ངས་འབྲི་སྟངས་དེ་སྟབས་བདེ་དྲགས་སོང་བ་ཡིན་རྒྱུ་རེད། ངས་རང་མིང་སྨོས་མཁན་དང་སྤྱི་ཚོགས་ཀྱི་སྐྱོན་ཡོན་ལ་དྤཡོད་བརྗོད་སྤེལ་མཁན་ཚོར་དགའ་བཟུ་ཞུ་གི་ཡོད། ངས་དོགས་གཞི་སློང་ས་དེ་མིང་རྫུན་འོག་ནས་རྒྱ་གཡོག་རྒྱུ་མཁན་དང་།་དེ་རིགས་བསམ་བཞིན་རྒྱ་ཡན་གཏོང་མཁན་གྱི་དྲ་བདག་ཚོ་ལ་ཞུས་པ་ཡིན། མིང་རྫུན་གོན་མཁན་གསུམ་ཙམ་ཐོན་འདོན་གསལ་བོ་བྱུང་ཡོད། དེ་ཚོ་ག་ལེ་ག་་ལེར་ལྟད་མོ་མཐོང་གི་རེད། གོ་ནོར་མེད་པ་མཁྱེན།
ཀ་རྡོའི་བཤད་སྟངས་དེ་འཇིགས་སྐུལ་གྱི་སྐད་ཆ་ཚབ་ཆེན་རེད། རང་དབང་དང་དམངས་གཙོའི་ལུང་པ་འདིར་སྐད་ཆ་འདི་འདྲ་བཤད་ན་རྒྱ་མིའི་སྔོན་དུ་ངོ་ཚ་དགོས་པ་ཞིག་རེད། མ་གཞི་ཀ་རྡོའི་སྐད་ཆ་འདི་ཁྱི་གཅིན་བཞིན་ག་ས་གང་ལ་ཟག་མི་དགོས་ས་གཅིག་ཀྱང་ཡོད་པ་མ་རེད། ཡིན་ན་ཡང་ཀ་རྡོས་ད་ལྟ་བར་དུ་སྐད་ཆ་དོན་སྙིང་ཡོད་པ། ལེན་རྒྱུ་ཡོད་པ། ཐ་ན་ཆགས་སྡང་གི་ཚོར་སྣང་སྣ་གཅིག་སྐྱེད་པའི་ནུས་པ་ཅན་ཞིག་ཀྱང་ཀྱང་བཤད་མྱོང་བ་ངས་དྲན་གྱིན་མི་འདུག ངོ་མ་ཡིན།
སྐུ་སྐྱིད་ཧམ་པ་ཤོད། རྐུ་མ་རྐུས། འཇག་པ་རྒྱོབས། མི་གསོད། འོན་ཀྱང་བོད་རིགས་གཅིག་གིས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ལ་ཁ་མ་གཏོང་ཞུ་རྒྱུ་ལས་ང་ལ་ཅང་ལྷག་མི་འདུག་ལགས།
གོང་དུ་ཁོ་ཚེ་བློ་ཕུན་གྱིས་གསུངས་པ་ནི་ཤིན་ཏུ་ཡིད་ལ་སོང་།
ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་བོད་མི་རིགས་ལ་ཤ་ཞེན་ཡོད་ཁུལ་གྱིས་འཛེམས་ཟོན་མེད་པར་ད་བར་དུ་སྤྱི་ཚོགས་ནང་མདའ་དཀྲུག་ཕུ་དཀྲུག་བྱས་ཡོད།
ངས་ཁྱེད་ལ་གོ་བརྡ་ཞིག་སྤྲོད་རྒྱུ་ལ། ཁྱེད་ཀྱིས་ནམ་ཡིན་ཡང་༧གོང་ས་མཆོག་ལ་དམའ་འབེབས་བྱེད་རྐྱང་བྱེད་པ་ནི་ང་ཚོའི་སེམས་ནང་བཀག་ནས་ཡོད། ཁྱོད་ཀྱིས་རང་དབང་ལུང་པ་རེད་བསམ་ནས་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལོངས་སུ་སྤྱོད་དང་། ང་ཚོས་ཀྱང་མང་གཙོའི་ལམ་ནས་ཁ་བརྡ་དང་ལག་མཉམ་དུ་སྤྲོད་ངེས་ཡིན། དེ་སྔོན་ཁྱོད་ཀྱིས་བྲིས་པའི་ཚིག་དམ་དེ་ཚོ་མདོ་སྨད་ས་རྒྱུན་གྱིས་ལྷང་ལ་ཕུད་པ་ང་ཚོས་ཉལ་ཚགས་བྱས་ནས་ཡོད། ད་རེས་ཡང་ཁྱོད་ཀྱིས། ༼གང་ཉིད་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པའི་རྒྱུ་མཚན་གྱིས། ཁོང་བོད་ཀྱི་(བླ་ན་མེད་པའི་དབུ་ཁྲིད)ཆགས་པ་རེད་ཟེར་ན། བཤད་སྟངས་འདི་ནི་བོད་རིགས་ནང་པ་ཚོ་ལས་ཁྱབ་མི་ཐུབ༽ ལབ་ནས་ཚིག་ཐག་བཅད་པ་འདི་ཧ་ཅང་ཐལ་དྲག་པའི་སྐད་ཆ་རེད།
ལོག་ལྟ་ཅན་ཁྱོད་ལྟ་བུ་ཡིན་ན་སེམས་ལ་དེ་འདྲ་ཤར་ནས་བཤད་པ་ལས། ༧གོང་ས་མཆོག་ནི་བོད་ཀྱི་ནང་པ་ཙམ་མིན་པར་འཛམ་གླིང་ཐོག་གི་ནང་པ་ཡོངས་རྫོགས་ཀྱིས་འཕགས་པ་སྤྱན་རས་གཟིགས་དངོས་ཡིན་པའི་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། ད་དུང་རྒྱ་ནག་ནང་གི་ནང་པའི་ཆོས་ལ་དད་པ་ཡོད་མཁན་ཚོས་ཀྱང་༧གོང་ས་མཆོག་ལ་ཀོན་ཡིས་ཕོ་སཱ་བརྗོད་མཁན་གང་མང་མང་རེད།
ལར་ནས་༧གོང་ས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡིན་པར་ལྟ་མཁན་དང་འདོད་མཁན། ཡང་ན་ཡིན་པར་ཁྱབ་སའི་ས་ཁུལ་ནི་བོད་རིགས་ནང་པ་ཚོ་ཡིན་ན་སྐྱོན་ཅི་ཡོད། དབུ་ཁྲིད་ནི་བོད་མིའི་དབུ་ཁྲིད་ཡིན་པ་ལས། རྒྱལ་ཁབ་གཞན་གྱི་དབུ་ཁྲིད་ནི་མ་རེད།
ཁྱོད་ཀྱིས་སྐྱོན་མེད་སར་སྐྱོན་བརྗོད་ཁུལ་བྱས་པ་ནི་ཁྲེལ་དགོད་འཆོར་བའི་གནས་རེད།
ད་དུང་རང་གཞུང་གི་མཛད་གཙོ་རྣམ་པར་ཚིག་མཚོན་སྣ་ཚོགས་བད་སྤྱོད་བྱས་ཡོད་པ་ངས་འདིར་བརྗོད་མེད།
གྲོགས་པོ་བེ་རི་འཇིགས་མེད་དང་མ་ཐུག་པར་ཡུན་རིང་འགོར་སོང་། ངས་ཐོག་མར་ཉིད་ཀྱང་མིང་རྫུན་འོག་གི་ཅིག་ཡིན་ས་རེད་བསམ་སོང་བ་མ་ཟད། ཁྱོད་ཀྱིས་ཀརྡོ་ཅན་པ་ཐུགས་རྗེ་ཆེ་ཞུས་པ་དེའང་ཅེ་ན་ང་ལ་གོ་ནོར་ཐེབས་འདུག
རེད་ལ། ང་རང་ཡང་མིང་རྫུན་འོག་ནས་སྤྱི་ཚོགས་དཀྲུག་མཁན་ཚོར་སུན་བསྡད་ཡོད། འོན་ཀྱང་དེ་ལ་བཀོད་པ་ཞིག་མི་འདུག དེང་སྐབས་བོད་ཙམ་མ་ཟད་སྐད་ཡིག་གཞན་པའི་ཐོག་གི་དྲ་མཆན་པ་མང་ཆེ་བའང་མིང་རྫུན་ཡིན་ལ་མཁྱེན་གསལ་རེད། སོང་ཙང་དེར་ངེད་གཉིས་ཀྱིས་བཤད་ནས་ཡོང་ས་མ་རེད༌༌༌༌༌
ད་ཚབ་ཆེ་ཤོས་ནི་མི་གསོད་ཀྱི་ཡིན་ཟེར་བའི་སྐོར་རེད། འདི་ངོ་བཟང་ནི་མ་རེད། ཁྲིམས་ཡོད་ས་ཞིག་ནས་དྲ་རྒྱའི་མདུན་ལའང་གནོད་ནི་རེད། མ་གཞི་དྲ་འབུ་ཚོས་དམར་ཤོག་གི་ལྕགས་རུ་རིམ་པ་དགུས་སྐོར་བའི་བྱམས་འཕྲུན་ལས་གསོད་རྒྱུ་ཕར་ཞོག དེ་ཚོས་ཐ་ན་ངའི་ཐོག་གི་བ་སྤུ་ཉག་མ་ཞིག་ཀྱང་སྒུལ་ཐུབ་མི་ཡོང་མོད། འུ་ཚང་གི་དྲ་རྒྱའི་རིག་གནས་ངོ་འདིར་ཅིག་འཕེལ་མི་ཉན་ཡཱ། ངོ་མ་ཡིན༌༌༌༌༌
ཀླུ་མཁར་བྱམས་ཟེར་བ་ལགས།
ཁྱེད་འདྲ་བོ་བསད་ནས་སྡུག་པ་གསོག་རིན་ཅང་མེད་ནོ་མྱིས་ཤེས་ནི་རེད། ཁྱེད་ཀྱིས་སྐད་ཆ་དེ་འདྲ་ཁྱེར་ཡོང་ཁུལ་གྱིས་མདོ་དོན་ཚོགས་ཆེན་གྱི་སྐབས་འདིར་རང་ཉིད་ཅིག་བཟོ་ན་འདོད་ནོ་འདི་བྱིས་པ་ཚོས་མི་ཤེས་ཀྱང་། ཁྱེད་ལ་རྒྱུས་ཡོད་ཚོས་བཤད་ནས་བགད་བསྡད་ཡོད་ཡ།
གོང་གི་ཀ་རྡོ་ཟེར་བ་ཁོས་སྐད་ཆ་བཤད་སྟེང་ལ་ལྟོས་ན། ཁོ་ངོ་མ་ཨ་ཞིང་ཚང་གི་མི་ཡིན་པ་འདྲ། ང་ཚོའི་དམངས་གཙོའི་བཙན་བྱོལ་སྤྱི་ཚོགས་འདི་ནང་དཀྲིག་ཕྱི་དཀྲིག་བྱས་ན་ཨ་ཞིང་ཚང་གི་འདོད་དོན་སྒྲུབ་ནི་རེད། ཚང་མའི་འདི་འདྲའི་རིགས་ལ་དོག་ཟོན་བྱས་ན་བཟང་གི་རེད།
སྐད་ཆ་ཞིག་པར་བཤད་ཚུར་བཤད་ལ་གྲོགས་པོ་ཟེར་གི་འདུག སྐྱུག་བྲོ་རང་རེད། བེར་འཇིགས་ཀྱིས་དེ་རིང་ཞོགས་པ་ཡང་ངོ་དེབ་ཏུ་སྐྱག་པ་མགོ་འདྲ་ཞིག་བཏང་བྲོས་ཐལ། འདི་ན་ཡང་ངོམ་སོ་བྱེད་ཀི་འདུག་ག ངའི་དགེ་ཕྲུག ངའི་སློབ་མ། ངའི་ངའི་ངའི མང་པོ་འདུག འོན་ཀྱང་སྤོབས་པས་བཤད་པ་བཞིན་དྲ་ཐོག་ནས་ཡིག་ནོར་ཧ་ཅང་མང་པོ་འབྲི་མཁན་ཞིག་རེད། ད་དུང་བྲིས་པའི་རྩོམ་དག་ལའང་ལེན་རྒྱུ་ཞིག་མི་འདུག དེ་བས་ཁྱོད་ལྟ་བུ་དུས་བབ་དང་ཁ་བརྡ་དྲ་བར་མ་འོངས་ན་ཡང་གྱོང་ཁབ་རྩེ་ཙམ་ཡང་མེད་ཞུ་འདོད་བྱུང་། མ་གཞི་ནས་དྲ་ངོས་སུ་སུ་གཅིག་གིས་ཀྱང་གདན་འདྲེན་ཞུ་མཁན་ཡོད་པ་མ་རེད།
ཨ་ཡོ། བེ་རི་དང་ཀླུ་བྱམས་གཉིས་ཀྱི་ཤེས་ཚད་དང་འབྲི་རྩལ་ལྷིང་ལ་བུད་འདུག་ཡ། བུ་མོ་ངས་ནམ་རྒྱུན་དེ་འདྲ་མིན་འདང་བརྒྱབས་མོད། ད་ནི། ཐང་ཆད་སོང་ཡ། སྔོན་མ་ཞིག་ལ་བེ་རི་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཅིག་མཐོང་མྱོང་ཡོད། དེ་དུས། རྩོམ་དེའི་ནང་བེ་རི་ལ་བསམ་བློ་གཏིང་མི་ཟབ་ཚུལ་དང་དག་ཆ་མེད་ཚུལ། ཚིག་སྤྱོར་མེད་ཚུལ་དང་འབྲི་རྩལ་མེད་ཚུལ་སོགས་ཀྱི་སྐྱོན་ཉེས་མང་པོ་མང་པོ་ཞིག་བཤད་འདུག་ཀྱང་། སྐབས་དེསར། བུ་མོ་ང་རང་དེར་ཡིད་ཆེས་བྱས་མེད། གང་ཡིན་ཟེར་ན། ངས་ཐེངས་ཤིག་ལ་བེ་རིའི་ལོ་རྒྱུས་ལ་ཞིབ་བལྟ་ཞིག་བྱས་པ་ཡིན། ཁོས་ད་ལྟའི་བར་དུ། གསུང་རྩོམ་ཟེར་བའི་ཚིག་འདི་བེད་སྤྱོད་བཏང་ནས་བཅུ་གཅིག་ལྷག་ཅིག་ཡོད་རབས་བཀོད་འདུག་པས་ན། བུ་མོ་ངས་ནི། སྐབས་དེར། གསུང་རྩོམ་ཞེས་པའི་ཚིག་དེར་ཆ་འཇོག་བྱས་ནས་གཞན་ཟེར་གྱིས་རྗེས་སུ་མི་འབྲང་ཁུལ་བྱས་པ་ཡིན་མོད། འོན་ཀྱང་། དེ་རིང་གཞི་ནས་ང་རང་ནོར་བ་ཤེས་སོང་། དེས་ན། སྐབས་དེའི་བེ་རིའི་སྐོར་ལ་རྩོམ་ཡིག་འབྲི་མཁན་ལ་དགོངས་དག་ཞུ་རྒྱུ་ཡིན་ལགས།
ཨ་རོགས། ཀླུ་བྱམས། ད་ནས་བཟུང་། ཁྱོད་ཀྱིས་མཐོ་བཤད་དམའ་རྒྱག་གི་གཏམ་བཤད་འཛིན་རྒྱུ་མེད་པ་རེ་བྱས་ན། ཅིག་དྲག་རྒྱུ་རེད་དེ། རྩོམ་ཡིག་བྲིས་ན་བོད་ཀྱི་རིག་གཞུང་གི་ཞབས་འདྲེན་ཞུས་དང་ཞུ་བཞིན་པ་རེད་ཡ། དེ་འདྲ་ཡིན་དུས། རྩ་འཛིན་དང་འགན་ལེན་མེད་པའི་གཏམ་བཤད་རྫིག་པོ་རྐྱང་རྐྱང་གིས་རིན་ཐང་ཆེ་བའི་དུས་ཚོད་རྫོགས་ན་ཡག་ཤོས་ལན་ཤོས་རེད་ཡ། དེ་མིན། རང་རེའི་ཡི་གེ་བཀོལ་ནས་ཅིག་འབྲི་ཁུལ་མ་བྱེད་མ་གཏོགས། རིག་གནས་ཀྱི་རིན་ཐང་ལྟ་ཅི་སྨོས། སྤྱིར་བཏང་གི་བསམ་བློ་དྲང་ཐད་དུ་ཡོད་མཁན་ཞིག་གིས་བལྟས་ན། སྔ་པྱི་འགལ་ཞིང་མགོ་རྔ་མི་མཚུངས་པ། རྩ་འཛིན་མེད་ཅིང་འགན་ལེན་བྲལ་བ་སོགས་ཀྱིས་བཀང་འདུག་ན། འདི་ནི། ཤེས་ཡོན་པ་ཞིག་གི་ཚད་ལ་གང་ནས་འདུག་དེ། ཆབ་སྲིད་པ་ངར་བ་ཞིག་གི་ཚུགས་ཀ་མེད་ཡ། སོང་ན། སྔར་འགྱོད་ཕྱིར་སྡོམ་བྱས་ན་མི་བཟང་ངམ།
ཀརྡོ་རབ་འབྱམས་པ་འདི་ངོ་ཚ་རྒྱུ་མེད་པ་ཨོ་ཙི་རེད ད་དུང་༧་གོང་ས་མཆོག་ལ་དད་པ་ཡོད་འདོག་འདོག་བཤད་ དངོས་གནས་དད་པ་ཡོད་ན་གོང་ས་མཆོག་གི་བཀའ་བསྒྲུབ་དགོས་པ་ལས་ཞེ་སྡང་བསྐྱེ་དགོས་ཡ་ག་རེ་འདུག་ ཀླུ་མཁར་བྱམས་གི་ལྷག་བསམ་རྣམ་དག་གི་བོད་མི་རིག་དང་རྒྱལ་ཁབ་གི་ཆེད་དུ་བསམ་ཚུལ་བསྟན་པ་དེ་ལ་ སྙིང་དེ་ཙམ་ན་དགོས་ཡ་གང་ཡིན་ནམ
བགྲོ་གླེང་ལྷུག་པོ་གནང་གི་འདུག དེ་ཧ་ཅང་གི་གལ་ཆེན་རེད་ལ། དོན་ཆེན་ཡང་རེད། ཡིན་ནའང་། རྩོམ་ཡིག་དང་མཆན་སོགས་ཞིབ་ཀློག་བྱེད་ཁོམ་མ་བྱུང་བས། གོང་འཁོད་རྩོམ་ཡིག་དང་མཆན་ཐད་བསམ་ཚུལ་ག་ལེར་བཤད་ཆོག འདིར་ཁ་སང་གྲགས་པ་ལགས་ཀྱིས་ང་ལ་འདྲི་ཚིག་ཅིག་དྲིས་འདུག་པས། དེའི་ལན་འདིར་འགོད་ཀྱི་ཡིན་ལ། ཚང་མས་འདི་ལའང་དོ་སྣང་དང་དགོངས་ཚུལ་གླེང་རོགས་ཞུ།
གྲགས་པ་ལགས།
དྲི་བ་བཏོན་པར་ཐུགས་རྗེ་ཆེ།
༡ ཀླུ་མཁར་བྱམས་ཀྱིས་དུས་བབ་ནང་མཆན་ཞིག་འདེབས་སྐབས། རྒྱལ་བ་རིན་པོ་ཆེ་ལ༼བླ་རྒན༽ཞེས་པའི་ཚིག་ཅིག་བཀོལ་སོང་ཞེས་སྐྱོན་འཛུགས་བྱེད་ཀྱི་འདུག་མོད། དོན་དངོས་སུ་དེ་འདྲའི་ཚིག་ཅིག་ཀླུ་མཁར་བྱམས་ཀྱི་ངོས་ནས་བྲིས་ཡོད་མེད་བོད་གཞུང་གནད་ཡོད་མི་སྣས་དོན་རྐྱེན་འདིར་གྲོས་བསྡུར་བྱེད་སྐབས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་ཁུངས་སྐྱེལ་བྱེད་ཐུབ་མི་འདུག
ཕྱོགས་གཞན་ཞིག་ནས་བཤད་ན། ཕྱི་ལོ ༢༠༠༡ལོར་བཀའ་ཁྲི་ཐད་ཀར་མང་ཚོགས་ཀྱིས་འོས་ཤོག་འཕངས་ནས་འདེམས་མཚམས་རྒྱལ་བ་རིན་པོ་ཆེ་ནས་གསར་འགོད་པར་༼ངོས་གཞོན་སྐྱེས་ཤིག་ལ་རེ་བ་བརྒྱབ་ཡོད་ཀྱང་ཡང་ང་ལྟ་བུའི་བླ་རྒན་མགོ་དཀར་ཞིག་འདེམས་འདུག༽ཅེས་གསུངས་པར་གཞིགས་ན། ༼བླ་རྒན༽ཞེས་པའི་ཚིག་འདིའང་མ་གུས་པའམ་སྨོད་ཚིག་ཅིག་ཡིན་མི་སྲིད་པ་ཞིག་རེད།
༢ ཀླུ་མཁར་བྱམས་ཀྱི༼ལ་མོ་ཕར་རྒྱབ་ཚུར་རྒྱབ། ལས་ཀ་རྒྱལ་གཅེས་ཆོས་གཅེས༽ཞེས་པའི་རྩོམ་ཡིག་ནང་ཤུགས་ལྡན་གྱི་སྐོར་བཀོད་ཡོད་པ་རེད་ལ། དེའང་རྒྱ་ནག་གཞུང་གིས་བོད་ལ་སྲིད་ཇུས་འཛིན་བཞིན་པ་ལྟར་རྨེག་མེད་ཀྱི་ལས་སུ་འཇུག་མི་རུང་ཞིང་། གྲོས་མོལ་གྱིས་ཆེན་པོ་ནས་ཆུང་བ། ཆུང་བ་ནས་མེད་པར་གཏོང་དགོས་པའི་གནད་དོན་ཞིག་ལ་ངོས་འཛིན་བྱས་ཡོད་པས། མི་རེ་གཉིས་ཤིག་གིས་དེའང་མ་འགྲིག་པ་ཞིག་ལ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་། རྒྱལ་བ་རིན་པོ་ཆེ་ནས་དུས་རབས ༢༡འདི་བཞིན་གྲོས་མོལ་གྱི་དུས་རབས་ཤིག་ལ་ངོས་འཛིན་གནང་བཞིན་པར་ཡོངས་སུ་མཐུན་པ་ཞིག་ཡིན་པས། གཞན་སྟེང་ལ་གྲོས་མོལ་དང་རང་སྟེང་ནས་དྲག་པོ་བྱེད་མི་འོས་པའང་གསལ་བོ་གསལ་རྐྱང་ཆགས་ཡོད།
༣ ཀླུ་མཁར་བྱམས་ཀྱི་རྩོམ་ཡིག་གཞན་གཅིག་གི་ནང་དུ་པཎ་ཆེན་རིན་པོ་ཆེ་བལ་ཡུལ་དུ་ཕེབས་སྐབས། བོད་མི་ཚོས་དར་ནག་ཕྱར་ནས་ངོ་རྒོལ་བྱས་པའི་སྐོར་བཀོད་ཡོད་པ་རེད་ལ། དེར་གནད་ཡོད་མི་སྣ་རེ་གཉིས་ཤིག་གིས་ངོ་རྒོལ་རིགས་རྩ་བ་ནས་བྱུང་མེད་ཚུལ་བསྒྲུབ་བཞིན་པའི་ཁར་ཀླུ་མཁར་བྱམས་ཁྲིམས་ལ་གཏུགས་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། འོན་ཀྱང་། སྐུ་ངོ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ལགས་ཀྱིས་པེ་ཅིན་ནས་པཎ་ཆེན་རིན་པོ་ཆེ་ལ་བལ་ཡུལ་དུ་བྱུང་བའི་དོན་རྐྱེན་ཐད་རང་གཞན་གཉིས་ལ་བློ་ཕམ་ཡོད་ཚུལ་དང་། དེང་ཕྱིན་རིན་པོ་ཆེ་ནས་བོད་རྒྱ་ཁོངས་རེད་ཅེས་མ་གསུངས་རོགས་ཞེས་ཞུས་ཡོད་པས། དོན་ལ་དོན་རྐྱེན་འདིའང་གསལ་བོ་ཆགས་ཟིན་པ་རེད།
གནས་སྐབས་བདེ་མོ། དྲི་བ་ཡོད་ན་འདྲི་རྐྱང་གནང་རོགས།
ལྟོ་བོད་ཡིག་གིས་ཟོས། སེམས་གཞན་ཕྱོགས་སུ་་གཏད། མི་རིགས་རང་གི་ཁྱད་ཆོས་དང་ཆོས་ལུགས། དབུ་ཁྲིད་བཅས་ལ་རྡོག་རོལ་བཏང་ནས། ད་དུང་ཕན་སེམས་ཡོད་མདོག་གི་གདོང་འབག་གྱོན་པ་ཡ་རེ་ཆ། ངའི་རྒྱ་ཡིག་གི་ཤེས་ཡོན་ཀླུ་མཁར་ལས་དམན་རྒྱུ་མ་རེད། འོན་ཀྱང་རྒྱ་ནག་རིག་གནས་གསར་རྗེའི་སྐབས་ཀྱི་རྙིང་བཞི་རྩ་གཏོར་གྱི་འབོད་སྒྲ་རྣམས་རང་གི་མི་རིགས་ཐོག་ལ་བཀོལ་འདོད་གཏན་ནས་མེད། ང་ཆབ་སྲིད་པ་ཞིག་མིན། དེ་བཞིན་བོད་རིགས་གཙང་མ་ཞིག་ཀྱང་མིན། རང་བཙན་ལས་འགུལ་ལ་ཡང་ཞུགས་མ་མྱོང་། འོན་ཀྱང་བོད་ཀྱི་རིག་གཞུང་སྦྱང་། དེ་ལ་བརྟེན་ནས་འཚོ་ཡོད་མཁན་ཞིག་ཡིན། དམངས་གྱེན་ལོག་ནི་ཡོད་པ་ཞིག་གཞིར་བཞག་ནས་དེའི་ཉེས་པ་སྲོང་བའི་ཆེད་དུ་མཁས་དབང་རྣམས་ཀྱིས་ཞི་དྲག་གི་ལས་འགུལ་རྩོམས་པ་ལ་ཟེར། ད་ལྟ་ཁྱོད་ཚོ་བོད་པ་ཚང་ལ་གང་ཡང་མེད་པའི་་ཁར་ནང་འཁྲུགས་སློང་ཅི་ཐུབ་བྱེད་པ་ནི་མི་རིགས་ཀྱི་ལ་རྒྱ་མེད་པ། མཐུན་སྒྲིལ་གྱི་ལྷག་བསམ་བྲལ་བ། རྒྱང་རིང་གི་དམིགས་ཡུལ་མེད་པ་ཞིག་རེད། བོད་ལ་ཆད་ལ་གསོ་མི་ཐུབ་པ་མང་པོ་ལྷག་ཡོད། ཞིབ་འཇུག་བྱེད་ཡུལ་གྲངས་མེད་པ་ཡོད། སྤྱི་ལ་ཕན་ཐོགས་པའི་ལས་ཀ་གང་དགོས་བྱེད་མཁན་མེད་པས་ལྷག་ཡོད། དེ་ཐམས་ཅད་བཞག་ནས་རྡར་མའི་མཚོན་རྩེ་ནང་ལ་སྟོན། ཟེར་བའི་དཔེ་ལྟར་མི་རིགས་རང་གི་ཆོས་ལུགས་དང་དབུ་འཛིན་ལ་རྒོལ་བ་། ཆོལ་ཁའི་ཕྱོགས་རིས་ཐབས་སྣ་ཚོགས་ཀྱིས་སློང་བ་ནི་ཆེས་བློ་ཕམ་པ་དང་། ཅེས་བླུན་པའི་ལས་ཁ་ཞིག་ལས་གཞན་ཏུ་མ་མཐོང་། དམག་དཔོན་ནམ་ཇག་དཔོན་ཆེན་པོ་ཞིག་ཡིན་ན་སྐྱོན་བརྗོད་བྱེད་ཕོད་རྒྱུ་མ་རེད། སྐྲག་མི་དགོས་ས་ནས་དཔའ་མདོག་སྟོན་པོ་འདི་ཨ་ཁུ་ཁྲོ་ཐུང་གི་རྫིགས་གཏམ་རང་རེད། བོད་ལ་མཁོ་ངེས་པ། ལོ་རྒྱུས་རྒྱལ་རབས། ས་རྒྱུས་ཚན་རིག དཔལ་འབྱོར་ལག་རྩལ། ཁྲིམས་ལུགས་སློབ་གསོ། གསང་ཉུལ་དམག་འཇུས། རྒྱལ་སྲུང་རྩ་འཛུག་སོགས་ཕྱི་རབས་མི་ལ་ཕན་ཐོགས་པ་དང ། བསྔགས་པ་བརྗོད་པ། རྗེས་དྲན་ཞུ་འོས་པའི་རྩོམས་ཡིག་རེ་སྤེལ་ཐུབ་ན་ངེས་པར་མཁོ། ད་ལྟའི་ལོ་རྒྱུས་ཀྱི་མེས་པོ། ཚན་རིག་གི་མེས་པོ། དངོས་གཙོ་སྨྲ་བའི་མེས་པོ། དངོས་ལུགས་ཀྱི་མེས་པོ་ཟེར་བ་ཚོ་དང་འགྲན་ཐུབ་ན་ལེགས། ད་ལོ་བཀའ་ཁྲི་བློ་བཟང་གི་ཕྱོགས་འཛིན་རྣམས་ཀྱིས་འབུམ་རམ་པ་ཡིན་པ། མཁས་པ་ཡིན་པ། ཧ་ལས་དགོས་པ་ལྟ་བུའི་སྐད་ཆ་བཤད་དོན་དེ་ཅི་རེད། བོད་ལ་འབུམ་རམ་པ་ཉུང་བའི་རྐྱེན་གྱིས་ཕོ་རོག་དཀར་པོ་ཆགས་སོང་མ་མ་ཡིན་ནམ། ཀླུ་མཁར་ལ་བློ་སྟོབས་ཡོད་ན་འཛམ་གླིང་གི་རྗེས་དྲན་བྱེད་འོས་པའི་གསར་བཏོད་མཁན་པོ་ཞིག་གནང་རོགས། རྒྱ་ནག་གི་ཁ་ཆུ་ལྕེ་ཆུ་ལས་འཕྲོས་པའི་གཏམ་བོད་ཡིག་ཏུ་བསྡེབས་ནས་མཁས་མདོག་མི་གནང་བར་ཞུ། །
ཀརྡོ་རབ་འབྱམས་ལགས། དད་པ་ཡོད་པའི་མི་ད་ཁྱོད་འདྲ་བ་ཞིག་ཡིན་རྒྱུ་རེད་ལ། དད་པ་ཡོད་པའི་མི་ཡིས་གཞན་དམར་གསོད་བྱེད་འདོད་པ་དེ་ཁྱོད་ཀྱི་དད་པ་ཡིན་ནི་མིན་ན། ཁྱོད་ཀྱིས་ཁོ་ལ་དགག་པ་ཇི་འདྲ་རྒྱབ་ཡང་འགྲིག་ནི་རེད། འོན་ཀྱང་དམར་གསོད་ཞེས་པ་སུ་ཞིག་གིས་ཁྱོད་ལ་བྱིན་པའི་ལེགས་སྐྱེས་ཡིན།
༸གོང་ས་མཆོག་ལ་ཕྱ་དམོད་བྱས་ནས་བོད་དོན་ཨེ། ཁྱོད་རང་བསོད་སྐམ་ཅིག་རེད་གདའ། ངའི་སྐད་ཆ་ཡིད་མེད་ན་རང་གི་ཕ་མར་དྲིས་ཤིག་ཀེ
ཁྱོད་རང་ཡང་་་ དང་ ཡིད་ཆེས་མེད་ན་ལ་བཅོས།
༸གོང་ས་མཆོག་གིས་གཟམ་གདོང་བླ་མར་བླ་རྒན་གསུངས་པ་དང་། ཀླུ་མཁར་གྱིས་༸རྒྱལ་བ་རིན་པོ་ཆེ་ལ་བླ་རྒན་ཞེས་ཕྱ་དམོད་གཉིས་ཀྱི་ཁྱད་པར་ཙམ་ཡང་མི་ཤེས་པ་ཁྱོད་ཀྱང་མ་རབས་གཅིག་རེད་གདའ།
བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བའི་སྤྱན་རས་གཟིགས། ཟེར་ན་ག་རེ་ཟེར་བགྱིད་ཡོད་རེད། མ་རབས་ཚོ།
ཨ་ཚོགས་ཀླུ་མཁར་བྱམས་ལགས།
སྤྱན་རས་གཟིགས་ཁྲིམས་སྒོར་མི་ཤོངས། ཟེར་ན་ག་རེ་ཤོད་འདོད་པ་རེད་ལགས། xxxxxxxxxxxxxxx
ལྷ་སྡེ་གནམ་ལོ་ཡག་གིས་ག་དུས་ཡིན་རུང་། ཆབ་སྲིད་བཙོན་རོགས་ཞེས་ཀླུ་བྱམས་ཀྱིས་ཕྱོགས་སུ་མཐའ་གཅིག་ཏུ་ལངས་དགོས་པའི་རྒྱབ་ལྗོངས་ཤེས་མ་སོང་བས་ན། དེ་རྒྱུ་མཚན་ཞིག་ཨེ་ཡོད་དམ།
དྲི་མེད་ལྷག་བསམ་ལགས་ཀྱིས། 《བོད་ལ་མཁོ་ངེས་པ། ལོ་རྒྱུས་རྒྱལ་རབས། ས་རྒྱུས་ཚན་རིག དཔལ་འབྱོར་ལག་རྩལ། ཁྲིམས་ལུགས་སློབ་གསོ། གསང་ཉུལ་དམག་འཇུས། རྒྱལ་སྲུང་རྩ་འཛུག་སོགས་ཕྱི་རབས་མི་ལ་ཕན་ཐོགས་པ་དང ། བསྔགས་པ་བརྗོད་པ། རྗེས་དྲན་ཞུ་འོས་པའི་རྩོམས་ཡིག་རེ་སྤེལ་ཐུབ་ན་ངེས་པར་མཁོ། ད་ལྟའི་ལོ་རྒྱུས་ཀྱི་མེས་པོ། ཚན་རིག་གི་མེས་པོ། དངོས་གཙོ་སྨྲ་བའི་མེས་པོ། དངོས་ལུགས་ཀྱི་མེས་པོ་ཟེར་བ་ཚོ་དང་འགྲན་ཐུབ་ན་ལེགས།》 མོས་མཐུན་དང་གུས་བཀུར་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ནོ།།
རྩོམ་ཡིག་འདི་མོ་ཡག་པོ་ཞིག སེམས་གནད་པ་ཕབས་ནས་མི་ཀློག་པར་ཅིག་བཤད་བསྡད་མཁན་འདི་ཚོའི་སེམས་ལ་འདྲེ་ཞུགས་ཡོད་ས་རེད།
ཀ་རྡོ་རབ་འབྱམས་ལགས་༧གོང་ས་མཆོག་ལ་དེ་འདྲའི་དད་སྟོབས་ཡོད་པའི་རྣམ་པ་མཐོང་ནས་ངོ་མ་སེམས་གཏིང་ནས་དགའ་སོང་། ཡིན་ན་ཡང་ཁོས་གསར་འབྱོར་དང་གསར་འབྱོར་བ་ཀླུ་མཁར་བྱམས་གསོད་དགོས་ཟེར་བའི་ཚིག་དེ་ལྟ་བུ་༧གོང་ས་མཆོག་ལ་དད་སྟོབས་ཡོད་མཁན་ཞིག་ལ་མི་འཛའ་བར་མ་ཟད། གསར་འབྱོར་བ་ཞེས་མཐོང་ཆུང་དང་དམོད་ཚིག་མ་བྲིས་ན་སྐུ་ཉིད་ཀྱི་དད་སྟོབས་ཀྱི་རིན་ཐང་ཆེ་རུ་འགྲོ་ངེས། མ་ཟད་འུ་ཚོའི་སྤྱི་ཚོགས་ནང་རང་རང་གི་ལྟ་ཚུལ་དང་མི་མཐུན་པའི་སྐད་ཆ་བཤད་མཁན་དང་རྩོམ་ཡིག་འབྲི་མཁན་ཚོ་རྒྱ་དམར་དང་འབྲེལ་བ་ཡོད་ཚུལ་གྱི་ཉེན་བརྡ་རེ་སྟོན་པ་འདི་ངོ་མ་ཡག་པོ་མ་རེད། འོ་ན་བོད་གཞུང་ལ་ཆབ་སྲིད་ཀྱི་ཁ་གཏད་ཚོགས་པ་ཡང་ཡོད་མི་ཆོག་པ་ཨེ་རེད། གང་ལྟར་རང་དབང་སྨྲ་བརྗོད་པ་དང་དཔྱད་བརྗོད་པ་ཀླུ་མཁར་བྱམས་ལ་མཚོན་ན་ཡང་རང་ཉིད་དད་དང་མི་དད་གནས་ཚུལ་ཁ་ཁ་རེད་མོད། བོད་མི་རིགས་ཀྱི་དད་འདུན་ལ་ཕོག་པའི་སྐད་ཆ་མ་བཤད་ན་ལེགས་སོ།།
རྔ་ལུ་མ་ཚེ་སྐྱིད། ཁྱོད་བྱི་མོ་ཞིག་དང་། ལོ་གཞོན་ཞིག་ཀྱང་ཡིན་མདོག་སྟོན་གི་མིན་ན། དེ་བདེན་ན་ཕ་ཚེ་བུའི་རིང་པོ། ཨ་ཁུ་རྒན་པ་ཚོར་ཅིང་བཤད་མི་ཉན་ཡྭ། རྗེས་མ་གནས་ར་འགྲོ་ས་རྙེད་མི་ཡོང་།
གཞན་ཁྱོས་གནམ་ལོ་ཡག་ངེད་གཉིས་ཀྱི་འབྲེལ་བ་ཤེས་ན་འདོད་ནོ་ཁག་མེད་གི ཧྲ་ལ་ཤེས་བརྩར་ཆོད་ལོ༌༌༌༌
གཞན་ང་ཚོ་དགོས་ནི་ངོ་མ་མང་གི བཤད་ནོ་འགྲིག་གི ཡིན་ནའང་མི་དགོས་ནི་གཅིག་ཡོད་གི དེ་ནི་དོན་མེད་ལ་ཁྱི་སྐད་བརྒྱག་མཁན་འདི་ཚོ་རེད༌༌༌
བེ་རི་དགེ་བཤེས་ལགས་ནམ་རྒྱུན་བསམ་བློ་གུ་ཡངས་དང་དཀྱེལ་ཡངས་ཅན། རྩོམ་རིག་གི་ལམ་བུ་ཡར་རྒྱས་ལ་སྐུལ་འདེད་ཅན་ཞིག་ལ་ངོས་འཛིན་བཞིན་ཡོད་མོད། ད་ནི་ངོ་མ་དོགས་པའི་དྲ་བ་རུ་ཚུད་སོང་། ཁྱེད་ཀྱིས་རང་གི་དགེ་ཕྲུག་་་་་་་་་་་་་་་ལ་སྐུལ་མ་འདི་འདྲ་བྱེད་ཕོད་པ་དེ་ཡང་ཞེ་དྲག་རེད།
ཀ་རྡོ་རབ་འབྱམས་པ་ད་ཡིན་ན་བྷིན་ལ་ཌིན་གྱི་གྲལ་དུ་ལྷུང་གྲབས་རེད་འདུག་ད།
གསར་འབྱོར་བ་གྲྭ་པས་ངའི་དགེ་རྒན་དམར་བསད་བཏང་ཙང་བྱས་པ་རེད། ད་སུ་གསར་གསོད་གཏོང་འདོད་ཡོད་དམ། གསར་འབྱོར་བ་ཚོས།
༸གོང་ས་མཆོག་དང་བོད་གཞུང་ལ་སྐྱོན་བརྗོད་ཀྱི་རྩོམ་ཞིག་སྤེལ་མ་ཐག་ལམ་སེང་ཛྷཁོ་རྒྱ་མིའི་བྷཉུལ་མ་རེད་ཟེར་དང་། དོན་ལ་རྒྱ་ལ་ལག་ཆ་རུ་འགྱུར་བ་རེད་ཟེར་བ་སོགས་ཀྱི་སྐོན་བརྗོད་སྟངས་ནི་དྷ་སའི་སྲིད་དོན་པ་ཚོས་བེད་སྤྱོད་གཏོང་ཡས་ཀྱི་ཐབས་ཚིག་ཡག་ཤོས་དེ་རེད། སྐྱོན་ཚིག་དེ་འདྲས་བཤད་པ་བརྒྱུད་བོད་རིགས་ནང་ནས་གཞུང་ལ་སྐྱོན་བརྗོད་བྱེད་མ་ཕོད་པ་བཟོ་རྒྱུ་དང་སྐྱོན་བརྗོད་བྱེད་མཁན་རྣམས་སྤྱི་ཚོགས་ནང་ནས་ཕུད་ཐབས་ཀྱི་ཞི་བའི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད། ཐབས་ལམ་དེ་སྔ་མོ་ནས་སྤྱོད་བཞིན་ཡོད་ལ་ད་དུང་ཡང་མུ་མཐུད་ནྶ་སྤྱོད་ངེས་རེད།
དྲ་གྲོགས་ཀ་རྡོ་ལགས། ད་སྐད་ཆ་དེ་འདྲ་མ་བཤད་ཡ། ཆོ་ཡོད་པ་མ་རེད། ཡང་གཅིག་བཤད་ན་སླད་ཆ་དེ་འདི་དང་འབྲེལ་བ་ཡང་ཆགས་ཀྱི་མི་འདུག ངོ་མ་ཡིན།
ཀརྡོ་མིང་ཅན་འདི་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་འདོག་གིས་ཤ་རུས་གཅིག་པའི་མིག་ལ་གསོད་བཏུབས་ཀྱིས་སྐད་ཆ་དང་། ལྷག་པར་ཏུ་གསར་འབྱོར་པ་ལ་སྡང་སེམས་སོགས་ནང་དཀྲུག་མཁན་ཞིག་རེད་འདུག་གཟབ་ཙམ་གནང་རོགས། སྤྱིར་སྟངས་བཤད་ན་བླ་རྒན་ཞུས་ན་སྡུག་པོ་ཞིག་གང་ཡང་མིན། བླ་མ་ནི་རེད། བླ་ཆུང་ནི་མ་རེད། བླ་མ་ཆེན་པོ་ཡིན་ཙ་ན་བླ་རྒན་ཞུ་ན་ཅི་མི་རུང་། བླ་ནི་གོང་དུ་ཡོད་པ་ཞིག་དང་། ཆུང་རིམ་ནས་མཐའ་འཁྱོལ་དུ་འགྲོ་ན་རྒན་པ་་མ་ཡིན་ནམ། དཔེར་ན། དགེ་རྒན། བླ་རྒན། རྒན་ལགས། སྲས་རྒན་པ། སོགས་གྲངས་ལས་འདས།
ཡ་ཡ། དྲ་གྲོགས་ཚང་མ་རྒྱག་རེ་བརྒྱབ་ནས་ཐང་ཆད་ཡོད་ཀྱི་རེད། ད་ངས་གླུ་ཞིག་ལེན།
རྒད་པོ་ཀླུ་བྱམས་རྒྱ་ཐོན་ས་བསྡད་ས་ལ།།
ཁ་མཆུ་དྲི་ངན་ཞིག་རྟག་ཏུ་རྒྱུན་མི་ཆད།།
ཐེ་བོང་ཡར་ཀེར་ནས་བསྟོད་པ་བྱེད་ནི་དང་།།
མཛུབ་ཆུང་མར་བསྟན་ནས་སྨད་ར་གཏོང་མཁན་མང་།།
བསྟོད་པ་བྱེད་པ་དང་སྨད་ར་གཏོང་མཁན་གཉིས།།
ཀླུ་བྱམས་གླེན་པ་ལ་ཨ་ན་མ་ན་རེད།།
རྒྱ་མཚོའི་རླབས་རྩེ་ན་འཕྱན་པའི་གྲུ་ཆུང་ལྟར།།
རྒད་པོ་ཀླུ་བྱམས་རྒྱ་བསྟོད་སྨད་རླུང་གིས་བདས།།
རང་ལ་རང་ཚུགས་ཞིག་ཡོད་མེད་མི་ཤེས་མོད།།
ཤར་ནུབ་གར་འཁྱེར་ཡང་ཁྱད་པར་མེད་ཁོ་ཐག།
མི་ཡིས་ཐག་བཅད་པའི་དཀར་བོ་དཀར་རྐྱང་ནི།།
རྒད་པོ་ཀླུ་བྱམས་ཀྱིས་བལྟས་ན་ནག་པོར་མཐོང་།།
བྱ་བརྒྱ་ཡར་འཕུར་དུས་ཁྭ་ཏ་མར་འཕུར་བ།།
རྒད་པོ་ཀླུ་བྱམས་ལ་ཨ་ན་མ་ན་ཡིན།།
དཔྱོད་ལྡན་དྲ་གྲོགས་ཚོ་བསམ་བློ་ནང་བཀུག་དང་།།
རྒད་པོ་ཀླུ་བྱམས་རྒྱ་གསོད་ནི་མི་ཉན་ནོ།།
ང་ཚོ་སྤྱི་ཚོགས་འདི་སྤྱི་ཚོགས་ཡིན་པས་ན།།
རྒད་པོ་ཀླུ་བྱམས་འདྲ་དགོས་པ་ཆོས་ཉིད་ཡིན།།
མཐོ་ས་བརྩན་ས་ན་ནག་ཁུང་མེད་ན་ཡང་།།
ནག་ཁུང་ཡོད་ཀི་ཞེས་དོག་སློང་བྱེད་མཁན་དགོས།།
དམའ་ས་ཁུག་ཀྱོག་ན་འདམ་འབག་ཡོད་པས་ན།།
ཉེན་ཁ་ཡོད་ཀི་ཞེས་གསལ་འདེབས་བྱེད་མཁན་དགོས།།
རྒད་པོ་ཀླུ་བྱམས་རྒྱ་མཁས་པ་མིན་ན་ཡང་།།
རྒད་པོ་ཀླུ་བྱམས་ལ་སེམས་ཤུགས་ཡོད་ཁོ་ཐག།
རྒད་པོ་ཀླུ་བྱམས་རྒྱ་ཚིག་སྦྱོར་མེད་ན་ཡང་།།
རྒད་པོ་ཀླུ་བྱམས་ལ་སྤོབས་པ་ཡོད་ཁོ་ཐག།
རྒད་པོ་ཀླུ་བྱམས་ལ་འཇོན་ཐང་མེད་ན་ཡང་།།
རྒད་པོ་ཀླུ་བྱམས་ལ་རེ་བ་ཡོད་ཁོ་ཐག།
མདོར་ན་ཀླུ་བྱམས་འདི་འགའ་རེས་སྨོད་ས་དང་།།
འགའ་རེ་བསྟོད་ས་ལ་མེད་མི་རུང་པས་ན།།
དྲ་གྲོགས་འགའ་ཞིག་ལ་གསལ་འདེབས་བྱེད་རྒྱུ་ནི།།
ཀླུ་བྱམས་རྡ་ས་ནས་ནག་ཚུབ་སེ་མ་གཏོང་རོགས།།
ཀ་རྡོ་ལགས། ཞི་བའི་བདག་ཉིད། དབུ་མའི་ལམ་པ།
གྲོགས་པོ་ཁྱོད་ཀྱི་ཞལ་ནས་ཚིག །
ཀླུ་བྱམས་གསོད་ཅེས་བྱ་བ་བྱུང་། །
ད་ནི་ཀླུ་བྱམས་གསོན་ན་ཡང་། །
ཀ་རྡོ་ཁྱེད་ལ་ཡིད་ཆེས་བརླག །
ད་དུང་གསར་འབྱོར་ཞེས་པའི་ཚིག་ཅིག་ཀྱང་འདུག
རྩོམ་འདིའི་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com