བསྟན་འཛིན་རབ་དགའ། ༼རྡ་ས།༽
མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཐུགས་ཁག་ཡོད་མ་རེད་ཟེར་བའི་རྩོམ་ཡིག་ཅིག་བོད་ཀྱི་དུས་བབ་དྲ་རྒྱར་བཀོད་འདུག་པ་དེའི་ནང་། ཁྲིམས་ཡིག་དང་ལམ་སྲོལ་གྱི་ཡང་ལྕི་དང་། རིན་ཐང་ག་ཕྱི་ལོག་སྟེ་བཀྲལ་འདུག་པས། བློ་བདེ་ཞིག་མ་བྱུང་།
ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཐུགས་ཁག་ཡོད་མ་རེད་ཟེར་བའི་རྩོམ་ཡིག་དེས། ཁྲིམས་ཞིབ་པ་རྣམ་པ་དང་སྤྱི་ཁྱབ་ཁྲིམས་དྲུང་བཅས་པ་གསར་པ་ཡིན་པའི་ཉམས་མྱོང་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ལམ་ལུགས་དང་ཚོགས་འདུའི་འགྲོ་ལུགས་གཉིས་ཀར་ཐུགས་རྒྱུས་མེད་པ། གྲོས་ཚོགས་ཀྱི་ལམ་སྲོལ་དེ་བཅའ་ཁྲིམས་ཀྱི་གོང་རོལ་དུ་ཡོད་པའི་གནད་འགག་ཤེས་ཀྱི་མེད་པས། ཁྲིམས་ཞིབ་ཁང་ལ་ཁག་ཡོད་མ་རེད་ཟེར་གྱི་ཡོད་པའི་བཟོ་འདུག་སྟེ། དོན་གྱིས་ཁྲིམས་ཞིབ་ཁང་ལ་ཟུར་ཟ་བྱེད་ཞོར་དུ། ཁྲིམས་ཞིབ་ཁང་གི་ཐག་གཅོད་ཆ་ཚང་ངོས་ལེན་བྱས་འདུག
སྤྱི་འཐུས་ལགས་ཀྱིས། “ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤེལ་བའི་ཤོག་ལྷེ་ ༩ ཅན་གྱི་གསར་འགོད་གསལ་བསྒྲགས་ནང་ངོས་ལེན་ཞུ་དགོས་པའི་གནད་དོན་ཁ་ཤས་འདུག་པ་ནི། བཅའ་ཁྲིམས་དོན་ཚན་ ༤༦ པ་དང་། དོན་ཚན་ ༤༩ ནང་གསེས་ ༡། དོན་ཚན་ ༥༨ ནང་གསེས་ ༡ ། ༢། བཅས་ཀྱི་གོ་དོན་ནི་དེ་ག་རང་ཡིན་ཅིང་། དེ་དག་ནི་ད་ཆ་གསལ་བོ་ཆགས་ཟིན་པས་གླེང་སློང་བྱེད་དགོས་མ་མཐོང་”ཞེས་བརྗོད་འདུག་པས། སྤྱི་འཐུས་ཚོགས་གཙོས་ཡང་ནས་ཡང་དུ་ཁྲིམས་ཞིབ་ཁང་གི་དབང་ཚད་ཐོག་དོགས་སློང་དང་། བརྒྱ་ཆ་རྩིས་སྐོར་བྱེད་སྟངས་ཐད་ཡར་འཐེན་མར་འཐེན་མང་དག་ཅིག་བྱས་པ་དེ་དག་གཞི་རྩ་མེད་པ་ཞིག་ཡིན་པའི་ངོས་ལེན་བྱས་ཡོད། སྤྱི་འཐུས་ཚོགས་གཙོས་ཨུ་ཚུགས་རྒྱག་ས་དེ་བཅའ་ཁྲིམས་དོན་ཚན་ ༤༩(༡) ནང་གསལ་ལྟར་བཀའ་བློན་འོས་བསྡུའི་སྐབས་སུའང་འཕྲོས་ལྷག་སྐར་ཆ་བརྩི་མི་དགོས་པའི་བསམ་ཚུལ་བཟུང་ཡོད་པ་དང་། སྤྱི་འཐུས་ལགས་ཀྱིས་ཁྲིམས་ཞིབ་ཁང་གིས་དེའི་ཐོག་འགྲེལ་བཤད་གནང་བ་དེ་གསལ་པོ་ཆགས་ཟིན་པར་ངོས་ལེན་བྱས་འདུག
བཀུར་འོས་སྤྱི་འཐུས་ལགས་ཀྱི་རྩོམ་ཡིག་འདིའི་བརྗོད་དོན་གཙོ་བོའམ། སྒྲུབ་བྱེད་གསར་པ་གཅིག་རྙེད་འདུག་པ་ནི། སྐབས་ ༡༡ པའི་སྤྱི་འཐུས་ཚོགས་གཙོས། “ཚོགས་གཙོ་ཚོགས་གཞོན་གཉིས་ཀ་ལ་གྲོས་ཚོགས་སུ་གྲོས་གཞིའི་ཐོག་མཐུན་ཕྱོགས་དང་མི་མཐུན་ཕྱོགས་སུ་སྐད་ཆ་ཤོད་རྒྱུ་དང་འོས་བསྡུའི་ཐོབ་ཐང་མེད་པ་སྲོལ་རྒྱུན་ལས་བྱུང་འདུག་”ཅེས་གསུངས་པ་ལུང་དྲངས་འདུག་པ་དེ་ཡིན་ལ། “སྲོལ་རྒྱུན་འདི་ལ་ད་བར་འགྱུར་བ་གང་ཡང་ཕྱིན་མེད་”ཅེས་རང་སྣང་དག་པའི་ཆིག་ལབ་རྒྱག་ཞོར་དུ། “ལྷག་པར་གནད་དོན་བྱེ་བྲག་པ་ཞིག་དང་འབྲེལ་ཏེ་བཅའ་སྒྲིག་དགོངས་དོན་དང་ལམ་ལུགས་བར་རྩོད་པ་བྱུང་ཚེ། དེ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་རང་ཁོ་ནས་རྗེས་མའི་བྱེད་ཕྱོགས་ཐག་གཅོད་ལམ་སྟོན་གསལ་བོ་གནང་རྒྱུ་ལས་ཐབས་གཞན་མེད་པ་གསལ་བོ་རེད་”ཅེས་འོལ་ཚོད་ཀྱི་སྡོམ་ཚིག་པང་དུ་མི་ཐེག་པ་ཞིག་བཀོད་འདུག
སྤྱི་འཐུས་སྐབས་ ༡༡ པའི་སྐབས་སུ་ཚོགས་གཙོ་བགྲེས་གཞོན་གྱིས་འོས་ཤོག་བླུགས་མེད་པའི་དབང་དུ་བཏང་ཡང་། དེའི་རྗེས་ཀྱི་ཚོགས་གཙོ་ཚོགས་གཞོན་གཉིས་ཀས་གསང་བའི་འོས་ཤོག་བླུགས་ཡོད་པ་མངོན་སུམ་དུ་བྱུང་བ་མ་ཟད། ཐ་ན་ཐེངས་འདིའི་གྲོས་ཚོགས་སུའང་ཚོགས་གཞོན་གྱིས་བཀའ་བློན་འོས་བསྡུའི་སྐབས་སུ་་འོས་ཤོག་འཕངས་ཡོད་པ་མ་མཁྱེན་པ་མི་སྲིད་པས། ཆིག་ལབ་དེ་རིགས་མ་བརྒྱབ་གོང་གྲོས་ཚོགས་སུ་དེའི་སྐོར་གྱི་སྲོལ་རྒྱུན་ངོ་མ་ཇི་ལྟར་ཡིན་མིན་ཡིག་ཆ་སྔོག་རྒྱུའམ། སྤྱི་འཐུས་རྒན་པ་རེ་གཉིས་ལ་སྐད་ཆ་ཙམ་འདྲི་རྒྱུའང་མ་དྲན་པ་ནི་སྐྱོ་སེ་བ་རེད་འདུག ལྷག་པར་དུ་གྲོས་ཚོགས་ནས་ཁྲིམས་འགལ་བྱས་པ་དེ་སྤྱི་འཐུས་རང་ནས་བྱེད་ཕྱོགས་ཐག་གཅོད་བྱ་རྒྱུ་ལས་ཐབས་གཞན་མེད་ཟེར་བ་ནི། བཅའ་ཁྲིམས་ཀྱི་རྩ་བའི་རྩ་དོན་དང་། གཞི་རིམ་སྒྲོམ་གཞི་ཙམ་ལའང་གོ་རྟོགས་སྤུ་ཙམ་མེད་པའི་གླེན་རྟགས་བསྟན་པ་ཞིག་དང་། རང་རེའི་བཅའ་ཁྲིམས་སུ་མང་གཙོའི་ཀ་བ་གསུམ་ཀར་འགན་དབང་ལྗིད་སྟངས་འཛིན་གྱི་བཀོད་སྒྲིག་གནང་བ་དེ་དག་ལ་རྒྱུས་མངའ་མེད་པའི་ཤོད་ཚུལ་ཞིག་སྟེ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥ བཅའ་ཁྲིམས་ཀྱི་ཚད་འཛིན་ཐག་གཅོད་དང་། བཅའ་ཁྲིམས་དོན་ཚན་ ༦༦ ནང་གསལ་བཅའ་ཁྲིམས་འགྲེལ་བརྗོད་ཀྱི་དབང་ཚད་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མེད་ལུགས་ཀྱི་རྩོད་སློང་བྱེད་པ་དང་གཅིག་མཚུངས་ཡིན།
བཀུར་འོས་སྤྱི་འཐུས་ཀྱིས། “བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་བཀའ་བློན་འོས་འདེམས་གནང་ཡོད་ཀྱང་། ཚོགས་གཙོས་འོས་འཕེན་མིན་དང་ངོ་ཡོད་གྲངས་ཀ་བརྩི་སྟངས་བཅས་པ་སྔར་གྱི་སྲོལ་རྒྱུན་ལྟར་གནང་ཡོད་པས། གྲོས་ཚོགས་ཀྱི་ཐག་གཅོད་དེར་ནོར་འཁྲུལ་གང་ཡང་ཤོར་མེད་”ཅེས་པ་ནི། སྤྱིར་བཏང་ཤེས་བྱའི་ཐོག་ཧམ་རྩོད་བྱས་པ་ཞིག་ཡིན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཚོགས་གཙོས་རེའུ་མིག་ཅིག་གཞིར་བཟུང་གིས་ཐག་གཅོད་བྱས་ལུགས་གསུངས་པའི་ཐོག “རེའུ་མིག་དེ་ཡང་སྤྱི་འཐུས་ལྷན་ཚོགས་ཀྱི་རྩ་འཛིན་ཡིག་ཆ་གང་དུ་གསལ་ཡོད་མེད་དང་། དེར་ནུས་ཚད་ཇི་ལྡན་མ་ངེས་ལ། བཀའ་བློན་གྱི་འོས་འདེམས་ཚང་མར་དེ་དོན་གནང་བ་བྱུང་ཡོད་མེད་ཀྱང་མ་ངེས་མོད། ཡིག་ཆ་དེས་བཅའ་ཁྲིམས་དོན་ཚན་ ༢༢ ནང་གསལ་བཀའ་བློན་དུ་འདེམས་ཐོན་ཡོང་བ་ལ་བརྒྱ་ཆ་ལྔ་བཅུ་ལས་མ་ཉུང་བ་དགོས་པའི་ཆ་རྐྱེན་འདིར་བསྒྱུར་བཅོས་གཏོང་ཐབས་མེད་ཅེས་ཚོགས་གཙོ་སྦྲེལ་པོར་གསལ་སྟོན་ཟིན་ཡོད་”ཅེས་བྲིས་འདུག་པ་དེས་ག་རེ་གསུང་གི་ཡོད་དམ་ཟེར་ན། རྩ་འཛིན་ཡིག་ཆ་ཙམ་དང་། ལམ་སྲོལ་ཙམ་གྱིས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགྱུར་བ་གཏོང་ཐུབ་རྒྱུ་ཕར་ཟད། ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི་བཅས་གང་རུང་གིས་ཀྱང་བཅའ་ཁྲིམས་ཀྱི་དངོས་བསྟན་དགོངས་དོན་ལ་གནོད་འགལ་བྱེད་ཆོག་གི་མེད། གལ་སྲིད་གནོད་འགལ་བྱས་ཚེ་ཁྲིམས་ཞིབ་ཁང་གིས་ནུས་མེད་དུ་གཏོང་གི་རེད་ཅེས་གསུང་གི་ཡོད་རེད། དཔེར་ན། ཁ་སང་ལྐོག་ནས་ཁྱིམ་མཚེས་ཀྱི་མཛོ་མོའི་འོ་མ་བཞོས་ནས་བཏུང་བ་ཡིན། ད་དེ་ལམ་སྲོལ་ཆགས་ཡོད་ཟེར་ནས་གྲོང་པའི་མཐོང་སར་དེ་རིང་ཡང་འོ་མ་བཞོ་ཆོག་པའི་རྩོད་པ་བྱེད་ས་མི་འགྲོ་བ་ལྟར། དེ་སྔ་ཁྲིམས་ལུགས་དང་མི་མཐུན་པའི་བྱ་བ་བྱས་ཟིན་པ་ཞིག་ཁ་ལ་ཁྱེར་ནས་མུ་མཐུད་ཁྲིམས་འགལ་བྱེད་ཆོག་པའི་སྒྲུབ་བྱེད་དུ་འགོད་ས་མི་འགྲོ། ད་དུང་འདི་ལྟར་རྩོད་སློང་བྱེད་པ་དེས་ཁྲིམས་ཞིབ་ཁང་ཙམ་དུ་མ་ཟད། བཅའ་ཁྲིམས་ཀྱི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་པའི་བོད་མི་ཡོངས་ལ་མཐོང་ཆུང་བཏང་བ་ཞིག་ཏུ་འགྱུར་ཉེན།
བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་གོ་སླ་ཤོས་སུ་བཀྲལ་ན་ནི་འདི་ལྟ་སྟེ། བཀའ་བློན་འོས་མི་དེར་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་མང་མོས་ཐོབ་དགོས་པ་དང་། མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་གསལ་བསྒྲགས་བྱེད་ཆོག་གི་མེད། མང་མོས་མ་ཐོབ་ཚེ་འོས་གཞི་བསྐྱར་དུ་མིང་འདོན་དགོས་པ་འདི་ནི་བོད་ཡིག་གི་གཞི་རིམ་ཤེས་ཚད་ལྡན་པའི་སློབ་ཕྲུག་ཅིག་གིས་ཀྱང་གོ་བ་བདེ་བླག་ཏུ་ལེན་ཐུབ་ཀྱང་། སྤྱི་འཐུས་ལྷན་ཚོགས་ནས་འགྲོ་སྟངས་འདི་ཙམ་ཞིག་ལའང་གོ་བ་མ་ལོན་པར་ཁྲིམས་འགལ་བྱས་པ་རེད།
གུས་པས་སྤྱི་འཐུས་ཚོགས་གཙོས་རང་ཚོད་མ་ཟིན་པར། རྡོ་བ་བཅག་ནས་རང་གི་རྐང་པར་བརྒྱབ་ཅེས་པའི་རྩོམ་ཡིག་ཅིག་ཁ་བརྡ་དྲ་རྒྱར་སྤེལ་བ་དེའི་ནང་། ཚོགས་གཙོས་གྲོས་ཚོགས་ནང་གསང་བའི་འོས་ཤོག་བསྡུ་སྐབས་སུ་འོས་ཤོག་མ་འཕངས་པ་དེས་ག་རེ་ཆགས་ཀྱི་ཡོད་མེད་རྩིས་རིག་གི་ལམ་ནས་སྐྱོན་འདོན་བྱས་པ་དང་མཉམ་དུ། “སྐབས་འདིའི་རྩོད་པ་ནི། འོས་ཐོབ་ ༢༡ དེ་སྤྱི་འཐུས་ ༤༢ ལ་རྩིས་བསྐོར་བྱེད་དགོས་ཀྱི་རེད་དམ། ཡང་ན་ ༤༣ ལ་རྩིས་བསྐོར་བྱེད་དགོས་ཀྱི་རེད། སྤྱི་འཐུས་ཚོགས་གཙོས་ཁོང་ངོ་ཡོད་ཁོངས་སུ་བརྩི་གི་མ་རེད་ཟེར་ནས་གསུང་ཤེས་ཐབས་མེད་པ་མ་ཟད། ངོ་ཡོད་སྤྱི་འཐུས་ ༤༣ ཡིན་པ་ཁས་ལེན་བྱས་ཡོད་”ཅེས་བྲིས་ཡོད།
བཀུར་འོས་སྤྱི་འཐུས་ཀྱིས་ལོ་ངོ་ ༢༠ རྩ་གྲངས་གོང་གི་གང་ཟག་བྱེ་བྲག་པའི་གསུང་བཤད་ཅིག་་བཅའ་ཁྲིམས་ཀྱི་དངོས་བསྟན་དགོངས་དོན་འགྱུར་བ་གཏོང་ཐུབ་པའི་་སྒྲུབ་བྱེད་དུ་དྲངས། སྤྱི་འཐུས་ཚོགས་གཙོས་རང་ཉིད་ངོ་ཡོད་ཁོངས་སུ་བརྩི་གི་ཡོད་པའི་ཁས་ལེན་བྱས་ཟིན་པ་དེ་བཀུར་འོས་སྤྱི་འཐུས་ནས་དེ་ལྟར་བརྩི་མི་དགོས་པའི་ཐབས་ཤེས་བསྟན་པ་དེ་ཚོགས་གཙོས་མོས་མཐུན་གནང་ན། དེ་ནི་རྩོད་གཞི་གསར་པ་ཞིག་ཡིན་བཟོ་འདུག་པས། རྩོད་གཞི་དེ་བསླངས་པ་ཡིན་ན། ཁྲིམས་ཞིབ་ཁང་གིས་དེའི་ཐོག་ཐག་གཅོད་གསར་པ་ཞིག་གནང་དགོས་ངེས་རེད་སྙམ། འོན་ཀྱང་། བཀུར་འོས་སྤྱི་འཐུས་ཀྱིས་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱིས་འོས་ཤོག་མི་འཕེན་པའི་ལམ་སྲོལ་དེ་ད་བར་འགྱུར་བ་མེད་པར་གནས་ཡོད་པའི་ཁུངས་སྐྱེལ་བྱེད་ཐབས་མེད་པ་མ་ཟད། ཡོད་པ་ཡོད་ཁོངས་སུ་བརྩི་མི་དགོས་པའི་མངོན་སུམ་ལ་བསྙོན་ཕོད་པའི་བློ་སྤོབས་འདི་ལྟ་བུ་འགན་ཁུར་ལྡན་པའི་སྐྱེ་བོ་ཞིག་གི་ཁ་ནས་ཐོན་ཨེ་ཐུབ་སྙམ།
ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཞེས་པའི་ཁོངས་ནས་ཚོགས་གཙོ་བགྲེས་གཞོན་གཉིས་ཚུད་ཀྱི་མེད་པའི་ཨུ་ཚུགས་བརྒྱབས་ཚེ། སྤྱི་འཐུས་ཀྱི་རྩ་འབོར་རྩིས་སྐོར་བྱེད་སྟངས་དང་། བཅའ་ཁྲིམས་ཀྱིས་མཚོན་པའི་ཁྲིམས་སྒྲིག་བསྐྱར་བཅོས་གཏན་འབེབས་དང་། མཛད་གཙོ་རྣམ་པ་འཕོ་འགྱུར། ཐ་ན་གྲོས་འཆར་གྲོས་ཆོད་དང་། དངུལ་རྩིས་གཏན་འབེབས་སོགས་ཀྱི་ཆ་རྐྱེན་མང་དག་ཅིག་ལ་རང་བཞིན་གྱིས་གནོད་འགལ་ཚབས་ཆེ་ཕོག་ཉེན་ངེས་ཡིན།
བཀུར་འོས་སྤྱི་འཐུས་ཀྱི་རྩོམ་ཡིག་དེའི་མཐར། “དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གྲོས་ཚོགས་ཀྱི་སྲིད་པ་ས་ལ་ཆགས་པའི་སྲོལ་རྒྱུན་ལམ་སྲོལ་ལ་བརྩི་བཀུར་གྱིས་དམ་བཅའ་ངོས་བཞེས་གནང་ན་ལེགས་སྙམ་”ཞེས་བྲིས་པ་ནི་ཧ་ཅང་མ་འོས་པ་ཞིག་སྟེ། ཁྲིམས་ཞིབ་ཁང་གིས་ཁྲིམས་ཐོག་ནས་ཐག་གཅོད་གནང་ཟིན་པ་ཞིག་ལ་བསྐྱར་དུ་བསམ་ཚུལ་འདི་ལྟ་བུ་འདོན་པ་ནི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་ཞིག་ཡིན་པར་འདོད་ལ། ལྷག་པར་དུ་སྤྱི་འཐུས་ཀྱི་མཚན་ཐོག་ནས་འདི་ལྟར་བྲིས་པ་ནི་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་ལ་མངོན་སུམ་འཛེམས་མེད་ཀྱིས་ཐེ་གཏོགས་བྱས་པ་ཞིག་ཡིན་པར་འདོད་དོ། །
དེ་ཕོ་གསར་ཤོག་དེ་ཉེ་ཆར་་་རྩ་ནས་བཏོན་མ་སོང་གང་བྱུང་ཡོད་དམ། སུས་ལན་གནང་ན་བཀའ་དྲིན་ཆེ
ཁྲིམས་ཞིབ་ཁང་བཅའ་སྒྲིག་ལས། ལམ་ལུགས་ལ་རྒྱུས་མེད་པ་གསལ་བོ་རེད།
བཙན་བྱོལ་བོད་མིའི་སྒྲིགས་འཛུགས་འདི་
མང་གཙོ་ཁྲིམས་ཡིག་གི་ལམ་སྟོན་འོག་
འཚོ་བཞིན་པ་ལོང་བས་བལྟས་ཀྱང་ཁམས་
གསུམ་གྱི་དཔེ་ལྟར་ལས་མ་འདས་ན་སྲིད་པ་ས་ལ་
ཆགས་པའི་སྲོལ་རྒྱུན་གྱི་ལམ་སྲོལ་ལ་བརྩི་བཀུར་ཟེར་
ན་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་གྲལ་རིམ་དམངས་
གཙོ་ལ་ཁ་ཕྱོགས་འདོད་པ་མ་རེད་དམ།
སྤྱི་འཐུས་ཚོར་ངན་ཁག་ལེ་འདེད་བྱེད་རྒྱུ་གང་ཡང་མེད། རྗེས་མ་ནས་སྤྱི་འཐུས་ཤར་ཁུག་སོགས་ཀྱིས་རྩོམ་བྲིས་དང་གཏམ་བཤད་སྤེལ་བ་ལ་ལན་འདེབས་མི་གནང་བའི་རེ་འདུན་ཞུ། མང་ཚོགས་ཀྱིས་སྤྱི་འཐུས་ཀྱི་མཁྱེན་པའི་གཏིང་མཐོང་སྟེ་ཡིད་ཐང་ཆད་ན་སེམས་ཤུགས་ལ་སྐྱོན་རྒྱག་གི་རེད། རྩོམ་འབྲི་མཁན་ཚོས་དེ་ཐུགས་ལ་བཞག་དགོས་ས་རེད་དྲན།
ཨ་ཤོ་ཀ་ལགས།
དེ་ཕོ་གསར་ཁང་གིས་ཉེ་ཆར་ནས་གསར་འགྱུར་ཚ་བོ་ཚ་བོ་སྤེལ་བཞིན་པ་འདུག་གོ
https://tibrooster.net/
དུས་བབ་དྲ་ཚིགས་ན་ཡོད་པའི་ཤར་ཁུག་གི་རྩོམ་དེ་ན།
་་་་་་་ཁྲིམས་སྒྲིག་ཡོད་ཚད་ཡིག་ཐོག་ཏུ་ཡོད་དགོས་པའི་ངེས་པ་མེད་པའང་གནད་འདི་དག་ལ་ཐུག་པ་མིན་ནམ་སྙམ།་་་་་་
ལབ་འདུག མཚམས་འདི་ནས་ཀློག་པའི་ཡི་ག་འགག་སོང་། ཕལ་ཆེར་ཟམ་གདོང་རིན་པོ་ཆེས་དེ་འདྲ་གསུང་འདུག་ཟེར་གྱི་ཡོད་པ་འདྲ།
བསྟན་འཛིན་རབ་དགའ་ལགས་ནས་ཤར་ཁུག་དང་ཤར་ཁུག་ཚོའི་ལོག་བཤད་ལ་ཡོ་བསྲང་གནད་སྨིན་གནངས་དང་གནང་བཞིན་པར་བཀའ་དྲིན་ཆེ་ཞུ།
བྱང་ཆུབ་ལོ་མ་ལགས། བཀྲིན་ཆེན་བཀའ་ལན་གནང་བར།
འདི་ཤར་ཁུག་ཟེར་མཁན་དང། བསྟན་པ་ཡར་འཕེལ་སོགས་་་་སྤྱི་འཐུས་ནས་རྩ་དགོངས་རང་མོས་བྱས་ནས་ཞུས་ན་རྟག་རྟག་རེད་། དེ་མིན་འདི་ཚོ་ཚོས་གྲས་་་རྒྱལ་བ་ཀརྨ་པ་དག་། ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་། ཀིརྟི་རིན་པོ་ཆེ་མཆོག་རྣམས་ལ་རྒྱབ་རྟེན་ཡོད་འདོག་འངོག་སླད་མཚན་གནས་ལ་གནོད་རྐྱེན་ཡོང་མི་སྲིད་པ་མིན་པས་ཚང་མས་འདི་ཚོ་གྲས་ལ་གཟབ་གཟབ་གནང་རོག་
བཅའ་ཁྲིམས་དོན་ཚན་ ༢༢ དགོངས་དོན་བཀའ་བློན་འོས་འདེམས་གནང་ཡོད་ཀྱང་། ཚོགས་གཙོས་འོས་འཕེན་མིན་དང་ངོ་ཡོད་གྲངས་ཀ་བརྩི་སྟངས་བཅས་པ་སྔར་གྱི་སྲོལ་རྒྱུན་ལྟར་གནང་ཡོད་པས། གྲོས་ཚོགས་ཀྱི་ཐག་གཅོད་དེར་ནོར་འཁྲུལ་གང་ཡང་ཤོར་མེད། ༽ཟེར་བ་སྐད་ཆ་དྲང་མོ་རེད། དེ་སྔོན་སྐབས་དང་པོ་ནས་བཅོ་ལྔ་བཅུ་དྲུག་རིང་དུ་གསང་བའི་འོས་ཤོག་བསྡུས་པའམ་རུག་སྐབས་སུ་སྤྱི་འཐུས་ཚོགས་གཙོ་ངོ་ཡོད་སྤྱི་འཐུས་ཀྱི་གྲལ་དུ་རྩིས་འདུག་གམ་མི་འདུག ཚོགས་གཙོས་འོས་ཤོག་འཕངས་ཡོད་མེད། བརྟག་དཔྱད་ཞིབ་འཇུག་ནན་མོར་གྱིས་དང་། གལ་སྲིད་ཚོགས་གཙོ་ངོ་ཡོད་སྤྱི་འཐུས་ཀྱི་གྲལ་དུ་མ་རྩིས་པ་དང་ཚོགས་གཙོས་འོས་མ་འཕངས་བ་དེ་སྐབས་སྔོན་མར་ཚང་མ་ལ་བྱུང་འདུག་ན། དེང་གི་ཁྲིམས་ཞིག་ཁང་གིས་ཐག་གཅོད་དེ་ནོར་སོང་བ་རེད། གལ་སྲིད་ནོར་མེད་པ་ཡིན་ན། སྔོན་མའི་བཀའ་བློན་ཚང་མ་རྩིས་མེད་ཆགས་པ་དང་། བརྒྱ་ཆ་བརྩི་སྟངས་ཚང་མ་ནོར་ནས་དེ་དག་ཚང་མ་ཕྱི་གཤིག་བྱེད་པའི་དུས་སུ་བབ་པ་རེད། གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོ་དེ་ངོ་སྤྱི་འཐུས་ཀྱི་གྲལ་དུ་མ་བརྩིས་པ་དང་། དེའི་སྐབས་སུ་འོས་མ་བླུགས་པའི་ལས་ཀ་ནོར་བ་ཤ་སྟག་བྱས་ནས་དེ་སྔོན་བར་དུ་སོང་བས་སོ།།
མ་གཞི་སྤྱི་འཐུས་ཚོགས་གཙོ་དེ་ལ་གླན་པ་ལུག་མགོ་རུ་རྡོ་བཞུས་པ་ལྟར་བསམ་གཞིག་མི་ཤེས་པ་དང་། སྔ་ཕྱིར་བསམ་བློ་བསྐོར་མི་ཐུབ་པ་ཞིག་རེད་འདུག་མ་གཏོགས། ཆེ་མཐོ་ཁྲིམས་ཞིབ་ཁང་གིས་ཡི་གེ་དང་པོ་གཏོང་སྐབས་ནས་བཀའ་བློན་འོས་འདེམས་སུ་ ཚོགས་གཙོས་འོས་འཕེན་མིན་དང་ངོ་ཡོད་གྲངས་ཀ་བརྩི་སྟངས་བཅས་པ་ཁ་གསལ་ལ་གོ་བདེ་བ་ཞིག་ལན་འདེབས་ཤེས་ཡོད་ན། རྙོག་གླེང་ཡོང་དུས་ལར་ནས་མེད་པ་རེད། སྔར་གྱི་སྲོལ་རྒྱུན་དང་ལམ་ལུགས་སྲོལ་ལ་དང་གྲོས་ཚོགས་ཀྱི་ཐག་གཅོད་དེར་དགག་བྱ་མེད་པ་ཚང་མས་ཤེས་གསལ་ལྟར་རེད།
ད་ཡིན་ན་སྤྱི་འཐུས་ཀྱི་ཚོགས་གཙོ་འདི་དང་འབྲེལ་བའི་སྒྲུང་གཏམ་ཞིག་བཤད་ན་བསམ་སོང་།
གནའ་སྔ་མོར་ཁམས་ཆབ་མདོ་རྫ་ཆུ་ཁའི་སོགས་སུ་མི་ཚང་ཞིག་ཡོད་སྐད། མི་ཚང་དེས་ཕ་རྒན་དེ་རྟག་པར་བོང་བུ་རྣམས་ལ་རྒུམ་འབྲུམ་དང་སིལ་ཐོག་སོགས་བཀལ་ནས་ཚོང་ལ་འགྲོ་གི་ཡོད། ཉིན་གཅིག་ཁོང་ལ་ཚོང་རྫས་འགེལ་སའི་བོང་བུ་བཅུ་དགུ་ཁོ་རང་གིས་ཞོན་པའི་བོང་བུ་ཐེ་བའི་སྡོམ་བོང་བུ་ཉི་ཤུ་ཏག་ཏག་ཡོད་པ་རེད། བོང་བུ་ཞོན་ཅིང་ལམ་ནས་འགྲོ་བཞིན་དུ་མི་རྒན་གྱིས་བོང་བུ་རྣམས་གྲངས་ཀ་བགྲང་བ་རེད། མི་རྒན་ནས་གྲངས་ཀ་ཇི་ཙམ་བགྲངས་ཀྱང་བོང་བུ་བཅུ་དགུ་ལས་མ་ལོན་པ་རེད། དེ་ནས་ཚོང་རྒན་དེས་བོང་བཅུ་དགུ་ས་གནས་དེར་བཞག་ནས་བོང་བུ་ལ་ཞོན་བཞིན་བོང་བུ་གཅིག་པུ་དེ་བཙལ་ལ་སོང་བ་རེད། ག་ས་ག་ལ་བཙལ་ནས་བོང་བུ་མ་རྙེད་པ་རེད། འུས་ཐུག་མར་བོང་བུ་རྣམས་ཀྱི་རྩ་ལ་ཡོང་ནས་རང་གིས་ཞོན་པའི་བོང་བུ་ལས་མར་ཐང་ལ་བབས་པ་དང་མཉམ་དུ་རང་གིས་ཞོན་པའི་བོང་བུ་དེ་མཐོང་བ་རེད། དེ་མ་ཐག་མི་རྒན་གྱིས་བོང་བུ་ཚང་ཡོད་པ་ཤེས་ནས་ཆིག་ལབ་འདི་ལྟར་བྱས་པ་རེད། སྡིག་པ་ཁུར་ཕུར་མ་འགམ་རྒྱུ་བོང་ངེ་འདིས་ང་ལ་སྡུག་པོ་སྐྲག་མོ་གཏད་འགི་ལེ། ཟེར་བ་རེད།
བཅའ་ཁྲིམས་དོན་ཚན་ ༢༢ པའི་དགོངས་དོན་གོ་སླ་ཤོས་སུ་བཀྲལ་ན་ནི་འདི་ལྟ་སྟེ། བཀའ་བློན་འོས་མི་དེར་ངོ་ཡོད་སྤྱི་འཐུས་ཡོངས་རྫོགས་ཀྱི་བརྒྱ་ཆ་ ༥༠ ལས་མ་ཉུང་བའི་མང་མོས་ཐོབ་དགོས་པ་དང་། མང་མོས་མ་ཐོབ་པ་ཞིག་ལ་འོས་ཐོན་གསལ་བསྒྲགས་བྱེད་ཆོག་གི་མེད། མང་མོས་མ་ཐོབ་ཚེ་འོས་གཞི་བསྐྱར་དུ་མིང་འདོན་དགོས་པ་འདི་ནི་བོད་ཡིག་གི་གཞི་རིམ་ཤེས་ཚད་ལྡན་པའི་སློབ་ཕྲུག་ཅིག་གིས་ཀྱང་གོ་བ་བདེ་བླག་ཏུ་ལེན་ཐུབ་ཀྱང་། སྤྱི་འཐུས་ལྷན་ཚོགས་ནས་འགྲོ་སྟངས་འདི་ཙམ་ཞིག་ལའང་གོ་བ་མ་ལོན་པར་ཁྲིམས་འགལ་བྱས་པ་རེད།
ཤར་ཁུག་གིས་གསུངས་ན། སྤྱི་འཐུས་གྲོས་ཚོགས་ལ་སྲིད་པ་ས་ལ་ཆགས་པ་ནས་བཟུང་བཅའ་ཁྲིམས་རིན་པོ་ཆེ་ལས་རྩ་ཆེ་བ་དང་བླ་ན་མེད་པའི་ལམ་ལུགས་སྲོལ་རྙིང་པ་སྟེ་ཁྲིམས་འགལ་བྱེད་ཆོག་པ་དང་། བཅའ་ཁྲིམས་རིན་པོ་ཆེ་ལ་འགྲེལ་ལོག་རྒྱག་ཆོག་པ། འཛིན་རིམ་དྲུག་པའི་ཨང་རྩིས་བརྒྱ་རྒྱ་བརྩི་སྟངས་ཙམ་ཡང་མ་ཤེས་ན་འགྲིག་པ། རང་མཚང་ཁྲོམ་ལ་བསྟན་ན་གཟི་བརྗིད་ཡིན་པ་སོགས་ཡོད་རེད་ཟེར་་་་་་ཧཧ
བཅའ་ཁྲིམས་ཀྱི་བཀུར་བའི་འོས་བསྡུའི་རིགས་ལ་ཚོགས་གཙོའི་
ཆ་ཤས་ལེན་དགོས་པ་དེ་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་
རྣམ་པ་བཅས་བཅའ་ཁྲིམས་ཀྱི་འོག་ཏུ་གནས་དགོས་པ་དང་དེ་མིན་
སྤྱི་འཐུས་གྲོས་ཚོགས་ཀྱིས་ལས་རིམ་ནང་སྤྱི་མོས་དང་མང་མོས་མེད་
པའི་འོས་བསྡུ་བྱ་དགོས་ཁག་ལ་ཚོགས་གཙོའི་འོས་འཕེན་པའི་ལམ་
ལུགས་མང་གཙོའི་རྒྱལ་ཁབ་གང་གི་གྲོས་ཚོགས་ལམ་ལུགས་ནང་མེད་
པ་ནི་འོས་འདྲ་མཉམ་བྱུང་ན་ཚོགས་གཙོའི་གང་དུ་འོས་འཕེན་པ་དེར་
རྒྱལ་ཁ་ཐོབ་པ་ནི་ཚོགས་གཙོའི་དམིགས་བསལ་དབང་ཆ་ ( vedo power ) ཡིན་པ་ལས་བཅའ་ཁྲིམས་དང་འབྲེལ་བའི་འོས་བསྡུའི་རིགས་ལ་ཚོགས་གཙོ་ལ་དམིགས་བསལ་མེད་པ་འོས་འཕེན་སྤྱི་མཚུངས་
ལྟར་ལ་ཚོགས་གཙོའི་བཅའ་ཁྲིམས་ལ་འགན་འཁུར་དགོས་པ་དེ་བཙན་
བྱོལ་བོད་མིའི་བཅའ་ཁྲིམས་ནི་བླ་ན་མེད་པའི་བཙན་བྱོལ་བོད་མིའི་
ཁྲིམས་ཡིག་ངོ་མ་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།
བཙན་བྱོལ་གྲོས་ཚོགས་འཐུས་མི་ནང་ལ་སློབ་གྲ་མིག་གིས་མཐོང་མ་མྱོང་མཁན་ཡོད་རེད།
ཨང་རྩིས་ཅིག་ད་ཕར་བཞག་ཤོག་ལོ་ལོ་ལོ།
ཤར་ཁུག་འདི་ལ་སློབ་སྦྱོང་མེད་པའི་མ་ཚད་རལ་གྲི་སོ་གཉིས་མ་ལྟར་མི་ཉེན་ཁ་ཅན་ཞིག་ཀྱང་རེད་འདོད།
བཀའ་ཤག་སྐབས་བཅུ་གསུམ་པའི་འོས་གྲངས་དམའ་ཤོས་ཐུབ་བསྟན་ལུང་རིགས་རེད། ཁོ་ལ་འོས་ ༢༡ ལས་ཐོབ་མེད་ཀྱང་སྐབས་དེའི་ངོ་ཡོད་སྤྱི་འཐུས་ ༤༢ ཡིན་དུས་བརྒྱ་ཆ་ལོན་ཡོད་རེད།
ལས་མེད་ཁྲིམས་ཞིབ་ཁང་ཟེར་པ་བདེན་སེ་འདུག