གཞུང་པ་ཚེ་དབང་བསོད་ནམས།
ཝ་ར་ཎ་སིའི་མཆོད་རྟེན་རིན་པོ་ཆེའི་སྐུ་མདུན་ནས་ ༢༠༢༣/༡༢/༢༢ ཉིན་སྤེལ།
༢༠༢༣/༡༢/༢༡ ཉིན་ཚོགས་དྲུང་ཡིག་ཚང་གི་གསལ་བསྒྲགས་སྤེལ་བའི་ནང་། སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་རིམ་འཇུག་སྐྱོང་བྱ་རྒྱུའི་སྐོར་ཚོགས་བརྡ་སྔོན་དུ་སོང་བ་ ༢༠༢༣/༡༢/༢༥ ནས་ཉིན་གྲངས་ལྔ་ཚོགས་རྒྱུ་དེ་དག་བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པའི་འོག སླར་ཡང་ཕར་འགྱངས་གནང་འདུག་པ་ཕར་འགྱངས་གནང་དགོས་པའི་རྒྱུ་ཚན་ནི། སྤྱི་འཐུས་བཅུ་དྲུག་ནས་དགོངས་ཤོག་འབྱོར་བར་གཞི་ལ་བཞག་པ་ནི་རྒྱུ་མཚན་ཡང་དག་ཅང་མ་མཐོང་ན་དགོངས་པ་གཏོང་མི་གཏོང་དེ་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ཕྱག་ཏུ་ཡོད་པ་ལས། དགོངས་ཤོག་ཕུལ་བ་ཙམ་གྱིས་དགོངས་པ་ཁྲོལ་བར་ངོས་འཛིན་གནང་ན་ཚོགས་གཙོ་ཚོགས་གཞོན་དང་རྒྱུན་ལས་ཀྱིས་ལས་འགན་མ་འགྲུབ་པ་མ་རེད་དམ། རྗེས་ལོ་ ༢༠༢༤ སྤྱི་ཟླ་ ༣ པའི་ཚེས་ ༡༣ ནས་ཚེས་ ༡༦ བར་ཉིན་བཞི་ཚོགས་རྒྱུའི་ཚོགས་བརྡ་བཏང་འདུག་ན་ཡང་། ༢༠༢༣/༡༢/༢༥ ནས་ཚེས་ ༢༩ བར་ཉིན་ལྔ་ཚོགས་རྒྱུ་གསལ་བ་ཉིན་ལྔ་གི་ལས་རིམ་དེ་ཉིན་བཞི་གི་ནང་ག་འདྲ་བྱས་ནས་ཚར་གྱི་ཡོད་དེ་ཡང་གསལ་པོ་ཤེས་མ་སོང་ལ། བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་འགྱིག་བྱི་རིལ་ནང་བཞིན་སྤྱི་འཐུས་སྒེར་གྱི་དཀའ་ངལ་སེལ་ཆེད་ག་པར་འཐེན་འཐེན་བྱས་ན་འགྲིག་གི་ཨ་ཡོད་ན། བཅའ་ཁྲིམས་དོན་ཚན་ལྔ་པའི་འབྲུ་དོན་དང་ཕྱོགས་མཐུན་བྱུང་ཡོད་མེད་དེ་ཡང་ཐེ་ཚོམ་ནང་ལྷག་པ་དང་། བཅའ་ཁྲིམས་དོན་ཚན་བཞི་ཅུ་ཞེ་དགུའི་ནང་གསེས་གཉིས་པ་དེ་མཚམས་དང་ཚོད་མེད་པ་སྤྱི་འཐུས་གང་ཟག་སྒེར་གྱི་འདོད་པ་དང་བསྟུན་ནས་བོད་སྤྱི་པའི་རྩ་དོན་གྲོས་ཚོགས་ཀྱིས་ལས་རིམ་གལ་ཆེན་ཁག་སྣང་མེད་བཏང་ནས་སྤྱི་འཐུས་སྒེར་གྱི་དཀའ་ངལ་ལ་བསྟུན་དགོས་པའི་བཅའ་ཁྲིམས་ཀྱིས་དོན་ཚན་ཞིག་ལ་ངོས་འཛིན་གནང་ན་འགྲིག་གི་ཨ་ཡོད། བོད་མི་མང་གིས་སྐུ་ཚབ་སྤྱི་འཐུས་ཚོའི་བཅའ་སྒྲིག་གཉིས་ལ་འགན་འཁུར་ནས་ཕྱག་ལས་གནང་དགོས་པ་ནི། ཐོག་མའི་ལས་འཁུར་དམ་བཅའ་དང་མ་འགལ་བ་ཞིག་དགོས་པ་ལས་ཕྱོགས་གཏོགས་ལ་འགན་འཁུར་ནས་ཁོ་དང་ང་། རྟ་དང་བོང་། ཁོ་ཁ་ཆག ང་རྣ་རལ། གཅིག་ཡོང་ན་གཉིས་མ་ཡོང་། གཉིས་ཡོང་ན་གསུམ་མ་ཡོང་ནས་གྲོས་ཚོགས་ཀྱིས་ལས་རིམ་ཡང་ནས་ཡང་དུ་ཕར་འགྱངས་གནང་རྒྱུའི་ལམ་ལུགས་ལ་བལྟས་ཚེ། སྤྱི་འཐུས་ཚོ་བཅའ་ཁྲིམས་ནས་བཀུར་བའི་ཁྲིམས་བཟོའི་ལས་དོན་སྒྲུབ་མཁན་གྱིས་མི་མང་གི་སྐུ་ཚབ་འཐུས་མི་ལྷག་བསམ་ཅན་ཞིག་ཡིན་པ་མ་མཐོང་བས། སྤྱི་འཐུས་བཞི་བཅུ་ཞེ་ལྔ་ཆ་ཚང་རྩ་དགོངས་ཞུ་དགོས་པ་ནི་ལྷ་ཡིད་ཆེས། འདྲེ་ཁོ་ཐག་ཆོད་ཟེར་བའི་དཔེ་ལྟར་གཞིས་བྱེས་རྒྱ་ཆེ་མི་མང་བློ་ཕམ་མ་དགོས་པ་ཞིག་དང་། ང་ཚོའི་དགྲ་བོ་རྒྱ་ནག་གཞུང་དགའ་མ་དགོས་པའི་ཆེད་སྤྱི་འཐུས་བཞི་ཅུ་ཞེ་ལྔ་ཆ་ཚང་གིས་བཟང་སྤྱོད་ལ་འགན་འཁུར་ནས་རྩ་དགོངས་ཞུ་དགོས་པའི་དུས་ལ་བབས་མི་འདུག་གམ།