གཞུང་པ་ཚེ་དབང་བསོད་ནམས།
སྤྱི་འཐུས་སྐབས་བཅུ་བདུན་གྱིས་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་འཛུགས་རྒྱུའི་གྲོས་ཆོད་ལྟར་ཚོགས་ཆུང་གི་མི་འགྲོ་ཚོགས་གཙོ་སྦྲེལ་པོས་བསྐོ་བཞག་གཏན་འཁེལ་གནང་བའི་ནང་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱི་འཐུས་མི་ལས་སྒྲུབ་པའི་ཚོགས་ཆུང་བཙུགས་པ་ནས་བ་མོ་དེ་ཉལ་སྟངས་ལ་བལྟས་ན་བེའུ་རྐེ་ཀྱོག་ཞིག་ཡིན་པ་ཐག་ཆོད་ཟེར་བ་ལྟར་བཅའ་ཁྲིམས་བསྐྱར་བཅོས་ལ་མི་མང་གིས་རེ་བ་བཅོལ་བ་དེ་བར་སྣང་སྟོང་པ་ལ་ལག་མྱུལ་རྒྱབ་པ་ལྟབུ་ལས་རེ་འབྲས་འཐོན་རེ་ཅང་མ་མཐོང་བ་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་དགོས་ཀྱི་ཡོད་ན་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ནང་མང་གཙོའི་ཀ་བ་གསུམ་གྱི་སྐུ་ཚབ་ལས་སྒྲུབ་པའི་ཚོགས་ཆུང་འཛུགས་དགོས་པ་ནི།
༡ སྤྱི་འཐུས་གྲོས་ཚོགས་འཐུས་མིའི་སྐུ་ཚབ།
༢ འཛིན་སྐྱོང་བཀའ་ཤག་གི་སྐུ་ཚབ།
༣ ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྐུ་ཚབ།
༤ ཁྲིམས་ལུགས་རིག་པའི་ཆེད་ལས་པ་བཅས་ལས་སྒྲུབ་པའི་ཚོགས་ཆུང་འཛུགས་དགོས་པ་དེ་མང་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཡིན་པ་དང་།
སྤྱི་འཐུས་གྲོས་ཚོགས་འཐུས་མི་ལས་སྒྲུབ་པའི་ཚོགས་ཆུང་གི་ཕྱོགས་གཅིག་གི་གནས་སྟངས་ལས་ཕྱོགས་ཚང་མའི་གནས་སྟངས་རྟོགས་མ་ཐུབ་པ་ནས་ཁྲིམས་མཐུན་ལ་ནམ་ཡང་ཁས་ལེན་ཞུ་མི་ཐུབ་པ་དང་།
སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་རྒྱུ་ཡིན་ན་ཚོགས་ཆུང་ཟུར་དུ་བཙུགས་ནས་འགྲོ་སོང་གཏོང་མ་དགོས་པ་བཅའ་ཁྲིམས་དོན་ཚན་བརྒྱ་དང་བཅུ་གཅིག་ནང་གསལ་བའི་བཅའ་ཁྲིམས་བསྐྱར་བཅོས་དེ་གྲོས་ཚོགས་ཀྱི་ལས་རིམ་ནང་བསྐྱར་བཅོས་ཁྱེར་ནས་ཚིག་བརྗོད་རྙིང་པ་ལ་སྣོན་འཕྲི་སྤོར་གཅོག་གི་ལམ་ནས་མང་མོས་སམ་སྤྱི་མོས་གང་རུང་འོག་བསྐྱར་བཅོས་བྱེད་ཆོག་པ་དེ་ལ་༼ CHARTER Rectified ༽ ཟེར་བ་དང་། བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་མི་མང་གི་བསམ་ཤོག་བསྡུས་ནས་ཚོགས་ཆུང་གི་བསྐྱར་བཅོས་གནང་རྒྱུ་དེ་ ༼ CHARTER Over haul ༽ ཡིན་པ་ནས་གྲོས་ཚོགས་ཀྱི་འཐུས་མི་ལས་སྒྲུབ་པའི་ཚོགས་ཆུང་གི་བསྐྱར་བཅོས་གནང་རྒྱུ་དེ་དུས་ནམ་ཡང་ཁྲིམས་མཐུན་ཆགས་མི་ཐུབ་པ་ནས་སྤྱི་འཐུས་ཁྲིམས་བཟོ་གྲོས་ཚོགས་ཀྱི་འཐུས་མི་ཚོའི་ཟླ་བ་ལྔ་པ་དང་རྒྱལ་བ་ལྔ་པ་དུས་ནམ་ཡང་ནོར་མི་ཉན་པའི་འབོད་བསྐུལ་ཡང་ཞུ་འདོད་བྱུང་།
རང་དབང་ཅན་གྱི་མང་གཙོའི་རྒྱལ་ཁབ་ཀྱི་བླ་གནས་ས་དེ་རྒྱལ་ཁབ་ཀྱིས་རྩ་ཁྲིམས་ཡིན་པ་དང་།
ལུང་པ་མེད་པ་ང་ཚོ་འདྲ་པོ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་མང་གཙོའི་བླ་གནས་ས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཡིན་པ་ནས་བོད་ཀྱི་ཡུལ་མི་ཚང་མས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་དགོས་པ་དེ་ཁྲིམས་ཐོག་ནས་བཀུར་བའི་ལས་འགན་ཆེ་ཤོས་དེ་ཡིན་པའི་ངོས་འཛིན་ཡང་ཞུ་གི་ཡོད།