ཨེ་མ་ཧོ།
ན་མོ་གུ་རུ་ཨ་བྷྱ་བི་ཛ་ཡནྟུ།
འཇིགས་མེད་སྣང་སྲིད་ཕྱོགས་ལས་རྣམ་པར་རྒྱལ།།
ཚེ་དབང་རིག་འཛིན་རྒྱལ་པོ་མ་ཎི་ཀ།
ལུགས་གཉིས་སྨྲ་བའི་པན་ཆེན་རིན་པོ་ཆེ།།
བདག་སྙིང་ཆུ་སྐྱེས་གདན་ལ་རྟག་ཏུ་བཞུགས།།
༼སྒྲ་རིག་པ།༽
ལེགས་སྦྱར་ཀ་ཙན་དབྱངས་ཅན་སྒྲ་མདོ་དང་།།
བོད་ཀྱི་སུམ་རྟགས་དག་ལ་བྱང་ཆུབ་པས།།
སྒྲ་ཚིག་འཁྲུལ་བ་ཀུན་སེལ་ཆགས་ཐོགས་བྲལ།།
རྒྱ་བོད་སྐད་བརྡ་སྤྲོད་པའི་སློབ་དཔོན་རྒྱལ།།
༼ཚད་མ་རིག་པ།༽
མངོན་སུམ་མཐོང་དང་རྗེས་སུ་དཔྱོད་པ་ཡིས།།
སྒྲུབ་ངག་སུམ་འབྱིན་ལམ་ནས་འཁྲུལ་བ་གཅོད།།
ཚད་མ་སྡེ་བདུན་རིག་པའི་གཏེར་སྟོན་མཆོག།
དངོས་རིགས་དོན་གྱི་བླ་མ་དམ་པ་རྒྱལ།།
༼གསོ་བ་རིག་པ།༽
ཡན་ལག་བརྒྱད་པའི་རྒྱུད་བཞི་ཁམས་བརྟག་གཞུང་།།
མན་ངག་སྙིང་པོའི་སྨན་སྦྱོར་བཅོས་ཐབས་བཅས།།
ཚེ་སྲོག་ལང་འཚོ་གསོ་བའི་བདུད་རྩི་མཆོག།
ལུས་སྲོག་སྨན་པའི་རྒྱལ་པོ་སྙིང་ནས་གུས།།
༼བཟོ་རིག་པ།༽
གསེར་དངུལ་ཟངས་ལྕགས་རིན་ཆེན་བྱེ་མ་དག།
སྣ་ཚོགས་ཉེ་མཁོའི་བཟོ་རིག་གསར་བསྐྲུན་དཔལ།།
ཁང་ཁྱིམ་རྒྱན་གོས་ཐང་སྐུ་རྫས་འགྱུར་སོགས།།
གང་དགའི་ལྷ་བཟོ་ཀུན་དགའ་ཆོས་འཕེལ་བསྟོད།།
༼ནང་དོན་རིག་པ།༽
མདོ་སྔགས་རྒྱུད་སྡེ་ཕྱག་རྫོགས་དབུ་མའི་གཞུང་།།
སོར་བྱང་སྔགས་ཀྱི་ལྟ་སྒོམ་སྤྱོད་འབྲས་ཀུན།།
ཇི་བཞིན་རིག་པའི་ནང་དོན་བསྟན་པའི་ཆོས།།
བཤད་སྒྲུབ་ཕྲིན་ལས་མཛད་པའི་མཁས་གྲུབ་རྒྱལ།།
༼སྙན་ངག་རིག་པ༽
ཕྱི་ནང་གསང་བའི་དེ་ཉིད་མ་ལུས་ཀུན།།
སྣང་སྲིད་བསྟན་པའི་སྙན་ངག་མེ་ལོང་གཟུགས།།
ཡིད་འོང་ཚིག་དོན་སྙན་འཇེབས་དགྱེས་པའི་གླུ།།
སྙན་དབང་མཛེས་པའི་རྒྱན་མཆོག་གཙུག་ན་རྒྱལ།།
༼མངོན་བརྗོད་རིག་པ།༽
ནུས་ཤུགས་མང་ཉུང་མིང་ཚིག་སྣ་ཚོགས་པ།།
གདགས་གཞི་དངོས་པོ་གཅིག་ལ་ཁྱད་ཆོས་རིགས།།
བྱེད་ལས་འདྲ་མིན་བཏགས་པའི་མངོན་བརྗོད་མཛོད།།
འདོད་རྒྱལ་རྗེས་གྲུབ་སྟོན་པའི་ཚོགས་ལ་འདུད།།
༼སྡེབ་སྦྱོར་རིག་པ།༽
ཡི་གེ་ལྕི་ཡང་ཕན་ཚུན་ལེགས་ཆ་རྣམས།།
གོ་བདེ་སྒྲ་དབྱངས་སྙན་སྡེབ་ཚིག་སྦྱོར་དག།
སྒྲིག་སྟངས་བཟང་པོས་གསལ་མཛེས་རིག་པ་ཅན།།
མིང་ཚིག་གདམས་པའི་རྣལ་འབྱོར་དམ་པ་རྒྱལ།།
༼ཟློས་གར་རིག་པ།༽
སྲིད་པ་ཆགས་གནས་འཇིག་སྟོང་བདེན་པའི་གཏམ།།
སྔོན་བྱུང་ལོ་རྒྱུས་རྣམ་ཐར་མགུར་སྒྲུང་སོགས།།
ཉམས་རྟོགས་ཟློས་པའི་གར་དུ་བསྒྱུར་མཛད་པ།།
ཀུན་དགའ་ཁྲབ་གཞུང་རིག་གནས་དུང་བས་རྒྱལ།།
༼སྐར་རྩིས་རིག་པ༽
ཕྱི་དཀྱིལ་རྒྱུ་སྐར་འཕྲོད་སྦྱོར་གྲངས་རྩིས་ལས།།
ནང་འཁོར་འབྱུང་ཁམས་བཟང་ངན་ལེགས་མཁྱེན་པའི།།
གསང་བའི་དབྱངས་ཆར་རིག་གཞུང་ནོར་བུ་མཆོག།
རྟེན་འབྲེལ་དུས་འཁོར་སྐར་རྩིས་རིག་པ་རྒྱལ།།
ཤེས་བྱ་བཅུ་ཕྲག་རིག་པའི་མཁྱེན་རབ་རྒྱས།།
འགྲོ་ཁམས་ཕན་བདེའི་སེམས་བསྐྱེད་ལྷུན་གྱིས་གྲུབ།།
རང་གཞན་དོན་གཉིས་མ་ལུས་མཐར་ཕྱིན་ནས།།
ཐམས་ཅད་མངོན་སངས་རྒྱས་པའི་རྒྱུ་གྱུར་ཅིག།
ཞེས་པ་འདི་ཡང་རབ་གནས་ཤིང་རྟའི་མགོ་ཟླའི་དགུན་ཉི་ལྡོག་གམ་དབྱིན་ཡུལ་ཚན་རིག་ཉི་མ་ལྷོ་བགྲོད་འགོ་མའི་སྐབས་སུ་ཨེ་ཝྃ་ཆོས་སྨན་གླིང་གི་མཁན་པོ་འོད་གསལ་མཐའ་ཡས་དང་སྤྲུལ་སྐུ་བསྟན་འཛིན་རྡོ་རྗེ་སོགས་ཀྱིས་སྐུལ་ངོ་མ་སྟོང་ཙམ་དུ་ཀུན་བཟང་ཆོས་གླིང་ནང་རིག་འཛིན་ཨེ་མ་ཧོས་རྒྱལ་གླུ་རུ་བླངས་པར་དགེའོ།། །།
པན་ཆེན་རིན་པོ་ཆེ།། པཎ་ཆེན་རིན་པོ་ཆེ།།
ཅོད་པན་ལ། ན་ཡིག་དང་། པཎ་ཆེན་ལ། ན་ལོག་འབྲི་དགོས།