ཀླུ་སྨྱོན།
བོད་ཀྱི་གསོ་རིག་གཞུང་ལུགས་ཁག་ཏུ་བཅུད་ལེན་གྱི་སྐོར་འདི་ཧ་ཅང་མང་པོ་ཞིག་གསུངས་ཡོད་ཅིང་། གནའ་བོའི་རྒྱ་གར་གྱི་གྲུབ་ཐོབ་མང་པོ་ཞིག་གིས་བཅུད་ལེན་གྱི་གདམས་པ་ལ་བརྟེན་ནས་ཚེ་རིང་བ་དང་ནད་མེད་པ། ལུས་ཀྱི་གཟི་མདངས་རྒྱས་པ་དང་ཟུངས་བཅུད་འཕེལ་བ་སོགས་གནང་ཡོད་ལ། གནའ་བོའི་རྒྱ་ནག་གི་ཏའོ་ལུགས་པ་དག་དང་ནང་པའི་སློབ་དཔོན་ཆེན་པོ་དག་གིས་ཀྱང་བཅུད་ལེན་གྱི་སྦྱོར་བ་སྣ་ཚོགས་ཤིག་ལག་ལེན་གནང་ཡོད། སྐབས་ཤིག་རྒྱ་ནག་ཏུ་བཅུད་ལེན་འདི་དར་ཁྱབ་ཆེན་པོ་བྱུང་སྟེ་རྒྱ་ནག་གོང་མ་ཞིག་གིས་བཅུད་ལེན་གྱི་སྦྱོར་བ་ལ་བརྟེན་ནས་འཆི་མེད་ཚེ་རིལ་བཟོ་མཁན་མང་པོ་ཞིག་རྒྱལ་སར་བསྐོངས་འགུག་གིས་གཏན་དུ་འཆི་རྒྱུ་མེད་པའི་བཅུད་ལེན་ཚེ་རིལ་བཟོ་དགོས་པའི་བཀའ་ཕབ་ཚུལ་ཡང་ལོ་རྒྱུས་སུ་གསལ།
བཅུད་ལེན་འདི་ལ་མེ་ཏོག་བཅུད་ལེན་དང་རྡེའུ་བཅུད་ལེན་སོགས་འབྱུང་བའི་དྭངས་མར་བརྟེན་པའི་བཅུད་ལེན་གྱི་སྦྱོར་བ་ལག་ལེན་བྱེད་སྟངས་འདྲ་མིན་ཞིག་ཡོད་པ་དང་། ཀླུ་སྒྲུབ་ལ་ཀླུས་ཕུལ་པའི་བཅུད་ལེན་གྱི་གདམས་པར། སྨན་རྣམས་དབང་ལག་ལ་འདུས། མངར་རྣམས་ཀ་ར་ལ་འདུས། དབང་ལག་གོང་སྒོང་གང་ལ་ཀ་ར་བམ་པོ་བརྒྱད་བསྲེས། འབྲི་མར་སྲང་ལྔ་སྦྱར་བའི་སྨན་མར་གྱིས་ཚེ་འཕེལ། ལུས་གཞོན་ནུར་འགྱུར། སྟོབས་ཆེ་སོགས་བཅུད་ལེན་འགྲུབ། ཅེས་གསུངས་པ་སོགས་བཅུད་ལེན་གྱི་སྦྱོར་བ་བསྟན་པའི་གཞུང་ལུགས་ཀྱང་གྲངས་ལས་འདས་པ་ཞིག་ཡོད།
བོད་ཀྱི་སྒོམ་ཆེན་ཚོའི་ཁྲོད་དུ་བཅུད་ལེན་གྱི་གདམས་པ་ལ་བརྟེན་ནས་སྒྲུབ་པ་ཉམས་ལེན་གནང་མཁན་མང་པོ་ཞིག་བྱུང་ཡོད་ཅིང་། སྔོན་གྱི་འདོད་ཆུང་ཆོག་ཤེས་ལ་གནས་པའི་བཀའ་གདམས་གསར་རྙིང་གི་དགེ་བཤེས་ཚོའི་ཁྲོད་དུ་བཅུད་ལེན་ལ་བཞུགས་མྱོང་མཁན་ཡོད་ལ། བཀའ་བརྒྱུད་པའི་སྒོམ་ཆེན་ཚོའི་ཁྲོད་དུ་ཡང་དེ་ལྟར་ཡོད་འདུག དེ་བཞིན་ས་རྙིང་གཉིས་ཀྱི་སློབ་དཔོན་ཚོའི་ཁྲོད་དུ་ཡང་བཅུད་ལེན་གྱི་གདམས་པར་བརྟེན་ནས་མི་མེད་དབེན་པའི་ནགས་ཚལ་སོགས་སུ་རྩེ་གཅིག་ཏུ་ལུས་སེམས་ཤིན་སྦྱངས་ལ་བཞུགས་མྱོང་མཁན་ག་ཚོད་ཅིག་བྱུང་ཡོད་ཨང་།
བཅུད་ལེན་གྱི་སྨན་སྦྱོར་སྐོར་ཞིག་གིས་གཙོ་བོ་རྒས་པ་གསོ་ཞིང་རོ་ཙ་བ་སྟེ་འདོད་ཆགས་འཕེལ་བར་བྱེད་པ་ཡིན་ཞིང་། གསོ་རིག་རྒྱུད་བཞི་སོགས་སུ་ཡང་རོ་ཙའི་ལེའུ་རེ་ཟུར་དུ་གསུངས་ཡོད་པ་དག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། གཞོན་ནུ་དག་གིས་བཅུད་ལེན་གྱི་སྨན་འཐུངས་ན་ཞག་གཅིག་ལ་བུད་མེད་བརྒྱ་སྤྱོད་ནུས་པ་དང་། (སྨན་གཞུང་ལས་དེ་ལྟར་གསུངས།)ནམ་ཞིག་མི་ལུས་ཀྱི་དྭངས་མ་རྣམས་ཟད་པར་གྱུར་ཏེ་དབང་པོ་རྣམས་ལས་སུ་མི་རུང་བའི་དུས་དེར་བཅུད་ལེན་གྱི་སྦྱོར་བ་ཚད་ལྡན་ལག་ལེན་དུ་བྱེད་ཐུབ་ན། མིག་སོགས་དབང་པོ་ཇེ་གསལ་དང་། དབང་པོ་དེ་དག་གི་བྱེད་ནུས་ཆེ་རུ་སོང་བ་དང་བསྟུན་ནས་འདོད་པའི་མི་ལ་འདོད་པ་སྐྱིད་པོ་རེ་ཡང་འཐོབ་ཐུབ་པ་དེའོ།།
ལྷ་ས་སྨན་རྩིས་ཁང་སོགས་བོད་ཡུལ་གྱི་སྨན་ཁང་དག་ནས་ད་བྱིད་བརྒྱད་པ་སོགས་འདོད་ཆགས་འཕེལ་བར་བྱེད་པའི་བོད་སྨན་སྡེབ་སྦྱོར་བྱེད་བཞིན་ཡོད་མེད་མ་ངེས་ཀྱང་། རྡ་ས་སྨན་རྩིས་ཁང་ནས་འདོད་འཕེལ་གྱི་སྨན་རིགས་དག་སྡེབ་སྦྱོར་གྱིས་འགྲེམ་ཚོང་བྱེད་བཞིན་འདུག་ལ། སྨན་ཐུམ་གྱི་ཕྱི་ངོས་སུ་ཡང་ཕོ་མོ་གཉིས་ཀྱིས་འོ་སྐྱེལ་བཞིན་རི་མོ་དང་། འགྲེལ་བཤད་ཐུང་ཐུང་དེར་ཡང་མིག་སོགས་དབང་པོ་གསལ་ཞིང་འདོད་པ་འཕེལ་ཐུབ་པ་སོགས་ཀྱི་ཁྱད་ཆོས་དག་ངོ་སྤྲོད་བྱས་འདུག ཁོ་བོའི་གྲོགས་པོ་ཞིག་ཡོད་པས་རྡ་ས་སྨན་རྩིས་ཁང་གི་སྨན་དེ་དག་འཐུངས་ནས་མཁལ་རྐེད་ཚ་བོ་ཆགས་ཡོང་གི་འདུག་ཟེར་ལ། ཁོ་བོས་ཀྱང་མིག་ཤེད་གསོ་བར་ཨེ་ཕན་གྱི་རེ་བས་སྨན་དེ་ཆུ་ཁོལ་ནང་སྦངས་ཏེ་འཐུངས་པས་སྐབས་ཐོག་དེར་གཟུགས་པོར་དྲོད་བསྐྱེད་ཡོང་བ་ནི་དངོས་ཡོད་གནས་ཚུལ་རེད།
ཁོ་བོར་སློབ་མ་ཨ་རི་བ་ལོ་གཞོན་བོད་ཡིག་གི་ཤེས་ཚད་བཟང་ལ་ནང་ཆོས་ཉམས་ལེན་བྱེད་པ་དང་། ནྰ་རོ་པ་མཐོ་སློབ་ཏུ་ནང་ཆོས་ཀྱི་ལག་ཁྱེར་ཡག་པོ་ཐོབ་རྗེས་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་པ་ཞིག་ཡོད་པ་དང་། ཁོས་བཅུད་ལེན་གྱི་སྐོར་འདིར་དོ་སྣང་ཆེན་པོས་སློབ་སྦྱོང་དང་ལག་ལེན་བྱེད་བཞིན་འདུག ལོ་གཉིས་ཀྱི་སྔོན་ཁོས་ཁ་ལི་ར་སྒྲོ་ནས་ང་ལ་བཅུད་ལེན་གྱི་སྨན་རིལ་བླུགས་ཡོད་པའི་དམ་བི་ཆུང་ཆུང་གཉིས་བསྐུར་བྱུང་ལ། ཁ་པར་དང་ཡི་གེ་དག་ལས་ཁོ་རང་གིས་བཅུད་ལེན་གྱི་སྦྱོར་བ་ཁག་ཅིག་ལག་ལེན་བྱེད་བཞིན་དང་། ཁྱད་པར་དུ་འཁྲིག་པ་སྤྱོད་དུས་ཐིག་ལེ་ཡར་འདྲེན་ཡང་གང་ཐུབ་ཅིག་བྱེད་བཞིན་ཡོད་ཟེར།
ཁོ་བོ་འདས་ལོའི་དབྱར་ཁར་ཁེ་ན་སྒྲར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཡོད་དུས་ཀྱི་ཉིན་ཞིག་ཁོའི་ཁ་པར་ཡོང་སྟེ། ཁོ་དང་ཁོའི་དགའ་རོགས་མ་གཉིས་སྨན་ཁང་ཞིག་ཏུ་ཡོད་ཅིང་། དགའ་རོགས་མའི་མངལ་གྱི་ཕྲུ་གུ་ཕྱིར་འདོན་བཞིན་ཡོད་ཟེར། འཕྱི་དྲགས་པའི་དུས་ཚོད་དེར་ཡིད་སྐྱོ་བའི་རྣམ་ཤེས་ཤིག་འཇིག་རྟེན་དཀར་ངོགས་སུ་ཡོང་རྒྱུར་སྐུལ་མ་བྱེད་མ་ཐུབ་པའི་ང་རང་། ཉི་མ་འགར་སྐྱོ་བས་གཟིར་ཞིང་བསམ་གཞིགས་ཀྱི་ཀློང་དུ་ཚུད་ཅིང་། རྣ་ལམ་དུ་བཅུད་ལེན་དང་ཐིག་ལེ་ཡར་འདྲེན་སོགས་ཀྱི་ཐ་སྙད་སྙན་མོ་དེ་དག་ལྡིང་འཁོར་ཡང་ཡང་བརྒྱབ།
བོད་ཡུལ་དུ་མཚར་གཏམ་ཞིག་ཡོད་པ་སྟེ། མེ་ཏོག་བཅུད་ལེན་སྐྱག་པ་ཆེ་རེར་ལྟོས། །ཐིག་ལེ་ཡར་འདྲེན་བུ་མོ་མང་རེར་ལྟོས། །
བརྡ་འཕྲིན་གྱི་དུས་རབས་འདིར་གློག་ཀླད་ཅིག་མེད་ན་མི་ཕྱེད་ཀ་ཆགས་འགྲོ་ཞིང་། གློག་ཀླད་དེ་བརྒྱུད་ནས་ཉི་མ་སྟོང་ཟད་དུ་གཏོང་མ་ཐུབ་ན་དེང་རབས་པར་ཇི་ལྟར་བརྩི། གནས་སྟངས་འདིས་དྲག་ཏུ་བཙུར་བའི་ཁོ་བོ་སྟེ། གློག་ཀླད་གྲུ་བཞི་ཞིག་གི་ཁ་གཏད་ནས་གསེར་ལས་རིན་ཐང་ཆེ་བའི་དུས་ཚོད་ཕལ་མོ་ཆེ་ཞིག་སྟོང་ཟད་དུ་གཏོང་བཞིན་པའི་མི་ལས་ངན་ཞིག་གི་ངོས་ནས། ཆུ་ཤེལ་གྱི་རིལ་བུ་ཞིག་དང་མཚུངས་པའི་ཡ་ཐོད་ཀྱི་མིག་གཉིས་པོའི་ནུས་པ་དེ་དགའ་རབ་ཅིག་རྫོགས་ཚར་བ་འདྲ་སྟེ། ཕྱི་དྲོ་རེ་རེ་བཞིན་གོམ་པ་ཉི་ཤུ་སུམ་ཅུའི་ས་རུ་ཡོད་པའི་མི་དང་དངོས་པོ་གཞན་དག་རབ་རིབ་ལས་མི་མཐོང་བ་དང་། ལམ་རྟགས་ཡིག་འབྲུ་ཚོ་ཀློག་རྒྱུར་དཀའ་ངལ་རབ་དང་རིམ་པ་ཞིག་འཕྲད་བཞིན་པའི་དུས་འདིར། ང་ལ་ངོ་མ་མིག་སོགས་དབང་པོ་གསལ་བར་བྱེད་པའི་བཅུད་ལེན་གྱི་རིལ་བུ་ཞིག་མཁོ་གལ་ཧ་ཅང་ཆེ། ད་ནངས་སྔ་དྲོར་འདི་གའི་ལྷ་ཁང་གི་ནང་དུ་སྒྲོལ་མ་ཞིག་སྐྱོར་བར་ཕྱིན་པས། ཁོ་བོའི་མདུན་ཅོག་དེའི་སྟེང་དུ་སྦྲགས་ཐེལ་བརྒྱབ་པའི་ཤོག་ཁུག་ཆེན་པོ་ཞིག་བཞག་འདུག་ཅིང་། ཁ་བྱང་ལ་ལྟ་དུས་དེ་ནི་ཁོ་བོའི་སློབ་མ་བཅུད་ལེན་མཁན་དེའི་ཁ་བྱང་རེད་འདུག་ལ། ཤོག་ཁུག་གི་ནང་དུ་དམ་བི་ཞིག་ཡོད་པ་ཤེས་པ་དང་ཆབས་ཅིག་ཁོས་ཡང་སྐྱར་བཅུད་ལེན་གྱི་རིལ་བུ་འགའ་བསྐུར་ཡོད་པ་ཤེས་སོང་། བཅུད་ལེན་གྱི་རིལ་བུ་འདི་ཚོ་ལམ་སྟོན་བཞིན་འཐུང་ཐུབ་ན་ནུས་པ་ཁྱད་པར་པ་རེ་ཐོན་ཐུབ་པ་གདོན་མི་ཟ་ཞིང་། ང་ཚོ་མིག་བཅུད་ལུས་བཅུད་སེམས་བཅུད་ཡོངས་རྫོགས་སྙིང་རྗེ་མེད་པར་ལེན་འགྲོ་བའི་གློག་ཀླད་གྲུ་བཞི་འདིའི་ཁ་གཏད་དུ་ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ནས་སྡོད་དགོས་སམ། ཡང་ན་གློག་ཀླད་འདི་མེ་ལ་བསྲེགས་པའམ་ཡང་ན་ཆུ་ལ་བསྐྱུར་རྗེས་དལ་ལྷོད་ལྷོད་ངང་གཉིད་དུ་ཡུར་དགོས། ཀ་ཡེ། ལན་ཞིག་གནོངས་དང་། གྲོགས་པོ་དག
ཨ་བླ་ཀླུ་སྨྱོང་ཚང་གིས་བཅུད་ལེན་སྐོར་ཁ་གསལ་བྲིས་པ་བཀླགས། འདོད་པ་སྤེལ་བའི་བཅུད་ལེན་ཀློག་སྐབས་སུ། ངས་ཆུང་ངུའི་དུས་སུ། གྲོང་ཆོག་གྲྭ་པ་ཀུན་ཀྱིས་འབེལ་གཏམ་བྱེད་པ་ན། ལྷ་རྗེ་ཤེས་པའི་གྲྭ་པ་ལོ་རྒན་ཙམ་ཡིན་པ་ཡོད། མི་སྐྱ་ལྷ་རྗེ་ཤེས་པ་དང་འབྲེལ་པ་ཡོད་མཁན་ཞིག་ཡིན་འདུག། དེ་ཡིས་གྲོང་ཆོག་དེར་འདི་ལྟར་བཤད་སོང་། ཐམས་ཅད་བདེན་པ་ཡིན་ནམ་མ་ཡིན་མི་ཤེས། གྲྭ་པ་ཁོ་རང་གིས་བདེན་པར་འཛིན། ལྷ་རྗེ་མི་སྐྱ་དེས་མཇེ་ལང་བའི་བཅུད་ལེན་བཟོས་པ་ཟོས་ཏེ། མཇེ་ལངས་ཏེ། ལི་ཀིར་གྱི་ལུང་པ་ན། བུད་མེད་འགའ་ལ་ཆགས་སྤྱོད་བྱས་ཀྱང་། ཕོ་མཚན་ལངས་ལ་ལངས་བསྡད། གྲོག་པོའི་ཆུ་ལ་ཞུགས་ཀྱང་། མཇེ་ལངས་ཞི་མ་ཐུབ། རང་གི་ཁྱིམ་ལ་སླེབས་དུས་སུ་ཞི་བ་ཆགས་མེད། རང་གི་ཆུང་མ་དང་འཁོན་ཡོད་པས། ཕན་ཚུན་གཏམ་མི་གླེང་ཡང་། དེ་དུས་མོ་ལ་ཞུ་བ་འཐེན་ཏེ། ལན་མང་རྒྱོས་ཀྱང་ཕོ་མཚན་ཞི་བ་ཆགས་མེད་པ་ན། སླར་དཔེར་ཆར་བལྟས་པས། སྨན་སྦྱོར་དང་འབྲེལ་ཆུ་གྲང་འཐུང་དགོས་པ་བཞིན་བྱས་པས། མཇེ་ལངས་དེ་ཞི་བར་ཆགས་པ། བཤད་སོང་། ང་རང་དེ་དུས་ལོ་བཅུ་གསུམ་བཅུ་བཞི་ཡིན་བསམ། ང་རང་ལུས་ཁམས་བདེ་བའི་བཅུད་ལེན་ཞིག་ཡོད་པ་རྗེས་སུ་འབྲི་ཆོག ད་ལྟ་དུས་ལྡངས་པ་མེད། ཡིག་ནོར་དག་ལ་ཞུས་དག་མཛོད།
འཇེ་ལང་ནས་མི་ཞི་བ་ནི་བཅུད་ལེན་ལ་བསྟེན་ནས་བྱུང་བ་མ་རེད།
དེ་ནི་གངས་སྦལ་གྱི་ཆུ་འཐུང་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པའི་བཤད་སྲོལ་ཡོད་འདུག
འོ་ཨ་ཁུ་ཚང་མ་བཟང་ཐལ། འདོད་ཆགས་འཕེལ་བའི་སྨན་རིལ་བཟའ་མི་ཉན། ད་གཞི་ནས་ཤེས་བྱུང། ཁྱེད་ནས་འདོད་ཆགས་ཀྱི་མཚར་གཏམ་སོགས་སྒྲུང་རིགས་མང་པོ་ཞིག་བྲིས་ཡོད་། བློ་མི་བདེ་སར་གླེང་བླང་མང།
ཞེས་པ་དེ་རེད་འདུག
བོད་ཀྱི་གཏམ་དཔེར། ཨ་རུ་བཅུད་ལེན་བདག་པོ་སྒོར་རྩའི་སྐྱག་སྒོང་དེ་ལ་ལྟོས་དང།
ཐིག་ལེ་ཡར་འདྲེན་བདག་པོ་བུ་མོའི་གྲོད་པ་དེ་ལ་ལྟོས་དང།
དེ་འདྲ་ཟེར་སྲོལ་ཡོད་འདུག
བཅུད་ལེན་ནི་འདོད་ཆགས་འཕེལ་བྱེད་ཅིག་མིན་ཅིང་དེ་ནི་འདོད་ཆགས་ལས་སོགས་དུག་ལྔའི་ཉོན་མོངས་རྣམས་ཞི་བར་བྱེད་པའི་ཐབས་ལམ་ཞིག་ཡིན་པ་ལུང་ལས་གསལ་འདུག
དེ་མིན་གྲུབ་ཐོབ་དེ་རིགས་དབེན་པའི་གནས་སུ་དཀའ་སེ་རེད།
སྨན་དེ་འདྲ་ཞིག་བཟོ་ཐུབ་ན་རྒན་པ་ཚོར་དངོས་གནས་ཐུགས་ཕན་གསོས་རྒྱུ་རེད།
མཁས་དབང་རྒན་ཀླུ་སྨྱོན་ལགས། སྨན་དེ་འདྲ་མང་པོ་མཆོད་ན་སྐུ་རྐྱང་དུ་བཞུགས་སྐབས་ཨ་ཞང་ལང་ནས་སྐུ་ངལ་བཟོས་ཡོང་། ད་ཟབ་ཟབ་གནང་གལ་ཆེ།
མཁས་དབང་ཀླུ་སྨྱོན་མཆོག་ལ་འབོད་བསྐུལ་ཞུ་རྒྱུར་ད་ལྟའི་བཀའ་ཤག་གསར་པའི་བཀའ་བློན་ཚོར་བོད་ཡིག་གི་དགེ་རྒན་ཞིག་ངེས་པར་དགོས་འདུག་པས་སྐུ་ཉིད་ཕེབས་ནས་བོད་ཡིག་གི་དང་པོ་ཀ་ཁ་ནས་བཟུང་སྦྱོར་ཀློག་དག་པོ་ཞིག་སློབ་གནང་ཡོང་བ་ཞུ། དེ་སྔོན་བོད་ནང་གི་ལས་བྱེད་རེ་ཟུང་བོད་ཡིག་མི་ཤེས་པར་སོང་། བོད་པའི་རིག་གཞུང་ལ་ཞེན་པ་ཆེ་བའི་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཁོང་ཚོ་ལོ་ཤས་རིང་བོད་ཡིག་སློབ་གྲྭར་གཏོང་གནང་མཛད་ཡོད། ད་ཆ་བཀའ་བློན་རྣམས་བོད་ཡིག་སློབ་གྲར་ཕེབས་དགོས་ཞུས་ན་སྐུ་རླུང་བཞེངས་ནས་རྒྱ་གར་གྱི་ཉེན་རྟོགས་པ་སྐད་བཏང་ཏེ་གང་བྱུང་བྱ་སྲིད་པས། དེ་བས་རྒན་ཀླུ་སྨྱོན་ལགས་ཀྱིས་བཀའ་ཤག་རང་དུ་ཕེབས་ནས་གསང་བའི་ཐོག་ནས་བོད་ཡིག་བསླབས་ན་ཡག་ཤོས་རེད།
ཞོར་དུ་བཅུད་ལེན་རིལ་བུ་མང་ཙམ་མཆོད་ན་རྒྱ་རི་སྒྲོལ་མར་ཐུགས་ཕན་གསོ་ངེས།
ཟོར་
ཁྲག་འཐུང་ཀླུ་སྨྱོན་ལགས།
ཁྱེད་ཀྱིས་བཅུད་ལེན་གྱི་སྐོར་ངོ་སྤྲོད་བྱས་བ་ཐུགས་རྗེ་ཆེ། འོན་ཀྱང་བོད་ཀྱི་གསོ་རིག་གི་དགོངས་པ་ལྟར་ན་བཅུད་ལེན་དང་རོ་ཙ་གསོ་བ་གཉིས་ཁ་ཁ་ཡིན་པས་དེ་ལུགས་ཐུགས་ལ་འཛིན་རོགས་མཁྱེན།
ཀླུ་སྨྱོན་ལགས། བཅུད་ལེན་དང་རོ་ཙའི་ཁྱད་པར་གསལ་པོ་ཞིག་གསུངས་ཐུབ་ན་ཕན་ཐོགས་འདུག་
འདི་ལ་སྤྱི་དང་བྱེ་བྲག་གི་ཁྱད་པར་ལས་མེད། བཅུད་ལེན་ནི་སྨན་སྦྱོར་སྤྱི་ལྡོག་པ་ཞིག་དང་རོ་ཙ་གསོ་བ་ནི་དེའི་ནང་གསེས་ཤིག་རེད། མི་བདེན་བསམས་ན་རྒས་པ་གསོ་བའི་བཅུད་ལེན་གྱི་སྨན་ཡིག་དག་ལ་གཟིགས།
རྒན་ལ་དྭགས་པ་ལགས། འཁྲིག་སྤྱོད་ལ། རྒྱོ་དང་། འདས་་པ་ལ་རྒྱོས། ད་ལྟ་བ་ལ་ཅི་འདྲ་འབྲི། ཚིག་འདི་གང་ལས་གྱེས་པ་རེད། ཅེས་ཞུ་བ་དང ༴ ཉིད་ཀྱི་བརྡ་སྤྲོད་ལོ་རྒྱུས་སུ། གཤམ་གསལ་གྱི་ཚིག་ཕྲད་དང་། བྱ་བའི་ཚིག་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་རྣམས་ཀྱི་འགྱུར་ཚུལ་ལ་སྣང་རྟགས་མཛད་ན། །རང་གི་རྒྱུད་ལ་བརྡ་སྤྲོད་ཀྱི་ཤེས་རིག་གི་འོད་སྣང་འཆར་བར་འགྱུར་རོ། །ཞེས་པའི་དོན་དང་། ཤིན་ཏུ་སླ་བའི་སྒོ་ནས་དུས་གསུམ་གྱི་འགྱུར་བ་རྟོགས་ཐབས་རེ་གསུང་རྒྱུ་ཡོད་ན་ཐུགས་ལ་བཏགས་པར་འཚལ།
རྒན་ཀླུ་སྨྱོན་ལགས།
མུ་མཐུད་དུ་ཕྱག་བྲིས་གྱིས་དང་། ངས་དུས་དང་རྣམ་པ་ཀུན་ཏུ་དུས་ཀྱི་རྒད་མོའི་ནུ་མ་ཤེད་ཀྱིས་བཙིར་ཏེ་སྐུ་ཉིད་ཀྱི་ལྗགས་རྩོམ་མཛེས་མའི་པང་དུ་འཁྱུད་པའི་བཅུད་ལེན་རིལ་བུ་ཟ་བཞིན་ཡོད།
དེང་སང་དྲྭ་བའི་བརྒྱུད་ལམ་ནང་ཡིག་ཆ་སོགས་གསང་བ་རྐུ་འཁྱེར་བྱེད་པའི་དྲྭ་འབུ་ཙམ་མིན་པར་མིའི་མིག་ཤེད་སོགས་ལུས་ཀྱི་འཕྲོད་བསྟེན་ལ་གནོད་པ་སྐྱེལ་བའི་དྲྭ་འབུའི་རིགས་ཀྱང་ཡོད་པས། དྲྭ་ལངས་སུ་ཤོར་བའི་རྗེས་འབྲས་ནི་ཉེན་ཁ་ཆེན་པོ་ཞིག་ཡིན་པར་སེམས། ལྷག་པར་ཆོས་བྱེད་དགེ་འདུན་པ་ཞིག་གི་ངོས་ནས་བཤད་ན། ཇི་ཙམ་གྱི་ཉེན་ཚབས་ཡོད་པ་རང་ཅག་ཚང་མས་མྱོང་བས་ར་འཕྲོད་ཀྱིན་ཡོད།
དེས་ན་ཉིན་རེར་དྲྭ་བ་དང་བྲལ་ན་ལག་པ་འདར་སིག་རྒྱག་ཅིང་སེམས་པ་རྩེ་ཟིང་ཟིང་བྱེད་པའི་ཚད་དུ་བསླེབ་མི་དགོས་པ་ཞིག་མ་མཐའ་ཡང་བྱེད་དགོས་པར་སྙམ།
རྒྱོ་ཞེས་པའི་ཚིག་འདི་རྒྱབ་དང་རྒྱོང་སོགས་ཀྱི་ཚིག་དང་བྱིངས་གཅིག་ལས་གྱེས་པར་སྙམ།
སྐྱེས་པའི་འཕོངས་ལ་ཤུགས་བསྐྱེད་དེ་སྟེང་ནས་འོག་ཏུ་རྡེག་གིན་ཡོད་པས་རྒྱབ་ཅེས་པ་དང་གོ་དོན་ཉེ་ལ། ཁུང་བུ་ཞིག་གི་ནང་རོལ་དུ་ཕོ་མཚན་ཀྱི་དངོས་པོ་བླུག་ཏེ་ཁུང་བུའི་སྒོ་ཁེངས་པར་བྱེད་པས་རྒྱོང་དང་ཉེ།
སྣ་བོ་ཆེས་རྒྱོ་ཞེས་པའི་ཚིག་འདིར་དཔྱད་པ་ཡག་པོ་བྱས་འདུག་པས། དེ་བཞིན་གཞན་ལའང་དཔྱད་པར་མཛད་ན་ཡག་པོ་ཡོང་ས་རེད་མ་གཏོགས་ཁ་སང་ཟིན་བྲིས་ཤིག་ལ། ལྷ་འདྲེ་མིག་གིས་དངོས་སུ་མཐོང་མྱོང་ཟེར་བ་ཞིག་བྲིས་པ་མཐོང་བས། དེ་ལྟར་གསུངས་ན་བླུན་རྟགས་ཅུང་མངོན་གྱི་འདུག་བ།
བཅུད་ལེན་ནི་མེ་ཏོག་དང་ཅོང་ཞིའི་བཅུད་ལེན་སོགས་སྨན་གྱི་དྭངས་མས་ལུས་ཀྱི་ཟུངས་བཅུད་ཉམས་པ་དེ་སླར་ཐོབ་པའམ་ལེན་པར་བྱེད་པར་བྱེད་པས་བཅུད་ཀྱིས་ལེན་པ་ཞེས་བརྗོད་པ་ལས། འདོད་པ་འཕེལ་བའི་ཐབས་གཅིག་བུའི་ཆོ་ག་ཞིག་མ་རེད།
བཅུད་ལེན་སྐོར་འཇུ་མི་ཕམ་པའི་ཡིག་ལས་རྒྱས་ཤིག་ཡོད་མ་རེད།
འདོད་པ་འཕེལ་དགོས་པའི་རིགས་དང་མཁལ་བའི་ནད་ཀྱིས་མིག་སྐྱོ་བོ་ཆགས་པའི་ཀླུ་སྨྱོན་བཅས་ལ། འབྲས་གསུམ་སྨན་མར་དང་། རྩ་བ་ལྔའི་སྨན་མར། དེ་བཞིན་འབྲས་བུ་གསུམ་དང་རྩ་བ་ལྔ་བསྲེས་པ་འབའ་སམ་སྨན་མར་ཞེས་པ་ཡིན་ལ།
འབའ་སམ་དེའི་ནང་ད་བྱིད་ལུག་ཐུག་འབྲས།།
མར་ལ་ཅོང་ཞི་བཅའ་སྒ་པི་པི་ལིང་།།
སླེ་ཏྲེས་རྒྱམ་ཚ་སུག་སྨེལ་བྲེ་ག་དང་།།
བུ་རམ་སྦྱར་བ་ད་བྱིད་སྐྱིན་གོར་ཏེ།།
རོ་ཙ་མཁལ་ནད་ཟ་ཁུ་འདོད་ཉམས་སེལ།།
ཞེས་པ་ལྟར་གྱི་སྨན་མར་གྱི་སྦྱོར་བ་དེས་ཐུགས་ཕན་སོས་ས་རེད་འདོད།
བཅུད་ལེན་དང་གསེར་བསྒྱུར་གྱི་རྩི་དེ་ཚོ་ཚན་རིག་པའི་མདུན་དུ་སྤུངས་ཐུབ་ན་དགེ་མཚན་ཆེའོ། །
༩༽ དྲི་མེད་ལྷག་བསམ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༨ གི་ཆུ་ཚོད་ ༤ སྐར་མ་ ༢༡
རྒན་ལ་དྭགས་པ་ལགས། འཁྲིག་སྤྱོད་ལ། རྒྱོ་དང་། འདས་་པ་ལ་རྒྱོས། ད་ལྟ་བ་ལ་ཅི་འདྲ་འབྲི། ཚིག་འདི་གང་ལས་གྱེས་པ་རེད། ཅེས་ཞུ་བ་དང ༴ ཉིད་ཀྱི་བརྡ་སྤྲོད་ལོ་རྒྱུས་སུ། གཤམ་གསལ་གྱི་ཚིག་ཕྲད་དང་། བྱ་བའི་ཚིག་རྣམས་ཀྱི་འདས་པ་དང་། མ་འོངས་པ་དང་། ད་ལྟ་བ་རྣམས་ཀྱི་འགྱུར་ཚུལ་ལ་སྣང་རྟགས་མཛད་ན། །རང་གི་རྒྱུད་ལ་བརྡ་སྤྲོད་ཀྱི་ཤེས་རིག་གི་འོད་སྣང་འཆར་བར་འགྱུར་རོ། །ཞེས་པའི་དོན་དང་། ཤིན་ཏུ་སླ་བའི་སྒོ་ནས་དུས་གསུམ་གྱི་འགྱུར་བ་རྟོགས་ཐབས་རེ་གསུང་རྒྱུ་ཡོད་ན་ཐུགས་ལ་བཏགས་པར་འཚལ།
དྲི་མེད་ལྷག་བསམ་ལེགས།
རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་གི་ཚིགས་བཅད་ཅིག་དྲན། ཇི་ལྟ་བ་བཞིན་རང་བློར་ཡོད་མིན་མི་ཤེས་ཀྱང་འབྲི་བ་ནི།
འོན་ཀྱང་མགོ་ཅན་ཕལ་ཆེར།
འདས་ལ་བས་ཕུལ་ཡང་འཇུག་ཡོད།
མ་འོངས་ཕུལ་ཡོད་ཡང་འཇུག་མེད།
བསྐུལ་ཚིག་ཕུལ་མེད་ཡང་འཇུག་ཡོད།
ད་ལྟ་བ་ལ་གཉིས་ཀ་མེད།
མགོ་ཅན་ཡོད་ཚད་ལ་དེ་ལྟར་མ་ཡིན་པས། མགོའི་ཚིག་རྐང་དུ་ཕལ་ཆེར་གསུངས་པ་མ་མཐོང་བ་ཡིན་ནམ། ཡང་ན་དེ་ལ་བརྩི་མི་དགོས་བསམ་པ་ཡིན། བོད་ཀྱི་རིག་གཞུང་སྐད་ཀྱི་དག་ཆ་ལ་རྒྱུས་མེད་པ་དག་གིས། བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་སུ། བསྩལ། ཅེས་བྲིས་པས། བཀའ་བསྟན་སོགས་ཀྱི་དཔེ་ཆ་བཀླགས་མ་མྱོང་བ་དག་གིས། བཀའ་བསྟན་སོགས་ཀྱི་དཔེ་ཆ་དང་འགལ་བ་ཁོ་ན་འབྲི་བ་མཐོང་། གཅིག་ཆ་ན། མཁར་སྟོད་རྡོ་རྗེ་དབང་ཕྱུག་གིས་ཁུ་ནུ་བླ་མ་རིན་པོ་ཆེའི་ཞབས་ལ་གཏུགས་ཏེ། ཚིག་མང་ཙམ་གྱི་དུས་གསུམ་རེའུ་མིག་ཐུ་མིའི་དགོངས་གཏེར། ཞེས་པ་ཨིན་སྐད་དང་། བོད་མཆན་འདུག་པ་དེ་དྲྭ་རྒྱ་ཞིག་ཏུ་དགོད་ངེས་ལ། གཙོ་བོ་རང་རེས་དཔེ་ཆ་དག་ཀློག་པ་ན་བྱ་ཚིག་གང་དང་གང་མཐོང་བ་ན། དེ་དག་གི་ད་ལྟ་འདས་མ་འོངས་བསྐུལ་ཚིག་གམ་སྨོན་ཚིག་བཅས་ལ་ཕལ་ཆེ་་བ་ལ་འགྱུར་བ་ཡོད་པ་དང་། མང་པོ་ཞིག་ལ་འགྱུར་བ་མེད་པ། དཔེར་ན། མཁས། དགའ། བདེ། ཞེས་ལྟ་བུ།
ཡང་ཞུ་བ་ཞིག་ལ་བོད་རྒྱ་ཚིག་ཆེན་མོར་བསྐུལ་ཚིག་མེད་པ་དེ་དག་སྟོང་པར་བཞག དེ་དག་ལ་བསྐུལ་ཚིག་མེད་ཀྱང་། སྨོན་ཚིག་ཡོད་དགོས་པར་མཐོང་། དཔེར་ན་བྱ་ཚིག འགྱུར་བ། ཞེས་པ་ལྟ་བུ་ལ་སྨོན་ཚིག་ཡོད་དགོས་ཏེ། འདྲེན་པའི་དཔལ་དུ་བདེ་གྱུར་ཅིག ཅེས་པ་ལྟ་བུ།
རྒྱོ་ཞེས་པ་ལ། སྐུ་གཤེགས་རྡོ་རྗེ་དབང་ཕྱུག་དང་། དག་གསར་བསྒྲིགས་ལྟར་ན། འདས་ད་ལྟ་མ་འོངས་བསྐུལ་ཚིག་རིམ་བཞིན། བརྒྱོས། རྒྱོ། བརྒྱོ། རྒྱོས། བྲིས་སོ། དེས་ན། བདག་གིས་འདས་པ་ལ་རྒྱོས་ཞེས་བྲིས་པ་དེ་ནོར་བར་སྣང་། ཁྱེ་སྐུ་ཁམས་བཟང་བའི་ཤིས་སྨོན་བཅས།
རྒན་ལ་དྭགས་པ་ཐུགས་རྗེ་ཆེ། སྐུ་ཚེ་ཞབས་པད་བརྟན་པར་གྱུར་ཅིག །
རྒན་ལ་དྭགས་པའི་ཉན་མྱོང་ཡོད་པའི་སྨན་པ་དེས་ཟོས་པའི་སྨན་དེ་སྦྱོར་སྟངས་ཤིག་ངས་ཀྱང་ཤེས་འདོད་འདུག
གཏམ་གནའ་སྒྲུང་ཙམ་མིན་པ་ལུས་སེམས་ལ་གནོད་པ་མེད་པའི་བོད་ཀྱི་གསོ་རིག་དང་འབྲེལ་བའི་རོ་ཙཱའི་སྨན་ནུས་ཅན་བཟོ་བསྐྲུན་ཐུབ་ན་རང་གཞན་ཀུན་ཕན་ཞིང་ཚོང་འགྲིམ་ཆེ། ཕྲན་རང་ལ་དེའི་སྐོར་ཤེས་ཚད་གང་འཚམས་ཡོད་ཀྱང་ད་ཚུན་ལག་བསྟར་ཐུབ་མེད། མ་འོངས་པར་མཐུན་རྐྱེན་འཛོམས་པའི་སྐབས་
ཀྱང་འབྱུང་སྲིད། བཀྲིན་ཆེ།