རྩོམ་པ་པོ། འབྲོང་རི་ལྡོམ། ཆོས་ཉིད་ཀྱིས་འོས་སྦྱོར་བྱས།
རང་གི་ཨ་ཕ་ལགས་ཀྱི་ཁ་ལེན་ཞིང་ཚིག་བརྩི་མིན་ནི་བཀའ་དྲིན་ལ་བསམ་ཤེས་བྱེད་པའི་མི་བུ་ཡ་རབས་ཤིག་དང་། དྲིན་ཅན་ལ་དྲིན་དུ་མི་བརྩི་བའི་མི་བུ་མགོ་སྟོང་ངམ་མི་ངན་གཏོ་འདྲ་མ་ཞིག་ཡིན་མིན་གྱི་ཁྱད་འབྱེད་ཐིག་ཤིང་རེད་ཅེས་སྨྲ་ཆོག འདི་ལ་ནང་བའི་ཆོས་སུ་ཅི་གསུངས་བཀའ་བཞིན་སྒྲུབ་ཟེར་བ་དང་སྒྲུབ་པའི་མཆོད་པ་ཞེས་སུ་འབོད་ཀྱི་ཡོད་ལ། རང་གི་བླ་མར་ཕ་ཡི་ཐ་སྙད་ཀྱིས་འབོད་པ་གྲངས་མང་ལ་རྒྱ་ཆེ་བ། རྒྱུ་མཚན་དང་ལྡན་པ་ཞིག་ཀྱང་རེད་ཅེས་ཤོད་ཐུབ། དེ་ཡང་འཇིག་རྟེན་ནའང་རང་གི་དྲིན་ཆེན་ལ་ཕ་ཞེས་འབོད་པ་ཡོད་པས་ན་འདུལ་གཞུང་སོགས་སུ་བླ་མ་མཁན་པོ་སོགས་ལ་ཐ་སྙད་དེ་ལྟར་སྦྱར་བ་ཡིན་པར་འདོད།
དེ་ལྟ་བུའི་གླེང་བསླངས་ནས་དེ་རིང་གི་ཉིན་མོར་ཁྱེད་ཀྱིས་ཅི་ཞིག་འབྲི་རྩིས་ཡོད་ཅེ་ན། བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་རྣམ་ཐར་དུ་བུ་ཞིག་གིས་རང་གི་ཨ་ཕའི་ཁ་ཆེམས་ལག་ལེན་ལ་བཏབ་པའི་དངོས་བྱུང་གི་གཏམ་རྒྱུད་ཅིག་ཡོད་པ་ཁ་གསལ་གོ་བདེའི་ལམ་ནས་འབྲི་བར་སྤྲོོའོ།།
དེ་ཡང་ཉིན་ཞིག་གི་སྔ་མོར་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་བོས་བཅོམ་ལྡན་འདས་འཁོར་ཉན་ཐོས་དང་བཅས་པར་ཕུལ་བའི་གནས། སྐྱེད་ཚལ་ཉམས་དགའ་བ་འོད་མའི་ཚལ་ནས་དེ་དང་ཁད་ཉེ་བའི་རྒྱལ་པོའི་ཁབ་ཏུ་སེམས་ཅན་གྱི་བསོད་ནམས་སྙོམས་ཕྱིར་བསོད་སྙོམས་སློང་བཞིན་པའི་སྐབས་ལ་སི་གཱ་ལ་ཟེར་བའི་མི་ཞིག་གི་གདོང་ན་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་གྱིན་ཕྱོགས་བཞི་དང་སྟེང་འོག་གཉིས་སྟེ། ཕྱོགས་དྲུག་ལ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ཏེ་དཀའ་བ་སྤྱོད་ཀྱིན་པ་གཟིགས་པ་རེད།
ཁོང་བསོད་སྙོམས་ལ་ཕེབས་མཚམས་བཞག་སྟེ། ཀ་ཡེ་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱིན་ཡོད་ཅེས་དྲིས་པར། མི་དེས་ཞུ་རྒྱུར། འདི་ནི་ངའི་ཨ་ཕ་ལགས་མ་གྲོངས་གོང་དུ་ང་ལ་བཞག་པའི་ཁ་ཆེམས་རེད། ཕྱོགས་བཞི་སྟེང་འོག་སོགས་ཀྱི་བར་ཆད་ཞུ་བའི་ཆེད་འདི་ལྟར་ཕྱག་དང་མཆོད་པ་བྱ་དགོས་རེད་ཅེས་ཁ་ཆེམས་བཞག་སོང་ཞེས་ཞུས། དེ་ནས་བཅོམ་ལྡན་འདས་ཀྱིས་ཁོ་ལ། ཁྱེད་ཀྱིས་རང་གི་ཨ་ཕ་ལགས་ཀྱི་ཁ་ཆེམས་ལག་ལེན་ལ་བཏབ་པ་དེ་བྱེད་དགོས་ཤིང་ཧ་ཅང་འགྲིག་པའི་བྱ་བ་ཞིག་རེད།
འོན་ཀྱང་ཁྱེད་ཀྱིས་ཤེས་རབ་ཀྱིས་མ་དཔྱད་པར་བཤད་པའི་ཚིག་ཇི་བཞིན་ཉམས་སུ་བླངས་ན་ནོར་འཁྲུལ་འབྱུང་གི་རེད། གང་ཡིན་ཞེ་ན། དངོས་པོའི་གནས་ཚུལ་ལ་ཁྱེད་ཀྱི་ཨ་ཕ་ལགས་ལ་ཡང་ཁྱེད་རང་གིས་ཕྱོགས་ཀུན་ཏུ་མགོ་བོ་བཏུད་དེ་ཕྱག་མཆོད་བྱ་དགོས་པའི་བསམ་ཚུལ་ག་ལ་ཡོད། ཁྱེད་ཀྱི་ཨ་ཕ་ལགས་ཀྱི་ཁ་ཆེམས་ཀྱི་དོན་འདི་ལྟར་ཡིན་ཏེ།
1 ཤར་གྱི་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དངོས་ནི། རང་གི་ཕ་མ་ལ་གུས་བཀུར་དང་མཐོང་ཆེན་བྱ་རྒྱུ་དེ་རེད།
2 ལྷོ་ཡི་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དངོས་ནི། རང་གི་སློབ་དཔོན་ལ་གུས་བཀུར་དང་བཀའ་གསུང་ཇི་བཞིན་བསྒྲུབ་རྒྱུ་དེ་རེད།
3 ནུབ་ཀྱི་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དངོས་ནི། རང་གི་ཆུང་མར་དམ་ཚིག་མཐུན་པའི་སྒོ་ནས་སེམས་ཐག་ཉེ་བོ་བྱ་རྒྱུ་དེ་རེད།
4 བྱང་གི་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དངོས་ནི། རང་གི་གྲོགས་པོ་དང་སྤུན་མཆེད་ཁྱིམ་མཚེས་བཅས་ལ་དགའ་བོ་དང་རོགས་རམ་ཞུ་རྒྱུ་དེ་རེད།
5 སྟེང་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དངོས་ནི། དགེ་འདུན་པ་དང་། དཀའ་ཐུབ་ལ་གནས་པ་སོགས་ཆོས་བྱེད་པ་དག་ལ་དགོས་ངེས་ཀྱི་འཚོ་བར་ལྟ་རྟོག་བྱ་རྒྱུ་དེ་རེད།
6 འོག་ཕྱོགས་སུ་ཕྱག་མཆོད་བྱོས་ཤིག་ཅེས་པའི་དོན་དགོས་ནི། རང་གི་འཁོར་གཡོག་ལ་སོ་སོའི་འཇོན་ཐང་ལ་དཔག་པའི་ལས་གནས་གོ་སྒྲིག་དང་ལས་གནས་དེ་དང་འཚམ་པའི་གླ་ཆ་སྤྲོད་རྒྱུ། དེར་མ་ཟད་ཁོ་ཚོ་ནད་ཀྱིས་མནར་སྐབས་སྨན་དང་ནད་གཡོག་གི་མཐུན་རྐྱེན་སྦྱོར་རྒྱུ་སོགས་དེ་རེད། དེས་ན་གོང་གསལ་གྱི་བྱ་བ་དེ་དག་ཚུལ་བཞིན་བསྒྲུབས་ན་ཕྱོགས་བཅུའི་བར་ཆད་ལས་སྐྱོབ་ཐུབ་པ་ཡིན། ཞེས་བཅོམ་ལྡན་འདས་ཀྱིས་སི་གཱ་ལིའི་ཕ་ལགས་ཀྱི་ཁ་ཆེམས་དེ་དག་ཤེས་རབ་ཀྱིས་རྣམ་པར་བཅད་དེ། སི་གཱ་ལི་དོན་དངོས་ཀྱི་འཇིག་རྟེན་འཚོ་བའི་ནང་དུ་མི་ཚད་ལྡན་ཞིག་གམ་ཡང་ན་མི་བསོད་ནམས་ཅན་རང་གཞན་སུ་ལ་ཡང་ཕན་ཐོག་ཡོད་པའི་མི་བུ་ཞིག་གི་ལམ་དུ་ཁྲིད་པ་དེ་རེད། དེར་མ་ཟད། བཅོམ་ལྡན་འདས་ཀྱིས་སི་གཱ་ལི་ལ་མི་དགེ་བ་བཅུ་བཞི་སྤོང་དགོས་པའི་སྐོར་གྱི་གདམས་པ་འདི་ལྟར་གནང་།
དང་པོ། སྤྱོད་ལམ་ལ་བརྟེན་པའི་སྤོང་དགོས་པའི་མི་དགེ་བ་བཞི་ཡོད་དེ། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་པར་གཡེམ་པ། རྫུན་དུ་སྨྲ་བ་བཅས་སོ།།
གཉིས་པ། མི་དགེ་བའི་ལས་ངན་བྱེད་དུ་འཇུག་པའི་ཀུན་སློང་ལ་བརྟེན་པའི་སྤོང་དགོས་པ་ཡང་བཞི་ཡོད་དེ། དྲང་བཞག་མིན་པའི་ཕྱོགས་རིས། དགའ་མིན་ཞེ་བཞག་གི་ཕྱོགས་རིས། གླེན་རྟགས་སམ་ལྐུགས་རྟགས། ཞེད་སྣང་བཅས་སོ།།
གསུམ་པ། དཔལ་འབྱོར་ཆུད་ཟོས་སུ་གཏོང་བའི་རྐྱེན་དྲུག་ཡོད་དེ། མྱོས་འགྱུར་རམ་ཆང་འཐུང་བ། མཚན་མོར་འཕྱི་བོའི་བར་དུ་སྲང་ལམ་ལ་འཁྱམ་ཉུལ་བྱེད་པ། དུས་ཚོད་མང་པོར་རྩེད་འཇོ་ལ་རོལ་བ། རྩེད་འཇོའི་དགའ་སྤྲོའི་ཆེད་དུ་བསམ་བློ་ཡུན་རིང་གཏོང་བ། སྡིག་གྲོགས་དང་ལྷན་དུ་རྒྱན་འཇོག་ཤོ་སྦག་རྩེ་བ། སྒྱིད་ལུག་ཅིང་ལེ་ལོ་བྱེད་པ་བཅས་སོ།།ཞེས་སོགས་རྒྱ་ཆེར་གསུངས་པས།
གཞོན་ནུ་སི་གཱ་ལིས་གུས་ཤིང་བཀུར་བའི་སྒོ་ནས་བཅོམ་ལྡན་འདས་ཀྱི་གདམས་པར་ཉན་སྐབས། གློ་བུར་དུ་ཁོའི་སེམས་སུ་ཨ་ཕ་འཚོ་བཞུགས་སྐབས་ཁོང་གིས་སངས་རྒྱས་བཅོམ་ལྡན་འདས་ནི་ཇི་འདྲའི་སློབ་དཔོན་ཚད་ལྡན་ཞིག་རེད་ཨང་ཞེས་རང་ལ་བཤད་མྱོང་བར་མ་ཟད་ད་དུང་ཁོང་གིས་རང་ཉིད་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་གསུང་ཆོས་ཞུ་བར་འཁྲིད་པའི་ཐབས་ཤེས་སྣ་མང་ལ་བརྩོན་ཡང་རང་གིས་ཨ་ཕ་ལ། ནམ་ཡིན་ཡང་ང་ལ་དུས་ཚོད་མེད་ཅེས་དང་། དཀའ་ལས་འདུག དེ་ཉོག་དྲ་ཚ་བོ་རེད། ང་ལ་དགེ་འདུན་ལ་འབུལ་རྒྱུའི་དངུལ་དངོས་མེད་ཅེས་སོགས་གསུང་ཆོས་ལ་གཡོལ་ཅི་ཐུབ་བྱས་པའི་གནས་ཚུལ་རྣམས་གསལ་ལེར་དྲན། དེ་ནས་གཞོན་ནུ་སི་གཱ་ལིས་སངས་རྒྱས་བཅོམ་ལྡན་འདས་ལ་གནས་ཚུལ་དེའི་སྐོར་ནས་འགྱོད་བཤགས་བྱས་ཤིང་། རང་ཉིད་བཅོམ་ལྡན་འདས་ཀྱི་རྗེས་འཇུག་གི་གྲས་ལ་ལེན་པའི་ཞལ་བཞེས་གནང་བར་ཞུ་ཞེས་རེ་བ་ཞུས་ཏེ་ཞུ་བ་ཕུལ། དུས་ད་ནས་བཟུང་ཁོ་བོས་ངེས་པར་དུ་རང་གི་ཨ་ཕས་བཞག་པའི་ཁ་ཆེམས་དེ་ཉིད་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཇི་ལྟར་འགྲེལ་བཤད་གནང་བ་བཞིན་ལམ་མ་ནོར་བའི་ཐོག་ནས་ཉམས་སུ་ལེན་རྒྱུ་ཡིན་ཞེས་ཁས་ལེན་དམ་བཅའ་བྱས་སོ།།
གཏམ་རྒྱུད་འདིའི་བྱུང་རིམ་ལས་གཞོན་ནུ་སི་གཱ་ལི་ནི་ང་ཚོ་དང་། སི་གཱ་ལིའི་ཨ་ཕ་ལགས་ནི་འུ་ཅག་སྒེར་སོ་སོའི་ཕ་མ་དང་བླ་མ། དགེ་རྒན་སོགས་དང་། སངས་རྒྱས་བཅོམ་ལྡན་འདས་ནི་༧ སྟོན་པ་ཏཱ་ལའི་བླ་མ་དགུང་ལོ་བརྒྱད་ཅུ་གྱ་གཉིས་ལ་ཕེབས་ཟིན་པའི་རླབས་ཆེན་གྱི་སྐྱེས་བུ་ཁོང་ཡིན་པའི་དབང་དུ་བཏང་སྟེ་བསམ་བློ་ཡང་དག་པ་རེ་བཏང་ན་གཞོན་ནུ་སི་གཱ་ལི་དང་ང་ཚོའི་བར་ཐག་ལ་ཚད་ཅི་ཙམ་གྱིས་ཆོད་ཡོད་དམ།
རྩོམ་ཡིག་འདི་དག་རང་ཅག་གི་དཔལ་ལྡན་བླ་མ་དམ་པ། ༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ། འཛམ་གླིང་ཞི་བདེའི་དེད་དཔོན། སྟོན་པ་ཏཱ་ལའི་བླ་མ་མཆོག་དགུང་གྲངས་བརྒྱད་ཅུ་གྱ་གཉིས་བཞེས་པའི་འཁྲུངས་སྐར་ལ། མཆོད་པའི་མེ་ཏོག་རྐང་གཅིག་གི་དོད་དུ་སྒོ་གསུམ་གུས་པས་ཕུལ།
གསལ་བཤད། གཏམ་རྒྱུད་འདི་གནས་བརྟན་སཱི་རི་ངྷམ་མས་བརྩམས་ཤིང་། ངེས་དོན་རྒྱ་མཚོས་བསྒྱུར་བའི་<<སྟོན་པའི་མཛད་རྣམས་གསལ་བའི་མེ་ལོང་།>>ཞེས་པའི་ལེའུ་ཞེ་དགུ་པར་གཞི་བཅོལ་ནས་བྲིས།
2017/7/6
ཤོད་ཐུབ། ཅེས་པ་འཆད་ཀྱི་སྐུལ་ཚིག་དེ་། བྱ་ཚིག་ད་ལྟ་བ། འཆད་ཀྱི་ཚབ་ལྟ་བུར་སྔོན་བྲིས་དཔེ་ཆ་དག་ན་ཡང་གསལ། བོད་ལུང་འགའི་ཁ་སྐད་དུ། བཤད་ཐུབ་ཅེས་པའང་མཆིས་སོ།