སྤྲིན་བྲལ། མདོ་སྨད་ཟི་ལིང་།
འཚེ་བ་སྤངས་ནས་དགེ་བ་ལ།།
རྣམ་དག་བསམ་པའི་འཇུག་པའི་ལྷ།།
རང་སེམས་འདུལ་བའི་ཐབས་སྣ་ཚོགས།།
སྟོན་མཛད་དེ་ལ་སྙིང་ནས་འདུད།།
དེང་སང་དུས་ན་རང་རློམ་ཚོགས།།
སྤྱི་ཚོགས་འཕེལ་བའི་བཀག་རྡོ་ནི།།
བྱམས་དང་སྙིང་རྗེ་འདི་རེད་ཅེས།།
བདག་གཙོ་སྨྲ་བའི་བསམ་ཚུལ་འབྱུང་།།
སྐྱེ་ཀུན་བདག་ལ་ཆགས་པ་ན།།
སྡང་དང་སྙེམས་དང་སེར་སྣ་སོགས།།
གནོད་པའི་ལས་རྣམས་འཕེལ་འགྱུར་བས།།
རིག་པས་དཔྱད་ན་འདི་ལྟ་སྟེ།།
རང་གཙོ་བསམ་པའི་མཐར་ཐུག་ལ།།
རང་གཅིག་པུ་ལས་སུ་ཞིག་འཇོག།
རང་གི་བུ་དང་ཕ་མ་ཡང་།།
རང་ལས་གཞན་ཞིག་མ་ཡིན་ནམ།།
བདག་གཙོ་སྨྲ་བའི་རྗེས་འབྲངས་དག།
རེ་ཞིག་ཚོགས་པ་ལྟར་གནས་ཀྱང་།།
ནམ་ཕུགས་ཁྱོད་ཀྱང་གཞན་ཡིན་པས།།
གཏོལ་མེད་འདི་གོ་སུ་ཡི་སྐྱབས།།
འཚོ་ཐབས་བདག་གཙོ་རུ་རློམ་ནས།།
མ་བརྟག་གཡམ་གྱིས་རྗེས་འབྲངས་བ།།
རྨོངས་བའི་ངང་ཚུལ་ཡིན་ནོ་ཞེས།།
དཔྱོད་ལྡན་མཁས་པ་དག་གིས་སྨྲ།།
གང་ཞིག་རང་ཉིད་གཙོ་བཟུང་བའི།།
མི་དེར་འཛེམ་བྱ་ཡོད་མི་སྲིད།།
དེ་ལ་ཁྲེལ་མེད་ངོ་ཚའང་མེད།།
གང་ན་དེ་ཡོད་རྒུད་པ་ཡོད།།
ལྟས་ངན་ཕུང་ཀྲོལ་དེར་འཐམས་ནས།།
བདེ་འབྲས་ཐོབ་པར་རེ་བ་ནི།།
དཔྱོད་ལྡན་སུ་ཞིག་ཁས་ལེན་ཏེ།།
དུག་ལས་བདེ་བ་འཚོལ་བ་བཞིན།།
སྤྱི་ཕན་ཉམས་པའི་བསམ་ཚུལ་འདི།།
གང་ཡོད་དེ་ན་རྩོད་པ་མང་།།
གནད་ལ་ཐུག་ན་སྡང་བའི་ལས།།
སྲོག་གཅོད་ལ་སོགས་འཕེལ་བར་འགྱུར།།
བདག་གཙོ་སྨྲ་བའི་འགྲོ་རྣམས་ལ།།
རྒྱུ་ནོར་དབང་ཐང་རྒྱས་ན་ཡང་།།
འགྲན་དང་སེར་སྣའི་གྲོགས་ཡིན་པས།།
དོན་དམ་བདེ་བ་འབྱུང་སྲིད་དམ།།
ཞི་ཐི་ལིས་དང་ས་ཏ་མོའུ།།
ཕུན་ལ་ཏིན་སོགས་གཏེ་བོའི་ཚོགས།།
འཛམ་གླིང་དགྲ་རུ་གྱུར་བ་ཡང་།།
བདག་གཙོར་རློམ་པ་དེ་ཡིས་ལན།།
གཞན་ཕན་མེད་པའི་ས་ཕྱོགས་ན།།
བདེ་བ་ཅུང་ཙམ་ཡོད་མི་སྲིད།།
བསྐལ་བ་སྟོང་གི་རྩོད་པ་དག།
བདག་བདེ་འདོད་ལས་བྱུང་བ་མཐོང་།།
ད་དུང་ཁོ་བོ་བདེན་ཞེ་ན།།
བདེན་པ་ཉིད་དུ་ཡིད་ཆེས་བའི།།
རྒྱུ་མཚན་སེམས་ལ་འབབ་པ་ཞིག།
ལུང་དང་རིགས་པས་ཅིས་མི་སྟོན།།
གཞན་གྱི་གྲངས་ནི་འདི་ཙམ་ཞེས།།
སུས་ཀྱང་སྨྲ་བར་མི་ནུས་པས།།
གཞན་དོན་བསམ་པའི་རྒྱ་ཁྱོན་ཡང་།།
གཞལ་དུ་མེད་པ་དེ་བཞིན་ཉིད།།
གཞན་ཕན་ཟེར་ན་སྤྱི་ཕན་སྟེ།།
དེ་ཡིས་འཆམ་མཐུན་སྤྱི་ཚོགས་བསྐྲུན།།
དེ་ལས་ཞི་བདེའི་སྟོབས་ཤུགས་འཕེལ།།
རྩ་བ་སེམས་བདེ་ཉིད་ལ་ཐུག།
བདེ་བ་ཀུན་གྱི་མཆོག་གྱུར་བ།།
སེམས་ཀྱི་བདེ་བ་འདི་ཡིན་པས།།
ཉོན་མོངས་འབྱུང་སའི་སྒོ་མོ་ཆེ།།
བདག་འཛིན་སྲིད་རྩ་གཅོད་དགོས་གསུངས།།
ང་ཚོར་ཡོད་པར་སྣང་བའི་བདག།
གཞན་གྱིས་བཙལ་ཀྱང་མ་རྙེད་པ།།
ཟུང་འཇུག་འདི་ལ་ཡིད་ཆེས་རྣམས།།
བདེ་ཆེན་ཐོབ་པ་གྲངས་ལས་འདས།།
ཆགས་སྡང་གཉིས་དང་བྲལ་བའི་སེམས།།
གཞན་ཕན་སྙིང་རྗེ་ཡིས་བརླན་ན།།
ཀུན་སློང་རྣམ་པར་དག་པ་དེས།།
བདེ་བའི་དྭངས་མ་མྱོང་བར་ངེས།།
གཞན་ཕན་སྒྲུབ་པའི་སྙིང་རྗེ་དང་།།
ལྷག་བསམ་གཉིས་པོ་ལྡན་པ་ཡི།།
ད་ལྟའི་དུས་ན་སེམས་དཔའ་ཆེ།།
ཀུན་གྱིས་མགོན་ཏུ་བཀུར་ལ་བལྟོས།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་ཧོ་་་་་་་་་་་་་་