ཨ་རིག་དགེ་མཐོང་།
བསམ་འཆར་འདི་ནི་ཉེ་ཆར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བའི་སྟེང་དུ་(བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ)་ཞེས་པའི་བརྗོད་གཞི་ཞིག་སྤྲད་པ་དེའི་ཐད་དུ་བཤད་པའི་མ་ཟིན་ཙམ་ཡིན་ལ། འདིའི་ནང་དུ་ནོར་འཆུག་གང་མང་ཞིག་ཡོད་སྲིད་པས་ཀློག་པ་པོ་དག་གིས་དགོངས་ཚུལ་ལྷུག་བརྗོད་གནང་བའི་རེ་བ་ཆེ།
(བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་སྐོར་གླེང་བ)
སྤྱིར་བཏང་བརྗོད་གཞི་འདི་ནི་རྒྱ་ཆེ་ཡང་གཏིང་ཟབ་པ་ཞིག་ཡིན་པས་ཕྲན་ལྟ་བུའི་ཤེས་ཡོན་གྱི་རྨང་གཞི་མེད་པ་དང་། ཞིབ་འཇུག་གི་ལམ་སྣེ་མ་ཟིན་པ་ཞིག་གིས་བཤད་དཀའ་བ་མ་ཟད། དུས་ཚོད་ཐུང་ངུ་འདི་འདྲ་ཞིག་གི་ནང་དུ་གླེང་ཚར་བ་ཞིག་ག་ལ་ཡིན། དེར་མ་ཟད་དེ་རིང་འདིར་གཏམ་བཤད་འཐེན་རོགས་སྐུ་ཞབས་རེ་མདོ་སེང་གེ་མཆོག་གིས་འདིའི་ཐད་དུ་གཏིང་ཟབ་ཅིག་གསུངས་ཟིན་པས་ང་ལ་དམིགས་བསལ་གྱི་བཤད་རྒྱུ་ཞིག་ལྷག་མི་འདུག་སྙམ། ཡིན་ནའང་རང་ཉིད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་པའི་ཆ་ནས་འགན་འཁྲི་ལྟ་བུར་བརྩིས་ཏེ་རང་གི་རྨོངས་བློར་འཆར་ཚུལ་འགའ་བརྗོད་ན། བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་ལབ་ན། དེ་ནི་ཁ་བརྡ་དང་འབྲེལ་འདྲིས་ཡོད་པའི་སྒོ་ནས་སེམས་ཁམས་བསྔོག་འདོན་བརྒྱུད་དེ་ད་བཟོད་བཤད་རྒྱུ་ཞིག་དང་། ཡང་ན་བོད་ནང་གི་ཤེས་ཡོན་པ་དག་གི་བརྩམས་ཆོས་ལས་ཕ་རོལ་བོའི་སེམས་ཁམས་ཀྱི་གསང་བའམ་ཚོར་འདུ་དག་ལ་ཚོད་དཔག་བྱ་རྒྱུ་ལས་མ་འདས། ཁོ་བོས་ཀྱང་དེ་རིང་ཕྱི་མ་གཙོར་བཟུང་གིས་བརྗོད་གཞི་འདིའི་ཐད་དུ་དྲན་རྟོག་གི་བཟི་གཏམ་འགའ་རེ་ཉན་མཁན་གྱི་རྣ་བའི་བུ་གར་བརྗོད་ན། བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་ལབ་ན་དེ་ནི་སྙན་རྩོམ་ཐན་ཐུན་འབྲི་མཁན། འབོལ་རྩོམ་ཆལ་ལེ་ཆོལ་ལེ་འབྲི་མཁན། དཔྱད་རྩོམ་ཟེར་བའི་ལུང་ཚིག་ཕྱོགས་སྒྲིག་སྤེལ་མཁན་ཞིག་ལ་ངོས་འཛིན་མི་རུང་། བོད་མི་རིགས་ཀྱི་བདེ་སྡུག་ལ་འགན་འཁུར་ཞིང་སྤྱི་ཚོགས་ཀྱི་གནས་བབ་ལ་གནས་ལུགས་ངོ་སྤྲོད་མཁན། རང་ཉིད་ཀྱི་ཚེ་སྲོག་གཏའ་མར་འཇོག་མཁན་གྱི་ཤེས་ཡོན་ཅན་ཚོའི་བསམ་བློའི་སྙིང་བཅུད་ལས་རང་ཉིད་ཀྱིས་གོ་ཐོས་མཐོང་ཐོས་འགའ་ཞིག་གླེང་འདོད་པ་དེའོ། །
རང་སྲོག་གཏའ་མར་བཞག་པའི་ཤེས་ཡོན་པའི་བསམ་བློ།
བོད་ནང་གི་ཤེས་ཡོན་པའི་བསམ་བློ་ཡང་དུས་རབས་དང་འགྲོགས་ནས་འགྱུར་བ་རབ་དང་རིམ་པ་ཕྱིན་ཡོད་དེ། བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ཁྲོད་དུ་བལྟས་ནའང་ཐོག་མར་བོད་ལ་རྩོམ་རིག་དར་སྐབས་སུ་བསྟོད་རྩོམ་གྱི་གྲངས་ཀ་ཧ་ཅང་མང་ལ། དེ་དག་གི་བསྟོད་པ་དོན་དངོས་ལབ་ན་འགྲིག་མིན་མི་ཤེས་མོད། སྒྲོ་བཏགས་ཙམ་ལས་བསྟོད་ས་ནོར་མེད། དེང་རབས་བོད་ཀྱི་རྩོམ་རིག་གི་མགོ་འབུས་མ་ཐག་ནས་ཀྱང་རྩོམ་པ་པོ་དག་གིས་ཏང་ལ་བསྟོད་གླུ་བགྲང་ལས་འདས་པ་ཞིག་བྲིས་ཡོད། དེའི་ཁ་ཕྱོགས་བསྒྱུར་མཁན་ནི་མཁས་དབང་དམུ་དགེ་བསམ་གཏན་གྱིས་( ༡༩༨༡་ལོའི་སྦྲང་ཆར་དེབ་གཉིས་པར་སྤེལ་བའིི་དྭགས་པོའི་མི་རིགས་ཀྱི་གནད་དོན་སྐོར)ཞེས་པ་དེ་ཡིན་པར་བརྗོད་འདུག གང་ལྟར་བོད་ཀྱི་དེང་རབས་རྩོམ་རིག་གི་ཐོག་མའི་གྲས་ནས་རང་གྲོལ་གྱི་བརྩམས་ཆོས་དག་གིས་སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་རྣག་ཐོག་ཁབ་གཙགས་བྱས་ཡོད། བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་གི་ཚེ་སྲོག་གཏའ་མར་བཞག་སྟེ་ས་ཆེན་པོ་འདིའི་སྟེང་དུ་ཤེས་རིག་གི་བདེན་པ་བརྡར་མཁན་དང་སྒེར་གཅོད་སྲིད་གཞུང་གི་ངོ་གདོང་དམར་བཤུ་བྱས་པའི་ཁ་ཚ་དགོས་གཏུགས་ཀྱི་དཔེ་དེབ་ནི་གཤམ་གྱི་འདི་དག་ཡིན།
༧པན་ཆེན་སྐུ་ཕྲེང་བཅུ་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། ནགས་ཚང་ནུས་ལོའི་ནགས་ཚང་ཞི་ལུའི་སྐྱིད་སྡུག ཞོགས་དུང་གི་གནམ་ས་གོ་འབྱེད། བྱ་མདོ་རིན་བཟང་གི་བྱ་གཏོར། སྒྲོལ་མ་སྐྱབས་ཀྱི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ། ཚེ་རིང་འོད་ཟེར་གྱི་གངས་སེང་གི་ངར་སྒྲ། བོད་གདེངས་སུ་གྱེར་བའི་སྙན་རྩོམ། ཚེ་རིང་དོན་འགྲུབ་ཀྱི་རླུང་དམར་འུར་འུར། ཐེའུ་རང་གི་ཁྲག་ཡིག འཇམ་དབྱངས་སྐྱིད་ཀྱི་མནར་གཅོད་ཀྱི་གོ་རིམ། ངྷི་ལྷ་ལྡན་གྱི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ། གཡུང་ལྷུན་འགྲུབ་ཀྱི་དེབ་ཆུང་ཁག གཉན་གྱི་ལག་རྩལ། འབའ་བ་ཕུན་དབང་གི་ལོ་རྒྱུས། དུས་དེབ་ཤར་དུང་རི། བཙན་པོའི་སྙིང་སྟོབས། ང་རོ། མི་སྒེར་བའི་རྩོམ་ཡིག་ནི་མདོ་སྨད་རྩོམ་རིག་ཚོགས་ཆུང་གིས་ཉེ་ཆར་དཔར་བསྐྲུན་བྱས་པའི་དེབ་ཅིག་ཡོད། དེར་ལྟོས། འདི་དག་ནི་དེབ་གཟུགས་སུ་བཀོད་པས་སྲིད་གཞུང་གི་ངོ་གདོང་དམར་བཤུ་བྱས་པའི་སྐོར་ཡིན། ད་དུང་ཕྲན་གྱིས་མ་དྲན་པའི་གལ་ཆེ་བའི་དཔེ་དེབ་ཡོད་སྲིད་པས་དེ་ཚོ་ཡང་དོན་གྱི་འདིའི་ནང་དུ་གཏོགས། གཞན་རྩོམ་ཡིག་གཅིག་གཉིས་རེ་བྲིས་ཏེ་ནུས་པ་ཆེན་པོ་རི་རབ་འདྲ་བཞག་མཁན་མང་། གོང་གི་དཔེ་དེབ་འདི་དག་ནི་ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིག་ན་གསེར་དངུལ་བྲག་ལ་བརྩིགས་ནས་ཕྱིན་ཀྱང་མི་ཁུག་པའི་རིན་ཐང་གཞལ་དཀའ་བའི་ཆེས་རིན་པོ་ཞིག་ཏུ་སེམས།
བློ་སེམས་བཅོས་བསྒྱུར་གྱི་ཤེས་ཡོན་པའི་བསམ་བློ།
དུས་རབས་ཉེར་གཅིག་པའི་བསམ་བློའི་མཁའ་དབུགས་ལ་མདུན་སྐྱོད་ཀྱི་འོད་ཟེར་འཕྲོ་སྐབས་བོད་ཀྱི་ཤེས་ཡོན་པ་དག་གི་བསམ་བློ་ལ་འགྱུར་བ་ཕྱིན་ཏེ། སྔར་ཡོད་དཔེ་དེབ་ཀྱི་བརྗོད་བྱ་སོགས་དང་ཕྱོགས་གང་ཐད་ནས་མི་འདྲ་བའི་དཔེ་ཚོགས་དག་སྤྱི་ཚོགས་སུ་བཀྲམ་པས་སྤྱི་ཚོགས་ཀྱི་བསམ་བློ་དང་ཤེས་ཡོན་པའི་བསམ་བློ་ཚང་མ་ལ་འགྱུར་ལྡོག་བྱུང་། དཔེ་ཚོགས་དེ་དག་གི་ཚེ་སྲོག་འཇིག་རྟེན་འདིར་འགོ་འབུས་ཉིན་ནས་ཁ་ཤས་ཀྱིས་གཏོར་བཤིག་དང་ལོག་རྟོག་ཅན་གྱི་ལག་ཆ་ཨང་དང་པོར་ངོས་བཟུང་སྟེ་རང་སེམས་ལ་སྡུག་བསྔལ་འཕར་མ་སྤྲད་མཁན་མང་། འོན་ཀྱང་མི་ཡུལ་འདིར་ཆེས་མཐོང་དཀའ་བའི་རིན་པོ་ཆེ་ཞིག་ལ་ངོས་འཛིན་ཁུལ་གྱིས་ལོག་རྟོག་དང་བླུན་བཤད་ཀྱི་ཐོན་ཁུངས་ལྟ་བུར་ཆགས་པ་ཡང་ཡོད། བཏང་སྙོམས་ཀྱི་སྒོ་ནས་བལྟས་ཏེ་ལེགས་ཉེས་དབྱེ་འབྱེད་ཀྱི་ལེགས་ཆ་ལེན་མཁན་ཡང་བྱུང་ཡོད། དེ་དག་ནི་དཔེ་ཚོགས་ཀྱི་སྐྱོན་མིན་པར་ཀློག་པ་པོ་རང་ཉིད་ཀྱི་ནོར་འཆུག་ཅིག་ཏུ་ཚོར། དཔེ་ཚོགས་འདི་དག་གི་ནང་དུ་བསྒྱུར་རྩོམ་དཔེ་ཚོགས་ཁག་ཅིག་ཡོད་པ་འདི་ནི། གཞན་གྱི་རིག་གནས་ནང་འདྲེན་བྱས་ཏེ་རང་གི་རིག་གཞུང་ལ་ངར་ཤུགས་སྤྲད་པ་ཞིག་ཏུ་ལྟ་རྒྱུ་ལས། གཞན་གྱིས་གང་བྱས་ལ་ཕྲག་དོགས་དང་འགྲན་སེམས་ཀྱིས་མ་བཟོད་ནས་སྒྲོ་སྐུར་གྱི་ལས་ལ་ཞུགས་མི་རུང་ངོ་། །
དཔེ་ཚོགས་ལས་བོད་རང་གིས་བརྩམས་པ་ཁག
བདག་དཔེ་ཚོགས།
དགག་སྒྲུབ་སྙིང་སྟོབས། འགྱན་སངས་རྒྱས་དོན་གྲུབ།
དོགས་སློང་སྙིང་སྟོབས། ཞོགས་དུང་།
བདེན་འཚོལ་སྙིང་སྟོབས། བྱང་སྐར།
མི་གཞིའི་སྙིང་སྟོབས། མེ་ལྕེ།
འཚོལ་རྟོག་སྙིང་སྟོབས། བདུད་ལྷ་རྒྱལ།
རིག་གནས་སྙིང་སྟོབས། ཉི་གཞོན།
ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004་ལོའི་ཟླ་དྲུག་པར་དཔར། རྩོམ་སྒྲིག་པ་བཀྲ་རྒྱལ་ལམ་ཞོགས་དུང་།
བླ་དཔེ་ཚོགས།
ཚེར་མའི་ལམ་གྱི་ང་རོ། མེ་ལྕེ།
ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར།ར་རྫ་འཇམ་དབྱངས་སྐྱིད།
སེམས་ཁྲལ་གྱི་འཕོ་ཉུལ། ཨོཽ་འབར།
བསམ་གཞིག་གི་ཁ་དོག ཁྲི་སེམས་དཔའ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2008་ལོའི་ཟླ་བ་བཞི་ནང་དཔར། རྩོམ་སྒྲིག་འགན་འཁུར་བ། གཅོད་པ་ཀླུ་རྒྱལ་ལམ་མེ་ལྕེ།
དུས་རབས་21་པའི་བོད་ཀྱི་རྩོམ་པ་པོའི་དཔེ་ཚོགས།
གངས་གྲོང་གི་རླུང་བུ། འཇུ་སྐལ་བཟང་།
མི་ཡུལ་གྱི་གཏམ་རྒྱུད། གངས་ཞེན།
མི་རབས་གསུམ་གྱི་རྨི་ལམ། སྟག་འབུམ་རྒྱལ།
འཚུབ་མ་ཁེར་རྐྱང་། བཀྲ་བྷ།
བསླུ་བྲིད། པདྨ་ཚེ་བརྟན།
2010་ལོའི་ཟླ་གཉིས་པའི་ནང་དཔར། རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་མཁར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
དེང་རབས་བོད་ཀྱི་ཐོལ་རྩོམ་དཔེ་ཚོགས།
ཕྱིར་རྟོག ཚ་བ་མདའ་སྨྱུག
སོ་སྐྱེས་སྐད་སྒྲ། སེང་རྡོར།
སྐྱེས་མའི་གནས་སྟངས་ཟུར་བལྟས་ལེབ་མཐོང་། ར་རྫ་འཇམ་དབྱངས་སྐྱིད།
རྡོ་ལྕགས་གཙུར་བརྡར། མི་ལ་ཙི་ཙི།
དཀར་བཟློག་དམར་བཟློག ཨོ་འབར།
རྩོམ་སྒྲིག་པ་མེ་ལྕེ། ཀན་སུའུ་དཔེ་སྐྲུན་ཁང་།
བོད་ཀྱི་དེང་རབས་སྙན་ངག དཔེ་ཚོགས།
ཕྲེང་བ་ནག་པོ། རོང་བོ་དགེ་འདུན་ལྷུན་གྲུབ།
བརྩེ་བ་ཀོ་ཤུན་མ། ཁྱུང་ཐར་རྒྱལ།
འགྲུལ་བཞུད་པ་ཞིག་གི་གླུ་སྐད་ཐར་ཐོར། བླ་ནག་བློ་བཟང་ཆོས་དར།
ཉེ་བཅར་རྩོམ་མཛོད། དཔེ་ཚོགས།
དྲི་བཟང་ཐུལ་བའི་སྨན་ལྗོངས།
ནགས་ཀློང་ཁུ་བྱུག་འདུ་གནས།
མུ་ཏིག་གླིང་གི་དགའ་སྟོན།
གོམ་སྟབས་དང་ཞབས་རྗེས།
སྒྲིག་པ་པོ། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་། མི་རིགས་དཔེ་སྐྲུན་ཁང་། 2006་ལོའི་ཟླ་དྲུག་པའི་ནང་།
སྦྲང་ཆར་ལོ་འཁོར་20་དཔེ་ཚོགས།
སྒྲུང་གཏམ་རླབས་ཀྱི་གཟེགས་མ། སྟོད་ཆ།
སྒྲུང་གཏམ་རླབས་ཀྱི་གཟེགས་མ། སྨད་ཆ།
སྙན་རྩོམ་ཅོ་ཀའི་དྲུག་འགྱུར། སྟོད་ཆ།
སྙན་རྩོམ་ཅོ་ཀའི་དྲུག་འགྱུར། སྨད་ཆ།
ལྷུག་རྩོམ་པད་མའི་ཟེའུ་འབྲུ།
དཔྱད་རྩོམ་ཚངས་པའི་ཐིག་རིིས།
བསྒྱུར་རྩོམ་མུ་ཏིག་ཕྲེང་མཛེས།
རྩོམ་ཡིག་གསེར་གྱི་སྦྲམ་བུ།
(1981__2001)བར་གྱི་རྩོམ་ཡིག་ཕྱོགས་བསྡུས།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་དོན་གྲུབ།
བོད་ཀྱི་འབུམ་རམས་པའི་དཔྱད་རྩོམ་དཔེ་ཚོགས།
བོད་ལུགས་གསོ་རིག་གི་གཉེན་པོ་དཔྱད་ཀྱི་ཆ་བྱེད་ཞིབ་འཇུག རྩོམ་པ་པོ། གཡང་མེར།
སྨན་དཔྱད་ཟླ་བའི་རྒྱལ་པོའི་གཞུང་དོན་ལ་དཔྱད་པ། རྩོམ་པ་པོ། རིན་ཆེན་རྒྱལ།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བསྡུས་དེབ། དཔེ་ཚོགས།
སྟག་འབུམ་རྒྱལ་གྱི་སྒྲུང་འབྲིང་ཕྱོགས་བསྒྲིགས། ཁ་བ་མེད་པའི་དགུན་ཁ།
བཀྲ་བྷའི་སྒྲུང་རིང་། སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས།
ལྷ་བྱམས་རྒྱལ་གྱི་སྒྲུང་རིང་། བོད་ཀྱི་གཅེས་ཕྲུག་བཅས་བརྩམས་ཆོས་གསུམ་ཡིན།
གཞན་རྩོམ་བསྒྱུར་བའི་དཔེ་ཚོགས་ཁག
བསམ་བློ་པའི་རིག་མཛོད།
བསྒྱུར་རྩོམ་དཔེ་ཚོགས། གཙོ་སྒྲིག་པ་བདུད་ལྷ་རྒྱལ།
ཕའི་གུན་ནས་མི་ཚེ་གླེང་བ། རྩོམ་མཁན། དབྱིན་ཇི་ཕའི་གུན། བདུད་ལྷ་རྒྱལ་གྱིས་བསྒྱུར།
མེང་ཐེན་གྱི་མྱོང་བའི་ཟིན་ཐོ་གཅེས་བསྡུས། རྩོམ་མཁན་ཧྥ་རན་སིའི་མེང་ཐེན། ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར།
ཨེ་མེར་སོན་གྱི་ལྷུག་རྩོམ་གཅེས་བསྡུས། རྩོམ་མཁན། ཨ་མེ་རི་ཁ། ཨེ་མེར་སོན། མགོན་པོ་སྐྱབས་ཀྱིས་བསྒྱུར།
འཇིག་རྟེན་ལ་འཇུག་པའི་བློ་སྦྱོང་། རྩོམ་མཁན། འཇར་མན་མ་ཁུ་སེ་ཝེ་པུར། ཚེ་མཁར་རྒྱལ་དང་བསོད་ནམས་དོན་འགྲུབ་ཀྱིས་བསྒྱུར།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010་ལོའི་ཟླ་བ་གསུམ་པའི་ནང་དཔར།
རིག་གཞུང་གསར་བའི་དཔེ་ཚོགས།
འཐུས་སྒོ་ཚང་པའི་བསམ་བློ། ལྷ་ཕྱུག་སྐྱིད་ཀྱིས་བསྒྱུར།
འཚོ་གནས་སྙིང་པོ་མེད་པར་སྨྲ་བ། འཇུ་སྐལ་བཟང་གིས་བསྒྱུར།
ཏུའུ་ཝེ་ནས་སློབ་གསོ་གླེང་བ། བདུད་ལྷ་རྒྱལ་གྱིས་བསྒྱུར།
དུས་རབས་བཅུ་དགུ་པའི་དབྱིན་ཇིའི་རང་མོས་རིང་ལུགས། སངས་རྒྱས་ཀྱིས་བསྒྱུར།
ཀུན་སྤྱོད་ཀྱི་མ་ལག་རྣམ་པར་བཤད་པ། ལྕགས་ཐར་རྒྱལ་གྱིས་བསྒྱུར།
ཆོས་ལུགས་ཀྱི་ངོ་བོའི་རྣམ་བཤད། སྒོ་མེ་བཀྲ་ཤིས་ཟླ་བས་བསྒྱུར།
ཤེས་རིག་སྨྲ་བའི་བསྡུས་དོན། ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བསྒྱུར།
རང་གིས་རང་ལ་ཡིད་རྟོན་བྱེད་དགོས། ཆབ་བྲག་གདུགས་དཀར་ཀྱིས་བསྒྱུར།
ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་། 2006་ལོའི་ཟླ་གསུམ་པའི་ནང་དཔར།
བློ་འབྱེད་དཔེ་ཚོགས།
བྱིས་པའི་རབ་བྱེད། གཅོད་པ་ཀླུ་རྒྱལ་དང་འབྲུག་མོ་བྱམས་གཉིས་ཀྱིས་གཙོ་སྒྲིས་བྱས།
གཞོན་ནུའི་རབ་བྱེད། ཉི་གཞོན་གྱིས་གཙོ་སྒྲིག་བྱས།
ན་གཞོན་རབ་བྱེད། བདུད་ལྷ་རྒྱལ་དང་མེ་ལྕེ་གཉིས་ཀྱིས་གཙོ་སྒྲིག་བྱས།
དེང་རྩོམ་གཅེས་བསྒྲིགས།
བོད་ཀྱི་རྩོམ་རིག་ལོ་རྒྱུས།
རྩོམ་རིག་རྣམ་བཤད།
བརྡ་སྤྲོད་རྣམ་བཤད།
རྩོམ་རིག་གཤིབ་སྡུར་རིག་པ།
དམངས་རྩོམ་རྣམ་བཤད།
ཉེ་རྩོམ་གཅེས་བསྒྲིགས།
བོད་ཀྱི་བར་རྩོམ་གཅེས་བསྒྲིགས།
གྲུབ་མཐའ།
ལེགས་སྦྱར་བརྡ་སྤྲོད་འཇུག་སྒོ
སློབ་འབྲིང་བོད་ཡིག་སློབ་ཐབས།
བོད་ཀྱི་རོལ་དབྱངས་ལོ་རྒྱུས་བཅས་སློབ་གཞི་བཅས་དེབ་བཅུ་གཉིས་འདུག དེ་དག་རེ་རེ་བདག་གིས་ལྟ་མྱོང་མེད་ལ་གོ་ཐོས་ཙམ་ལས་རྩོམ་པ་པོ་སུ་ཡིན་སོགས་གསལ་ཁ་མེད།
མི་རིགས་དཔེ་སྐྲུན་ཁང་། རྩོམ་སྒྲིག་འགན་འཁུར་པ། ངག་དབང་ཕུན་ཚོགས། 2005་ལོའི་ཟླ་བཅུ་བའི་ནང་དུ་དཔར།
གོང་གསལ་གྱི་དཔེ་ཚོགས་དག་དར་བས་མི་ཆོས་རང་ལུགས་དང་ལྷ་ཆོས་རང་ལུགས་དབྱེ་འབྱེད་ཀྱི་བསམ་བློའི་རྦ་རླབས་ཤིག་ཐོལ་གྱིས་ལྡིང་ཞིང་སྲོལ་རྒྱུན་མཁྲེགས་འཛིན་གྱི་ནད་རྙིང་ནི་དུམ་བར་གཏུབས་པས་སོ། ། དཔེ་ཚོགས་དེ་དག་ནི་སློབ་བུ་ཚོའི་དཔེ་ཁུག་ནང་དུ་སྐྱིད་ཉལ་བྱས་ཡོད་ལ། གྲྭ་བཙུན་ཚོའི་གཟན་ཤམ་འོག་ན་ལྐོག་ཏུ་སྦས་ཡོད། ལར་དཔེ་ཚོགས་དེ་དག་ནི་ཆེས་རིན་བྲལ་གྱི་ཅ་དངོས་ཤིག་ཏུ་ངོས་འཛིན་རྒྱུ་ལས་བསྟན་པའི་དགྲ་བོའི་ལག་ཆ་ཟེར་བའི་འུར་རྒྱག་རྒྱུ་དེ་ནི་ད་དུང་སྔ་དྲགས་པ་འདྲ། ཡིན་ནའང་དེང་སང་གི་སྐད་དུ་མི་བུ་སྒལ་ཚིགས་མེད་པ་དང་ཤེས་ཡོན་གྱི་མིག་ཟུང་ཞར་བ་ཁག་ཅིག་ལ་མཚོན་ན། དེ་ནི་ལོག་རྟོག་ཐམས་ཅད་ཀྱི་སྣ་འདྲེན་དང་། བོད་རང་གི་རིག་གཞུང་ནང་གི་བཅུད་དང་སྙིང་བོ་ལྟ་བུའི་རིགས་ཚར་གཅོད་བྱེད་ཀྱི་ལག་ཆ་རུ་འགྱུར་སྲིད།
བར་སྐབས་ཤིག་ལ་དཔེ་ཚོགས་དེ་དག་གི་ཤུགས་རྐྱེན་ལས་ཆོས་སྲིད་ཁ་ཁ་ཡིན་པའི་བསྒྲགས་གཏམ་དང་། ཡང་ཆོས་སྲིད་ནི་ལྟོས་གྲུབ་རྟེན་འབྱུང་ལས་ཆུ་དང་མེ་ལྟ་བུ་མིན་པའི་ཐ་ཚིག་བཟང་ངན་ཅི་རིགས་ཤིག་བསྒྲགས་པ་དང་། ཕྱོགས་གཉིས་ཀྱིས་གནས་ལུགས་ཡོད་མེད་ཀྱི་ཚིག་ཚོགས་རི་ལྟར་སྤུངས་ཤིང་སྡང་སེམས་ཀྱི་ཚོར་བ་ཆུ་བོ་བཞིན་བཞུར། ནང་སེམས་ཀྱི་འགྱུར་ལྡོག་དང་ཕྱིའི་ཆ་ལུགས་སོགས་ཀྱི་དབང་གིས་རྩོམ་ཡིག་གི་ཁ་ཕྱོགས་ཁ་ཁར་གྱེས་ཏེ་སྐྱ་སེར་གྱི་བར་དུ་རྩོད་གླེང་བྱུང་། རྩོད་གླེང་དེའི་མཇུག་འབྲས་ནི་འདི་ལྟར། ཁྱེད་སེར་མོ་ཚོས་མ་འཇོན་ཚུལ་དང་རྒྱལ་ས་ཤོར་བའི་རྒྱུ་རྐྱེན་ཡང་རྨོངས་ཞེན་གྱི་བསམ་བློ་འདི་དག་འཁུར་པས་ཡིན་ཟེར་བ། ཡང་ནུབ་ཕྱོགས་ཀྱི་བསམ་བློའི་ངར་སྐྱུར་ནང་འདྲེན་བྱེད་མཁན་གྱི་སྐྱ་བོ་ཚོ་ལ་ཡང་ཁྱོད་ཚོ་ནི་ལོག་རྟོག་ཅན་དང་བསྟན་དགྲ། རང་གི་རིག་གཞུང་གཏོར་བཤིག་གཏོང་མཁན་ཞེས་དོན་མེད་དུ་སྡུག་སྐད་འདོན་པའི་སྐྱེ་བོ་ནི་བགྲང་ལས་འདས་སོ། །གོང་གསལ་གྱི་རྒྱུ་རྐྱེན་དེ་ལ་བརྟེན། སེར་མོ་བ་ཁག་ཅིག་གིས་སྐྱ་བོ་རྩོམ་དགའ་འགའ་རེ་ལ་ཁ་མྱིང་སྣ་མྱིང་བཏགས་ཏེ་རྩོམ་ཡིག་གི་ཕྱོགས་ནས་ཁབ་གཙགས་འབིག་གཙགས་བྱས་ཡོད་ལ། སྐྱ་བོ་རྟོགས་ཟད་པ་ཡིན་པར་རློམ་མཁན་ཁག་ཅིག་གིས་ཀྱང་སེར་མོའི་སྡེ་ཡོངས་ལ་སྡུག་རྩུབ་ཅན་གྱི་ཚིག་ངན་བེད་སྤྱད་དེ་རྒྱུག་པ་ལེབ་བརྡུང་ལྟ་བུ་བྱས་པ་མང་ལ། ལྷག་དོན་རང་གི་བློ་ངོར་མ་ཤོང་བའི་ནང་བསྟན་རིག་གཞུང་ལ་ཁས་རྒྱག་ཁུལ་བྱས་ཡོད། ད་དུང་རང་ཉིད་དགེ་རྒན་ཞིག་ཡིན་པ་རྒྱབ་ཤེད་ལྟ་བུར་བཟུང་སྟེ་སེམས་ཁམས་ཧ་ཅང་གཙང་བའི་སློབ་བུ་ཚོའི་ཁ་ཕྱོགས་ཀྱང་ནག་པོར་བསྒྱུར་མཁན་གྱི་སྐྱ་སེར་ཧ་ཅང་མང་།
གནད་དོན་ཞིག་ནི། མི་རིགས་ཀྱི་ལ་རྒྱ་སྙིང་ལ་བཅངས་ཏེ་དོན་དངོས་ཀྱི་བདེན་པ་ལག་ལེན་བསྟར་མཁན་གྱི་ཤར་དུང་རི་དང་དགག་སྒྲུབ་རང་བཞིན་ཅན་གྱི་རྩོད་པའི་རླབས་ཕྲེང་གཉིས་ཀྱི་རྩོམ་སྒྲིག་པའི་བསམ་བློ་མ་མཐུན་པས་རྩོད་གླེང་གི་རྒྱུན་མ་ཆད་པར་ད་ལྟ་ཡང་དྲ་ཐོག་ན་ངར་ལངས་བཞིན་པའི་སྒང་རེད། གཙོ་བོ་ཀླུ་ཚང་སྨྱུག་གསར་འབོད་པའི་རྩོད་པའི་རླབས་ཕྲེང་རྩོམ་སྒྲིག་པ་དེས་ཤུགས་ཆེན་གླེང་གི་འདུག དེ་ནས་ཤེས་རིག་གི་བདུད་རྩི་སྦྱིན་མཁན་གྱི་དགེ་རྒན་ཁག་ཅིག་གི་ཐུགས་བསམ་བཞེས་སྟངས་མ་མཚུངས་པས་ནུབ་བྱང་ཚང་དང་རྭ་རྒྱ་ཤེས་རིག་ནོར་གླིང་གི་སློབ་བུ་ཚོའི་བར་དུ་རྩོད་གླེང་ངམ་ལྟ་སྟངས་ཤིག་འདུག དེ་གཉིས་ནི་དཔེ་མཚོན་ཙམ་ངོས་བཟུང་བ་ཡིན། འདི་དག་ནི་བོད་ནང་གི་ཤེས་ཡོན་པའི་བསམ་བློའི་འགྱུར་བའམ་བསམ་བློ་ལ་ངས་ངོས་འཛིན་བྱེད་རྒྱུ་ལས་དེ་ལས་ལྷག་ཅིག་ངས་ངོས་ནས་འགྲེལ་བཤད་རྒྱག་རྒྱུ་མི་འདུག གོང་གསལ་གྱི་དཔེ་ཚོགས་དང་དཔེ་དེབ་དེ་རིགས་ནི་ཕྲན་གྱིས་ཤེས་ཚོད་དག་གི་ནང་ནས་མ་འདྲ་བའི་རིགས་ཡིན་པ་ལས་བོད་ནང་དུ་དེ་ལས་ལྷག་པའི་དཔེ་དེབ་ཡོད་སྲིད་པས་བདག་གི་ཁབ་རྩེ་ལྟ་བུའི་བློ་མིག་གིས་མ་མཐོང་ན་ཁྱེད་ཅག་གིས་གསལ་འདོན་བྱ་རྒྱུ་དང་དགོངས་ཚུལ་ལྷུག་བརྗོད་གནང་རྒྱུ་གལ་ཆེ། འོན་ཀྱང་དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་ཕྲན་གྱིས་ཞིབ་འཇུག་དང་དོ་སྣང་བྱེད་ཁོམ་མ་བྱུང་བས་འདི་ཙམ་མ་གཏོགས་མ་འཁྱོང་བར་དགོངས་སེལ་ཞུ། ཡིན་ནའང་འདིར་ངོ་སྤྲོད་བྱས་པའི་དཔེ་དེབ་དེ་རིགས་ནི་ཀློག་ན་ཕན་པ་ལས་གནོད་རྒྱུ་མེད་པའི་རིགས་དང་། བོད་ཡིག་གི་སྟེང་དུ་བྲིས་པ་དང་བསྒྱུར་བ་དག་གི་ནང་ནས་ལེགས་ཤོས་རིགས་ཡིན། ཀློག་པ་པོ་དག་དང་རྩོམ་རིག་ལ་མོས་མཁན་ཚོས་དཔེ་དེབ་གདམ་ནོར་མི་ཤོར་རྒྱུ་གལ་ཆེ། དེའི་ཕྱིར་ཕྲན་གྱིས་ཤེས་ཚོད་ཅིག་འོས་སྦྱོར་བྱས་པ་ཡིན།
དེ་ལས་གཞན་བོད་ནང་གི་ཤེས་ཡོན་པའི་བསམ་བློ་ལབ་ན་འགྲིག་མིན་མི་ཤེས་ཀྱང་རྩོམ་རིག་ལ་མོས་མཁན་དང་འབྲི་མཁན་ཁག་ཅིག་གིས་རྩོམ་རིག་ལ་དགའ་བའི་དབྱིངས་འཕར་བ་ལས་འདའ་སྟེ་གློག་བརྙན་ཕབ་བསྐྲུན་ལ་འདུར་བཞིན་པའི་སྒང་རེད། དེ་ཡང་བསམ་བློའི་འགྱུར་བའམ་བསམ་བློ་གཏོང་སྟངས་ཤིག་རེད།
གཡོལ་ཐབས་བྲལ་བའི་ཤེས་ཡོན་པའི་འོས་འགན།
བོད་ནང་གི་ཤེས་ཡོན་ཅན་རྣམ་པའི་བསམ་བློ་དང་འོས་འགན་ཞེས་པའི་བརྗོད་གཞི་འདི་ལས་འོས་འགན་ཞེས་པའི་སྟེང་དུ་བསམ་འཆར་རེ་བཤད་དགོས་པས་ཞུས་ན། སྤྱིར་བཏང་མི་རིགས་དེའི་ཤེས་ཡོན་པ་ནི་མི་རིགས་དེའི་སྣེ་འཁྲིད་མཁན་ཡིན་པས་ད་ལྟའི་བོད་ཀྱི་གནས་སྟངས་སྐྱོ་བོ་འདི་ལ་ཡང་ཤེས་ཡོན་པའི་སྣེ་འཁྲིད་དགོས་པ་ཁོང་ཅག་གི་ཁས་མི་ལེན་ཡང་ཕྲག་ཏུ་རང་བཞིན་གྱི་བབ་པའི་འགན་འཁྲི་ཞིག་ཏུ་གྲུབ། དེ་ལ་མང་བོ་བཤད་རྒྱུ་མེད་པར་སེམས་ཤུགས་དང་ལར་ཞེན་དང་ལྷག་བསམ་ཡོད་མེད་ཙམ་ཡིན། འོན་ཀྱང་ཤེས་ཡོན་པའི་འགན་འཁུར་སྟངས་ནི་མི་རིགས་ཀྱི་ལ་རྒྱ་ཟེར་ནས་ཁུ་ཚུར་གནམ་ལ་ཕྱར་ཏེ་བརྒྱུག་རྒྱུ་དེ་མིན་པར། སྐབས་བབ་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་ལ་གཞིག་སྟེ་ཤེས་ཡོན་བེད་སྤྱོད་བཏང་ནས་སྤྱི་ཚོགས་ལ་ལམ་སྟོན་རྒྱུ་དེ་ཡིན། སྤྱི་ཚོགས་ལ་ལམ་སྟོན་སྐབས་རང་ཉིད་ཀྱི་ཚེ་སྲོག་གཏའ་མར་བཞག་སྟེ་འགྲོ་སྟངས་ཤིག་དང་། རང་ཉིད་ཀྱི་ཤེས་ཡོན་མི་རིགས་དེའི་སོན་རྩ་ལྟ་བུར་གྱུར་བའི་སློབ་བུ་ཚོ་ལ་རྩིས་སྤྲོད་རྒྱུ། སྤྱི་ཚོགས་དེའི་ཁོར་ཡུག་དང་སྐད་ཡིག་བཅས་ལ་ཐབས་ལམ་བདེ་མོ་ཞིག་གི་ལམ་ཁ་བརྒྱུད་དེ་འགན་འཁུར་རྒྱུ་བཅས་སོ། །མདོར་ན། ལྟ་གྲུབ་དང་བསམ་བློ་ཏོག་ཙམ་མ་མཐུན་པ་ལ་གཞི་བཅོལ་ཏེ་ཁྱོད་ངན་ང་ངར་སོགས་ནི་མིན་ལ། ལྷག་པར་ཕ་རོལ་བོའི་བསམ་བློ་འབུར་འཇོམས་དང་རྩ་མེད་གཏོང་རྒྱུ་དེ་གཏན་ནས་མིན། ཕན་ཚུན་ལ་གུ་ཡངས་ཀྱི་སྒོ་ནས་བགྲོ་གླེང་གི་རྣམ་པ་གཞི་འཛིན་རྒྱུ་ལས་དགྲ་བོའི་འདུ་ཤེས་དང་ཕམ་རྒྱལ་གྱི་ཀུན་སློང་ངན་པ་ནི་ནམ་ཡང་འཆང་མི་རུང་ངོ་། །
ཞོར་འཕྲོས།
བརྩམས་ཆོས་ལ་རྨོངས་དད་བྱེད་ཚུལ།
ཕྲན་ལ་མཚོན་ན་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་ལ་གནའ་རབས། ཉེར་རབས། དེང་རབས་གསུམ་དུ་དབྱེ་ཀི་ཡོད། རྩོམ་རིགས་ཀྱི་དུས་ཚིགས་དབྱེ་འབྱེད་འདི་བོད་ཕྱི་ནང་གི་རྩོམ་པ་པོ་ཚོའི་བསམ་ཚུལ་མི་མཐུན། ཕྲན་གྱིས་དུས་རྒྱུན་གསུམ་དུ་དབྱེ་བ་ལྟར། དེ་རིང་ཡང་དེའི་དབང་དུ་བྱས་ན་དེང་རབས་རྩོམ་རིགས་དར་པའི་ཁྲོད་ཀྱི་བརྩམས་ཆོས་ལ་རྨོངས་དད་བྱེད་ཚུལ་གླེང་འདོད་སྐྱེས། བོད་ཕྱི་ནང་གཉིས་ཀྱི་གང་ལ་མཚོན་ན་བརྩམས་ཆོས་ལ་རྨོངས་དད་བྱེད་མཁན་ཇེ་མང་རེད་ལ་ལྷག་པར་དུས་རབས་ཉེར་གཅིག་པའི་འགོ་ནས་བཟུང་དར་ཁྱབ་ཕྱིན། བརྩམས་ཆོས་དེའི་བརྗོད་བྱ་ལ་ལེགས་ཉེས་དབྱེ་འབྱེད་དགོས་མོད། དེ་ལྟར་མི་བྱེད་པར་རྩོམ་པ་པོ་གྲགས་ཅན་ཞིག་གི་བརྩམས་ཆོས་ཡིན་ན་དེ་ནི་རབ་དང་ཕུལ་དུ་ལྟ་ངེས། ད་དུང་ནུབ་ཕྱོགས་ཀྱི་རྩོམ་པ་པོ་ཁག་ཅིག་གིས་དེའི་ཁོར་ཡུག་དང་དུས་ཚོད་ལ་བསྟུན་ནས་བྲིས་པའི་རྩོམ་ཡིག་ཁག་ཅིག་ལ། བོད་ཀྱི་ན་གཞོན་རྩོམ་དགའ་རེ་ཟུང་གིས་རྨ་མེད་ལེགས་བཤད་ཅིག་ཏུ་ངོས་འཛིན་ཁུལ་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་གྱི་ལེགས་པའི་ཆ་དང་། རང་གི་རང་གཞུང་གི་གཞི་རྐང་ལྟ་བུ་ཁག་ཅིག་གཙང་ཕྱགས་བྱེད་དགོས་པའི་ངན་སེམས་འཆང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་ཁོར་ཡུག་བཅས་ལ་རྒྱབ་འགལ་ལྟ་བུར་སོང་བའི་རྩོམ་དེབ་ཁག་ཅིག་ལ་ཧ་ཅང་དུངས། དེ་ནི་ལྟ་ཤེས་ན་ལེགས་ཆ་ཚུར་ལེན་དང་མ་ཤེས་ན་རང་ཚུགས་ཤོར་བའི་ཉེན་ཁ་མཆིས།
རྨང་གཞི་མེད་པའི་ན་གཞོན་རྩོམ་མཁན།
རྨང་གཞི་མེད་པའི་ན་གཞོན་རྩོམ་དགའ་ལབ་ན་དེ་ནི་དེ་རིང་འདིར་ཡོད་པའི་ན་གཞོན་རྩོམ་པ་པོ་ཁག་ཅིག་གི་རྣ་བར་མི་སྙན་པའི་གཏམ་ངན་ཞིག་ཏུ་ཚོར་ངེས། དོན་དངོས་སུ་ད་ལྟའི་དུས་སུ་བོད་ཕྱི་ནང་གི་རྩོམ་པ་པོ་དང་ན་གཞོན་སྙན་ངག་པར་འབོད་པ་དག་གི་བརྩམས་ཆོས་དང་སྐད་ཆ་ལྟོས་དང་ཤེས་སླ། ཐོག་མར་རྩོམ་ཡིག་ཁག་ཅིག་ནི་རྐུ་བཤུ་ལྟ་བུ་ཡིན་པས་ཡིད་སྨོན་སྐྱེ་སྲིད། བསྟུད་མར་གང་ཟག་དེ་དག་གི་རྩོམ་ཡིག་ཡོངས་ལ་ལྟོས་དང་རྨང་གཞི་མེད་པའི་རྟགས་མཚན་གསལ་བར་ཤར་ཡོང་། ལྷག་དོན་ཉེ་སར་བཅར་ནས་ཁ་བརྡ་ལྷོད་ལྷོད་ཅིག་བྱོས་དང་གཞི་ནས་དེ་དག་གི་རྩོམ་ཡིག་ནི་རྨང་གཞི་མེད་པར་འགྲོ་ཐབས་དང་འདུག་ཐབས་ཡིན་པ་གསལ་བར་ཤེས་ཏེ། དཔེར་ན། ནང་དུ་རིག་གཞུང་གི་ལྟ་གྲུབ་ཀྱི་ཆ་དང་ཆོས་ལུགས་ཀྱི་གྲུབ་མཐའི་འགལ་མཚམས་སོགས་ལ་དཔྱད་པའི་རྩོམ་ཡིག་འདུག་མོད། དེའི་སྟེང་ནས་གོམ་གང་འཕར་སྤོས་སྟེ་ཆོས་ལུགས་སྐོར་གྱི་རྒྱུན་ཤེས་ཐུང་ངུ་རེ་དྲིས་དང་མགོ་བོ་རྨོངས་ནས་ཡོད་ལ། རྩོམ་རིག་གི་ལྟ་གྲུབ་ལས་ཏོག་ཙམ་རྒྱང་བཀྱེད་དེ་དྲིས་ན་ད་བཟོད་ཅི་བཤད་འདི་བཤད་མེད། མདོར་ན་དེ་དག་གི་དཔེ་དེབ་ཁྲོད་ཀྱི་སྐད་ཆ་འགའ་རེ་དང་དགེ་རྒན་གྱི་ངག་རྒྱུན་ལྟ་བུའི་གོ་ཐོས་འགའ་ཡིག་ཏུ་བྲིས་པ་ལས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་མེད། གལ་སྲིད་ཡོད་པའི་དབང་དུ་བཏང་ན་དྲི་བ་ཟབ་མོ་ལས་རགས་པ་ཚོ་ལ་འགྲེལ་བཤད་རྒྱག་རྒྱུ་དགོས་མོད། དེ་དག་ལ་མཚོན་ན་དེ་ནི་ཤར་ནུབ་ལྟ་བུར་གྱུར་ཡོད། གཞུང་ལུགས་ལས་རྒྱུན་ཤེས་ཚོ་བཤད་རྒྱུ་ཡོད་དགོས་མེད།། དེ་དག་གི་ཉེ་སར་བཅར་ནས་བགྲོ་གླེང་ལྟ་བུ་བྱས་ན་ད་བཟོད་ཀླད་པ་སྟོང་བ་ཡིན་པའི་རྒྱུ་མཚན་ཞོགས་པའི་ཉི་ཟེར་བཞིན་ཤར་ནས་ཡོང་། ལྷག་པར་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་འབོད་པའི་ནང་དུ་ཤར་ནུབ་ཀྱི་རིག་གཞུང་གི་འཕེལ་རིམ་དང་རྒྱུ་སྤུས་གླེང་སྟེ་རྩོམ་ཡིག་སྤེལ། ཆོས་ལུགས་དང་གྲུབ་མཐའ་ཚོའི་ལྟ་གྲུབ་སྐོར་ཡིག་ཐོག་དང་ངག་ཐོག་ནས་སྤེལ་མཁན་གྱི་སློབ་བུ་ཚོ་ལ། དངོས་སུ་ཐུག་ནས་རིག་གཞུང་གི་ཁྱབ་ཁུངས་དང་རྩོམ་རིག་གི་འཕེལ་རིམ། ཆོས་ལུགས་ཀྱི་ནུས་ཤུགས་དང་གྲུབ་མཐའི་དཀའ་གནད་སོགས་ཅུང་གཏིང་ཟབ་པའམ་རྒྱ་ཆེ་རུ་བཏང་ནས་དྲིས་ན་ཧ་ཅང་གི་མྱི་བཟང་ལྟ་བུ་ཞིག་ཏུ་གྱུར་ཏེ་ཁུ་སིམ་མེར་འདུག དེ་ནི་རྨང་གཞི་མེད་པའི་རྟགས་མཚན་ཞིག་ཏུ་ཚོར། མདོར་ན། ལད་ཟློས་དང་ཟེར་རྗེས་འབྲང་བ་ལས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་དེ་སྐད་ཆ་བཤད་མཁན་རྩོམ་ཡིག་འབྲི་མཁན་མེད་པས་སོ།། ད་ལྟའི་དུས་སུ་བོད་ཕྱི་ནང་གང་ལ་མཚོན་ན་གཞོན་སྐྱེས་རྩོམ་ལ་དགའ་མཁན་ཧ་ཅང་མང་ཡང་ཤེས་ཡོན་གྱི་རྨང་གཞི་ཡོད་པའི་ན་གཞོན་རྩོམ་པ་པོ་ནི་ཆེས་ཤིན་ཏུ་དཀོན་པའི་དུས་ཤིག་རེད། དཔེ་དེབ་ཀྱི་ཐད་ནས་བཤད་ནའང་དུས་དེབ་དང་སྒེར་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་བགྲང་ལས་འདས་པ་ཞིག་མཐོང་རྒྱུ་ཀློག་རྒྱུ་འདུག་མོད། མཛུབ་མོ་ཀེར་ན་འདི་ནི་རབ་དང་ཕུལ་ལོ་ཟེར་རྒྱུ་ཞིག་དཀའོ།།
གྲོགས་ཨ་རིག་དགེ་མཐོང་ལགས་ནས་བོད་ནང་གི་ཤེས་ཡོན་ཅན་དག་གིས་ཟུངས་ཁྲག་གིས་བྲིས་པའི་མི་ཆོས་རིང་ལུགས་གཙོ་བོར་བྱས་པའི་བརྩམ་ཆོས་དག་ངོ་སྤྲོད་གནང་བར་བཀའ་དྲིན་ཆེ། སྤྱི་གཏང་བོད་ནང་གི་རབ་ཏུ་བྱུང་བའི་ཤེས་ཡོན་ཅན་གྱི་དཔུང་སྡེ་དང་། མི་སྐྱ་ཤེས་ཡོན་ཅན་གྱི་དཔུང་སྡེ་གཉིས་ཀས་བོད་མི་རིགས་འཇིག་ཉེན་ལས་སྐྱབས་འདོད་ཀྱི་འདུན་པ་དང་སེམས་ཤུགས་གཅིག་མཚུམས་སུ་ཡོད་ཀྱང་། ཤེས་ཡོན་ཅན་གྱི་སྡེ་གཉིས་ཀྱི་དབར་མི་མཐུན་པའི་འགལ་ཟླ་རིགས་གང་མང་ཡོད་པ་དེ་ནི། སེར་མོ་བའི་ཤེས་ཡོན་ཅན་གྱི་སྡེ་ལ་དུས་རབས་དང་མཚམས་པའི་རྨང་གཞིའི་ཤེས་ཡོན་སློབ་གསོ་ཡར་རྒྱས་གང་མྱུར་གཏང་དགོས་པ་དང་། མི་སྐྱ་ཤེས་ཡོན་ཅན་གྱི་སྡེ་ལ་བོད་མི་རིགས་ཀྱི་སྲོག་རྩ་མཐུན་མིན་གྱི་རིག་གཞུང་ཆོས་དང་། ཡ་རབས་སྤྱོད་བཟང་གི་གོམ་བཤིས་བཟང་པོ་སོགས་གཞི་རིམ་སློབ་གསོ་ཉམས་པ་ནས་མེད་པར་འགྱུར་བའི་དོན་རྟགས་ཤིག་ཡིན་པ་འདོད་། དེས་ན་ཤེས་ཡོན་ཅན་གྱི་སྡེ་གཉིས་སྡིང་ཆ་གཅིག་གི་སྟེང་ཕན་ཚུན་བགྲོ་གླེང་ཡང་ནས་ཡང་དུ་གནང་དགོས་གལ་ཆེ་སྙམ།།
ཨ་རིགས་དགེ་མཐོང་ལགས་ཀྱི་གཏམ་བཤད་གཟབ་རྒྱས་བྱུང་འདུག་ལ། དེ་ག་ནང་བཞིན་བོད་ནང་གི་ཤེས་ཡོན་པའི་བསམ་བློའི་སྤྱི་ཁོག་རྒྱ་བསྐྱེད་དེ་བཀྲམས་འདུག་ན། ཤིན་ཏུ་ཡིད་སྤྲོ་བོ་བྱུང་།
༡༽འདིར་༼བོད་བསྟན་པ་ཆབ་སྲིད་ཀྱི་སླད་དུ་རང་གི་ཚེ་སྲོག་གཏའ་མར་བཞག་སྟེ་ས་ཆེན་པོ་འདིའི་སྟེང་དུ་ཤེས་རིག་གི་བདེན་པ་བརྡར་མཁན་དང་སྒེར་གཅོད་སྲིད་གཞུང་གི་ངོ་གདོང་དམར་བཤུ་བྱས་པའི་ཁ་ཚ་དགོས་གཏུགས་ཀྱི་དཔེ་དེབ་ནི་གཤམ་གྱི་འདི་དག་ཡིན།
༧པན་ཆེན་སྐུ་ཕྲེང་བཅུ་བའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ། ནགས་ཚང་ནུས་ལོའི་ནགས་ཚང་ཞི་ལུའི་སྐྱིད་སྡུག ཞོགས་དུང་གི་གནམ་ས་གོ་འབྱེད། བྱ་མདོ་རིན་བཟང་གི་བྱ་གཏོར། སྒྲོལ་མ་སྐྱབས་ཀྱི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ། ཚེ་རིང་འོད་ཟེར་གྱི་གངས་སེང་གི་ངར་སྒྲ། བོད་གདེངས་སུ་གྱེར་བའི་སྙན་རྩོམ། ཚེ་རིང་དོན་འགྲུབ་ཀྱི་རླུང་དམར་འུར་འུར། ཐེའུ་རང་གི་ཁྲག་ཡིག འཇམ་དབྱངས་སྐྱིད་ཀྱི་མནར་གཅོད་ཀྱི་གོ་རིམ། ངྷི་ལྷ་ལྡན་གྱི་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ། གཡུང་ལྷུན་འགྲུབ་ཀྱི་དེབ་ཆུང་ཁག གཉན་གྱི་ལག་རྩལ། འབའ་བ་ཕུན་དབང་གི་ལོ་རྒྱུས། དུས་དེབ་ཤར་དུང་རི། བཙན་པོའི་སྙིང་སྟོབས། ༽ཞེས་བ་ལྟར་ངོ་སྤྲད་པ་འདི་ཧ་ཅང་གི་མཐོང་ཆེན་དང་གུས་བརྩི་ཡོད་དེ། བརྩམས་ཆོས་འདི་དག་གི་བྱུང་རིམ་དང་ལོ་ཚུགས་གསལ་འགྲེལ་བྱེད་རྒྱུ་དེ་བས་ཀྱང་གལ་ཆེན་རེད་བསམ་པ་དྲན་བྱུང་། དེ་ཡང་འདི་ལྟར་༧པན་ཆེན་སྐུ་གོང་མོའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་དང་ཞོགས་དུང་གི་གནམ་ས་གོ་འབྱེད་བརྩམས་པའི་བར་གྱི་དུས་ཡུན་རིང་། བོད་ཀྱི་ཤེས་ཡོན་པའི་བསམ་བློའི་གདོང་གཏོད་ས་དེ་ངོས་འཛིན་ཡང་དག་རེ་བྱེད་དགོས་བ་རེད་བསམ་པ་ཙམ་པ་ཡིན། དེ་ག་ནང་བཞིན་ནུབ་བྱང་ཚང་གི་ཤར་དུང་རི་དང་ཐེའུ་རང་གི་ཁྲག་ཡིག་སོགས་ཀྱིས་མཚོན། ཞོགས་དུང་གི་གནམ་ས་གོ་འབྱེད་འཁྲུངས་ལོའི་བར་གྱི་དུས་འདིའི་སྔ་ཕྱི་ལ་ཡང་བསམ་གཞིགས་རེ་བྱེད་དགོས་བར་སྙམ།
༢༽སློབ་གསོའི་ཆ་ནས་ནུབ་བྱང་ཚང་གི་བསམ་བློའི་བསྐྱེད་རིམ་དང་རྭ་རྒྱ་ཤེས་རིག་ནོར་གླིང་བར་གྱི་འགལ་རྐྱེན་འདི་ཤུགས་རྐྱེན་གང་ལས་བྱུང་བའམ། བར་འདི་ན་བོད་ཀྱི་ཤེས་ཡོན་པོའི་བསམ་བློའི་ཟབ་ཚད་དང་ལས་འགན་སོགས་འཕྲུ་སྣོན་གྱི་རྩིས་གཞི་སྒང་ན་ལྷད་བསྡད་པ་འདྲ་བོ་རེད། ད་ག་རེ་བྱས་ན་ཡག་ས་རེད།
གྲོགས་ངག་དབང་སྟོབས་ལྡན་དང་ནག་ཐར་སྐྱིད་གཉིས་ཕེབས་པར་དགའ་བསུ་ཞུ། ནག་ཐར་སྐྱིད་ཀྱིས་བཤད་པ་དེ་ལ་བདག་གིས་དོ་སྣང་བྱེད་ཀྱིན་པའི་སྒང་ཡིན། འོན་ཀྱང་དུས་ཚོད་དང་དུས་ཚིགས་ཁག་ཅིག་གིས་བདག་གི་མགོ་བོ་ན་རུ་བཅུགས་སོང་།
ཨ་རིག་དགེ་མཐོང་གིས་’རྨང་གཞི་མེད་པའི་རྩོམ་དགའ་’ཞེས་བཏགས་པ་ནི་དོན་ལ་ཧ་ཅང་འབྱོར། དེང་གི་སྨྱུག་ཐོགས་ཁས་ཆེ་བ་མང་པོ་ཞིག་རང་གི་རིག་གནས་ཀྱི་ཆུ་ཚད་མྱུག་གསར་ཉམ་ཆུང་བའི་ཚོད་ལས་མེད་ཀྱང་། བྱེད་འབྲེལ་གྱི་རྣམ་དབྱེ་འབྱེད་པའི་འགོ་དོད་མ་ཐག་ནས་སྙན་གྲགས་ཀྱི་འབྲས་བུ་བཟང་པོ་དེ་མ་ཉིད་དུ་ཐོབ་པར་རེ་ཞིང་། འདོད་ཐག་ཐུང་ལ་ཧམ་སེམས་ཆེ་བ་རང་ལྟ་མཆོག་འཛིན་གྱིས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་སུ་ཡང་དགག་ཕོད་པའི་སྙིང་ཁམས་ཅན་གྱི་ན་གཞོན་བློ་གསར་’རྨང་གཞི་མེད་པའི་རྩོམ་དགའ་’བ་མང་པོ་རྩོམ་པ་པོའི་ཁྱུར་ཚངས་ཏེ་མུ་ཅོར་སྨྲ་བ་ཤ་སྟག་ཏུ་འགྱུར་ཉེན་ཤིན་ཏུ་ཆེ་བ་ནི། ཉེན་ཚབས་ཆེ་བར་མཐོང་བས་གྲོགས་པོ་ཚོས་དེ་སྐོར་མང་ཙམ་ཤོད་དང་།
དྲ་གྲོགས་དགེ་མཐོང་ལགས།
རྩོམ་འདིར་ཁྱེད་ཀྱིས་བཞེངས་བཞག་འདུག ཨ་ལ་དཔེ་ཡག་པོ་བྲིས་འདུག་བསམ། ཕྱེད་ཙམ་བཀླགས་ནས་མཆན་འདི་རྒྱག་གིན་ཡོད། ཆ་ཚང་ཀློག་ངེས་ཡིན། ཁྱེད་ཀྱིས་ལོག་རྟོག་སྙིང་སྟོབས་ལུས་མེད་དམ་སྙམ་བྱུང་། གལ་སྲིད་ལྷག་ཡོད་ན་དེ་ནི་ཅུང་མ་བཟང་བ་རེད། ཕྱོགས་ལྷུང་ཟེར་བའི་ཚིག་གི་ཁྱེད་ལ་འཕྱ་ངེས་རེད། བཀྲ་ཤིས་བདེ་ལེགས།
དེ་རིང་ཨ་རིག་དགེ་མཐོང་གིས་དཔྱད་རྩོམ་ཡག་པོ་ཞིག་སྤེལ་འདུག་པ་མ་ཟད། སང་ཉིན་ཡིག་རྒྱུགས་ཤིག་ལ་སླེབས་ཡོད་རུང་ཐེགས་གཉིས་ལ་བལྟས་ཡིན། སྤྱིར་དཔྱད་བརྗོད་ཀྱི་གོ་རིམ་དང་བོད་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་ཕྱོགས་ལ་ཞིབ་འཇུག་བྱས་ཡོད་པར་མཐོང་དུས་ཚད་ངེས་ཅན་ཞིག་ལ་སླེབས་འདུག འོན་ཀྱང་ འོག་ཏུ་རྩོམ་རིག་གི་བྱུང་བ་བརྗོད་ཡོང་དུས་ཅུང་ཞབས་འདྲེན་ཞུས་མེད་དམ་བསམ་ཡོང་། གང་ཡིན་ཟེར་ན་ བོད་ནང་གི་རྩོམ་པ་པོ་དང་ཕྱི་རོལ་གྱི་རྩོམ་པ་པོ་དང་རྩོམ་རིག་སྨྲ་པ་མི་འཐུན་ཟེར་བ་བདེན་ཡང་། ཁྱོད་ཀྱིས་རྩོམ་རིག་གི་བྱུང་འཕེལ་དུས་གསུལ་ལ་བགོ་ཚུལ་བརྗོད་འདུག་པས་ ཁྱོད་ཀྱིས་དུས་གསུམ་པོ་ཅི་ལྟར་བྱས་ནས་བགོ་ངེས་ཡིན་ནམ། སྤྱིར་ལན་མེད་པར་ངས་དུས་གསུམ་ལ་བགོ་རྒྱུ་ཡིན་ཟེར་ན་དེ་ནི་རྒྱུ་མཚན་མེད་པའི་འུད་ཤོད་ཡིན་པས་རྩོམ་རིག་གི་དུས་འཚམས་གསལ་བོ་ཞིག་འབྱེད་རོགས་ཞུ།
མའི་མངལ་ནས་བཙས་མ་ཐག་ཏུ་ཡོན་ཏན་ཀུན་ལ་མཁས་པ་ཡོང་མི་སྲིད་པ་དང་ཐབས་དང་ཤེས་རབ་ཀྱི་སྒོ་ནས་སྦྱང་བརྩོན་འབད་འབུང་ལྷོད་མེད་ཞུགས་པར་ཆུ་ཟོད་དུ་མ་སོང་བས་ཐབས་སུ་སྨྱུག་གསར་པའི་ཨུ་ཚུགས་ནན་གྱིས་སྦྱངས་པ་ལས་རྨང་གཞི་མེད་པའི་རྩོམ་ག་ལ་བྲིས། སྐུ་ཉིད་ཀྱི་དགོངས་ཚུལ་ནི་ཐ་ཤལ་དང་མཚང་ལ་འགོས་པའི་མུ་ཅོར་སྨྲ་བའི་གྲས་སུ་འཇོགས་རྒྱུ་ལས་གཞན་མ་མཆི།
དྲ་གྲོགས་དག་ཕེབས་པར་དགའ་བསུ་ཞུ། ལོག་རྟོག་སྙིང་སྟོབས་བརྗེད་མེད།
དེ་ནས་སྦྲ་དཔལ་ལྡན་གྱིས་སློབ་གྲྭ་ཡིག་རྒྱུགས་ཀྱི་བྲེལ་འཚུབ་བར་ནས་བཀླགས་པར་ཧ་ཅང་དགའ་ཡོད། དུས་གསུམ་ལ་བགོས་ནས་བཤད་ཟེར་བ་དེ་སྔོན་གྱི་རྩོམ་ཡིག་ཅིག་ཏུ་གསལ་བས་དེར་ལྟོས། ཁོམ་སྐབས་ཤིག་ལ། ད་ལྟ་གཙོ་བོ་ཡིག་རྒྱུགས་ལ་ཤུགས་རྒྱོབས། དེ་ནས་མ་ཤེས་ན་ངས་ཉིད་ལ་ངོ་སྤྲོད་ཞུ་ཆོག་བ་གྱིས།
ཨ་དགེ་ལགས་ཀྱི་རྩོམ་ཡིག་བཀོད་པ་ལེགས། གནད་ལ་ཁེལ་ཡོད་མེད་ལ་མ་ལྟོས་པར་ལྷག་བསམ་གྱིས་རྨང་གཞི་བྱས་ཏེ་བྲིས་པ་ཚོར། དེ་མིན་སྐབས་དེའི་ཚོགས་འདུའི་གཏམ་བཤད་གཞན་དག་ཀྱང་འདི་ལྟར་བཀོད་ན་དགེ་མཚན་ཆེ་སྙམ། བདག་གིས་གོ་ཐོས་ལ་ཁག་ཅིག་རྩོམ་རིག་སོགས་ཀྱི་སྐོར་ལ་བགྲོ་གླེང་ཧ་ཅང་ཡག་པོ་གནང་སོང་ཟེར།
མེ་ཏོག་ལྷ་མཛེས་ལགས་སུ་ཁམས་འདྲི་དང་བཅས་ཉིད་ཀྱི་སྐད་ཆ་ལ་གནས་ལུགས་འདུག་མོད། འོན་ཀྱང་ཁོ་བོ་ལས་གཞན་གྱི་གཏམ་བཤད་ལེགས་པོ་དང་ལྷག་པར་ཆང་ཁ་ནས་རྩོམ་རིག་གི་སྐོར་ལེགས་པོ་གནང་སོང་མོད། དེ་དག་ནི་བདག་གི་སེམས་ནང་དུ་ཡག་མི་དྲན་པས་ལག་པ་འཆང་མ་ནུས་སོ།།
རྡོ་ལྗོངས་ནས་ངའི་བསམ་འཆར་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ་ཞུ། ངས་བཤད་འདོད་པ་ནི། དང་པོར་རང་གིས་བརྡ་དག་ལེགས་པར་སྦྱངས་ནས་ད་གཟོད་རང་ལ་གདེང་ཚོད་ལམ་ཙམ་རྙེད་པ་ན་དུས་དེབ་ཁག་ལ་རང་གིས་གསར་དུ་བརྩམས་པའི་རྩོམ་ཡིག་སྤེལ་ཐབས་བྱེད། དེ་དག་གི་སྐབས་སུ་རང་ཉིད་ལ་གནའ་དེང་བརྩམས་ཆོས་ཁག་བཀླག་རྒྱུར་འདུན་པ་ངང་གིས་འཕེལ་བ་ནི་ཀློག་པ་པོའམ་སྨྱུག་ཐོགས་པ་རྣལ་མ་ཡིན་ན་ཐོག་མའི་གཤིས་སུ་གྲུབ་པ་ལྟ་བུ་ཡིན་གཤིས། དེ་དུས་གཞན་རྩོམ་གྱི་ཉམས་འགྱུར་གྱི་རྩལ་དང་བརྗོད་བྱའི་ཟབ་ཁྱད། མདོར་ན་བརྩམས་ཆོས་ཚད་ལྡན་ཞིག་ཡིན་ན་བརྗོད་བྱ་གནའ་དེང་དང་ཆོས་འཇིག་རྟེན་གང་ཡིན་ཡང་རང་རང་ལ་ཁྱད་ཆོས་རེ་ངེས་པས་དེ་དང་དེའི་ཐུན་མིན་ཁྱད་ཆོས་དག་འཚོལ། དེ་ནས་རང་ལ་སྔར་ལས་སྤོབས་པ་དང་གདེང་དྲོད་རྙེད་པ་ན་གཞི་ནས་རང་གི་བརྩམས་ཆོས་གླེགས་བམ་དུ་བསྡུས་པ་དག་རིམ་པར་སྤེལ་ན། དེ་དག་མཁས་པ་མགུ་བ་སྐྱེ་བའི་ལེགས་བཤད་དུ་འགྱུར་ངེས་པ་ལས། གཞན་དེབ་ཅིག་རང་གི་མིང་ཐོག་འདོན་རྒྱུར་བྲེལ་ནས་ཨ་དགེས་གོང་དུ་བཤད་པ་ལྟར་རང་ལ་གོ་རྒྱུ་རེག་རྒྱུ་ཅི་ཡང་མེད་པར་གཡས་བསྡུ་གཡོན་འཚོལ་བྱས་པའི་མགོ་ཆེ་གཟུགས་ཆུང་གི་དོན་སྙིང་མེད་པའི་རྒན་མོའི་གདོང་གི་མཛེས་ཆོས་ལྟ་བུའི་རྩོམ་ཉོག་གི་ཕུང་པོ་སྤུངས་པའི་གླེགས་བམ་དུ་མིང་བཏགས་ཀྱང་ཆ་ཚང་ཀློག་མཁན་རྩོམ་པ་པོ་རང་ཉིད་གཅིག་པུ་ཡིན་པའི་དེབ་གྲངས་མང་དུ་གཏང་བ་ཙམ་དུ་ཟད་པར་མཐོང་།
་་་་་་་་མདོར་ན། ལད་ཟློས་དང་ཟེར་རྗེས་འབྲང་བ་ལས་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱད་དེ་སྐད་ཆ་བཤད་མཁན་རྩོམ་ཡིག་འབྲི་མཁན་མེད་པས་སོ།། ད་ལྟའི་དུས་སུ་བོད་ཕྱི་ནང་གང་ལ་མཚོན་ན་གཞོན་སྐྱེས་རྩོམ་ལ་དགའ་མཁན་ཧ་ཅང་མང་ཡང་ཤེས་ཡོན་གྱི་རྨང་གཞི་ཡོད་པའི་ན་གཞོན་རྩོམ་པ་པོ་ནི་ཆེས་ཤིན་ཏུ་དཀོན་པའི་དུས་ཤིག་རེད། དཔེ་དེབ་ཀྱི་ཐད་ནས་བཤད་ནའང་དུས་དེབ་དང་སྒེར་དེབ་ཆར་རྗེས་ཀྱི་ཤ་མོ་བཞིན་དུ་བགྲང་ལས་འདས་པ་ཞིག་མཐོང་རྒྱུ་ཀློག་རྒྱུ་འདུག་མོད། མཛུབ་མོ་ཀེར་ན་འདི་ནི་རབ་དང་ཕུལ་ལོ་ཟེར་རྒྱུ་ཞིག་དཀའོ།། ཟེར།
་་་་ བསམ་འཆར་འདི་ནི་ཉེ་ཆར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བའི་སྟེང་དུ་་་་ བཞི་བ་ལས་བཞི་པ་དག་ག་མི་ནམ། ཨ་དགེ་ལགས།
མིང་མཐའི་རྟགས་མཚུངས་དང་བརྗོད་བདེའི་ཁྱད་པར་ལས་ཅི་ཡང་མི་འདུག་སྙམ། པ་བའི་རྩོད་རྙོག་ལ་བདག་སུན་སྣང་སྐྱེས་ཏེ་སོ་སོའི་ཁམས་དང་བསྟུན་གི་ཡོད། ཁྱེད་ཀྱིས་བསམ་འཆར་གནང་བར་དགའ་བསུ་ཞུ།