ཤེད་བུ།
རྒྱལ་སྤྱིའི་གྲོགས་པོའི་དུས་ཆེན་ཉིན།
ཤ་དང་ཁྲག་གི་རྒྱུད་པས་འདེད་ས་མེད་ཀྱང།།
ལས་དང་བྱ་བའི་ཁྲོད་ནས་འདྲེས་པར་གྱུར་ཏེ།།
གྲོགས་ཀྱི་རིགས་སུ་སྐྱེས་པའི་སྲོག་ལྡན་ཀུན་པོས།།
དེ་རིང་བདག་གི་སྙན་ཚིག་འདི་ལ་གསན་མཛོད།།
དཔྱ་ཁྲལ་འཇལ་སའི་རྒྱལ་ཁབ་བདག་ལ་མེད་ལ།།
བརྩེ་བའི་ཕ་མ་སྤུན་རྣམས་བདག་དང་བསྐལ་བས།།
རྒྱུས་མེད་ས་མཐའི་ཡུལ་གྱི་གྲུ་ཁ་འདི་རུ།།
ཁྱེད་ཅག་རོགས་འདེགས་བདག་གི་བླ་དང་སྲོག་ཡིན།།
ན་ནས་ཉལ་སར་ལྷུང་ཡང་ཁྱེད་ཚོར་བསྟེན་དགོས།།
ལྟོགས་ནས་སྤྲང་བར་གྱུར་ན་ཁྱོད་ཚོ་རེ་དགོས།།
ཁྱེད་ཅག་བརྩེ་བར་གྱེས་པའི་ཉིན་མོ་དེ་ནི།།
བདག་གི་འཁོར་བའི་བླ་ཡང་ཁད་ཀྱིས་ཤོར་ཡོད།།
བདག་ནི་སྤྲོ་བའི་ཡུལ་ལ་འཆམ་སྐྱོད་བྱེད་དུས།།
བརྩེ་བའི་གྲོགས་ཀྱི་དཔུང་རྡང་བདག་ལ་མཁོ་ཞིང་།།
ཟབ་བརླིང་སྙན་ངག་ཆེན་པོའི་ཀློང་ལ་འཇུག་དུས།།
ཁྱེད་ཅག་མེད་ན་བདག་གི་སྒྱུ་རྩལ་ཤོར་ཡོད།།
ཁྱེད་ཅག་བརྩེ་བས་བདག་གི་སེམས་རྩ་དྲོས་ཡོད།།
བདག་གི་དུངས་ཀས་ཁྱེད་ཚོ་རྒྱུན་ཏུ་འཚོས་ཡོད།།
དགའ་སྐྱོ་རེས་ཀྱིས་འཁོར་བའི་འཇིག་རྟེན་ཁམས་ནས།།
འུ་ཅག་ཕན་ཚུན་རྟེན་དང་བརྟེན་པས་འཚོ་དགོས།།
ང་དང་ལྡབ་ཀྱིས་མཐོ་དང་དམའ་བོ་དག་ལ།།
བདག་ནི་གྲོགས་པོའི་ལྟ་ཚུལ་གཞར་ཡང་མེད་དོ།།
ཕ་རིའི་མེ་ཏོག་ཚུར་རིའི་ནགས་ལ་མི་འཁྲུངས།།
འདི་ཡང་རྟེན་འབྲེལ་ལས་ཀྱི་གཤིས་ལུགས་ཤིག་ཡིན།།
བདག་ལས་མཐོ་བ་བླ་མ་དཔོན་པོའི་ཚོགས་དང་།།
བདག་ལ་དམའ་བ་ཡིག་རྨོངས་ཕྱུག་པོའི་སྡེ་རྣམས།།
བདག་ལ་མ་བཅར་རང་རང་གནས་སུ་བཞུགས་རོགས།།
བདག་གི་ལྟ་སྤྱོད་ཁྱོད་ཀྱི་སྡུག་བསྔལ་རྐྱང་ཡིན།།
གྲོགས་པོ་རྒུད་ན་འཕྱ་ཚིག་རླུང་ལ་སྤུར་ཞིང་།།
དགོད་ཀྱིན་འཛུམ་གྱིན་རྒྱང་ཐག་རིང་དུ་བྱེད་པའི།།
གྲོགས་པོ་དགོད་ཁ་དག་ཀྱང་བདག་ལ་མ་བཅར།།
བདག་གི་ཕྱོགས་ནི་ཁྱེད་ཀྱི་མུ་གེ་ཐང་ཡིན།།
ཀ་ཁ་རིག་ན་ཉོབ་ཅེས་མགོ་བོ་གཡུག་ཅིང་།།
སྙན་ངག་བྲིས་ན་ཁོང་ནས་འཕྱ་དགོད་བྱེད་པའི།།
བླུན་པོ་འཇོན་སྣང་བ་རྣམས་བདག་ལ་མ་བཅར།།
བདག་ནི་ཞེ་ནས་སྡང་བ་ཁྱེད་ཅག་རིགས་ཡིན།།
རྩོམ་ལ་དགའ་བའི་འུར་གྱིས་གནམ་ས་འགེངས་ཀྱང་།།
དོན་ལ་ཚིགས་བཅད་གཅིག་ཀྱང་བྲིས་མྱོང་མེད་པའི།།
གྲོགས་པོ་ཧམ་ཤེད་ཅན་དག་བདག་ལ་བཀྱེད་རོགས།།
ཁྱེད་ཅག་བྱ་སྤྱོད་རིག་ན་དགོད་ཀྱི་ཡོང་གི །
རྒྱུན་ཏུ་ཁྱོད་བདེ་གཏམ་གྱི་འཚམས་འདྲི་མེད་ཀྱང་།།
རྩོམ་རིག་སྒྱུ་རྩལ་ཕྱོགས་ལ་ཞེ་ནས་དགའ་བའི།།
རྒྱུས་མེད་ཕོ་མོ་ཐམས་ཅད་བདག་གི་གྲོགས་ཡིན།།
བདག་ནི་བསྐལ་བའི་བར་དུ་ཁྱོད་ཚོར་དགའ་འོ།།
རྣམ་དཔྱོད་རྩལ་གྱིས་རྩོམ་གྱི་སྐལ་བ་ཆད་ཀྱང་།།
རྩོམ་དང་རྩོམ་པ་པོ་ལ་ཞེ་བློ་དཀར་བའི།།
ཉམ་ཆུང་ཕོ་མོ་མ་ལུས་བདག་ལ་བཅར་རོགས།།
བདག་ནི་ཁྱེད་ཚོ་རིགས་ལ་ཞེ་ནས་དགའ་འོ།།
བདག་གི་གྲོགས་ལ་ཆོས་དང་ལུང་ཚན་མི་དགོས།།
བདག་གི་གྲོགས་ལ་རྒྱུ་དང་དབང་ཆ་མི་དགོས།།
བདག་གི་གྲོགས་ལ་ཡག་དང་ཕོ་སྒོ་མི་དགོས།།
རྩོམ་ལ་གློ་བ་དཀར་རྣམས་བདག་གི་གྲོགས་ཡིན།།
ཆོས་གྲྭ་གཅིག་ནས་ཁྱབ་མཐའི་རིགས་ལམ་དེད་ཅིང་།།
དྲ་སྟེགས་གཅིག་ནས་རྩོམ་གྱི་ཡག་ཉམས་གླེང་བའི།།
སྐྱ་སེར་ཕོ་མོ་ཐམས་ཅད་སྐུ་ཚེ་བརྟན་དགོས།།
ཁྱེད་ཅག་ཀུན་གྱིས་བདག་ལ་སྤོབས་པ་བསྩལ་ཡོད།།
༢༠༡༣།༠༨།༠༤ལ།
འདུ་ཤེས་བརྟན་པོའི་གྲོགས་པོ་དག་ལ།།
སེམས་ཀྱི་མཛའ་བོའི་མེ་ཏོག་གཏོར་ཞོར།།
གཡོ་ཅན་གྲོགས་པོ་ཕྱི་འཛུམ་ཁོ་ནས་བསུ་ཞོར།།
སྐྱིད་སྡུག་གཅིག་ཏུ་འདྲེས་བའི་གྲོགས་ལ་འདྲིས་སོ།།
ང་ཡང་ཁྱེད་ཀྱི་གྲོགས་ཡིན།
གྲོགས་ལ་ཆ་རྐྱེན་མང་ན།།
གྲོགས་པོ་དཀོན་དུ་དཀོན་དུ།།
གཏན་གྲོགས་འདེམས་དགོས་ཆགས་ན།།
སྙན་ངག་མ་ཞིག་ཨེ་ཡིན།།
གྲོགས་མེད་འཁྱམས་པོའི་རྣམ་ཤེས།།
ལས་རླུང་འཚུབ་མས་དེད་དུས།།
གྲོགས་པོར་ཆ་རྐྱེན་འདོན་པའི།།
རེ་འདུན་ཁ་ལུག་རྐུབ་ལུག།
ཤ་ཉེ་བློ་ཉེ་ཚང་མ།།
རྩོམ་ལ་སྤྲོ་བ་ཨེ་ཡིན།།
དགག་རྩའི་མཐིལ་ལ་ཐུག་དུས།།
རྩོམ་ནི་ཤོག་བུའི་ལོགས་རིས།།
བྱིས་པས་ཐལ་རྩེད་རྩེ་དུས།།
ལྟོགས་སྐོམ་བརྗེད་པ་གང་མང་།།
རྩོམ་ལ་སྤྲོ་བ་གཏད་པའི།།
ལྷན་སྐྱེས་འཆར་སྒོ་ངོམ་འདུག།
དུངས་ཞེན་ཀྱི་བྲིས་པའི་སྙན་ངག་ཧ་ཅང་སྙན་གི་བསམ།
འདི་ན་ཡིག་ནོར་མང་པོ་བཙོང་རྒྱུ་འདུག་གདའ
འབྱོར་བའི་དུས་ཀྱི་འགྲོ་རོགས་འདུག་རོགས།།
རྒུད་པའི་ཚེ་ན་གར་སོང་ཆ་མེད།།
དེང་གི་གྲོགས་པོ་ལ་ལའི་གཤིས་ལ།།
འདྲེ་ང་ཨ་ཐང་འུ་ཆད་བྱུང་ཡོད།།
སྐྱིད་དུས་སྡུག་དུས་གཉིས་ཀར།།
གདོང་གི་དཀར་ནག་གཅིག་པའི།།
མི་དེ་གང་ན་ཡོད་ཀྱང་།།
འདྲེ་ངས་སྙིང་ནས་བཀུར་རོ།།