ལོ་ཟླ་འདི་དག་ལ་
ང་ཧ་ཅང་ཁེར་རྐྱང་གི་སུན་སྣང་ངང་
མཚན་མོ་རེ་རེར་
གྲང་ཤུར་ཤུར་གྱིས་ཁོག་འདར་རྒྱག་ཞོར་
དོ་ནུབ་ཡང་ ངས་སྐྱོ་དུངས་དུངས་ཀྱི་མཆི་མ་བཏང
མཆི་མ་དེ་བརྩེ་དུངས་ཀྱིས་བསྐྲུན་པའི་ན་ཟུག་དང་
དྲན་གདུང་གིས་བཞེངས་པའི་དྲན་རྟགས་ཡིན་པས
གང་ལྟར་ཉིན་དེ་ནས་བཟུང་
ཁྱེད་ཀྱིས་ངའི་མཛེས་སྡུག་གི་ཁྱིམ་གཞི་དེའི་ཆེད་དུ་
ཁྱོད་ཀྱིས་ངའི་བདེ་སྐྱིད་ཀྱི་མི་ཚེ་དེའི་ཆེད་དུ་
ཡོད་ཚད་ནས་ཡོད་ཚད་
དུས་དེ་ནས་བཟུང་
ཁྱེད་ཀྱིས་དོན་མེད་བྱ་སྤྱོད་དག་སྤང་འགོ་བརྩམས་ལ་
དེ་ནས་བཟུང།
ཁྱེད་ཀྱིས་སྨྱོ་ཆུ་དང་དུག་རླངས་སོགས་རེ་རེར་སྤངས་ཞོར
ངའི་བདེ་སྐྱིད་དང་ཁྱོད་ཀྱི་ཁྱིམ་གཞིའི་ཆེད་
ཁྱོད་ཀྱི་བདེ་སྐྱིད་དང་ངའི་ཁྱིམ་གཞི་དེའི་ཕྱིར་
ཡོད་ཚད་ནས་ཡོད་ཚད་སྤངས་སོང་
ཐུགས་རྗེ་ཆེ།
བདག་གི་ཆེད་དུ་
ཁྱེད་ཀྱི་ཕུགས་བསམ་དང་མ་འོངས་པའི་མདུན་ལམ་བསྒྱུར་ལ
ཉི་མ་འདི་ཚོར་ ཁྱོད་ཀྱིས་ ངའི་ཆེད་དུ་ཅི་ཞིག་བྱ་ན་འདོད་ཨང་
སྙན་མོ་གླུ་དབྱངས་བླངས་ན་མིན་ལ་
སྐྱོ་བའི་སྡུག་གཏམ་བཤད་ན་ག་ལ་ཡིན་
སྐྱོ་བའི་མིག་ཆུ་བཏོན་ན་མིན་ལ་
དྲན་པའི་གཞས་ཆུང་བླངས་ན་ག་ལ་ཡིན
ངོ་མ་ཁྱོད་ཀྱིས་འཇིག་རྟེན་གྱི་གྲུ་ཁ་ཞིག་ནས་
ཁ་བ་རླུང་རྟ་བཞིན་འབབ་པའི་གྲུ་ཟུར་ཞིག་ན་
གྲང་ཤུར་ཤུར་གྱི་ཁྱོད་ཀྱི་སེམས་པ་
ཤ་གསེང་རུས་གསེང་ཞིག་ན་རྒྱུ་བཞིན་པ་འདྲ་པས་
ངས་ ཁྱོད་རང་ངའི་ཆེད་དུ་སྐྱོ་གདུང་གི་ཁེངས་ར་མེད་ན་འདོད
དོ་ནུབ་གློ་བུར་དུ་ ང་ལ་དྲན་གདུང་ལྕི་བས་
ཁྱེད་ལ་འཁྱག་སིབ་སིབ་ཀྱིས་སྙིང་གཏམ་བཤད་དགོས་བྱུང་ལ
ཁྱེད་དྲན་པའི་ རི་མོ་སྨྱུག་རྩེར་ནས་བཞུར་སོང་།
དེ་རིང་སླར་ཡང་ ངས་ཁྱོད་རང་གླེང་གིན་ཡོད་
གླེང་བཞིན་པའི་ཁྱེད་རང་
བདག་གི་ཆེད་དུ་ཡུན་རིང་སྡུག་བསྔལ་ལ་གཏད་སོང་ལ་
དྲན་བཞིན་པའི་ཁྱེད་རང་
བདག་གི་་ཆེད་དུ་ ང་དང་ཁ་ཐག་རིང་སོང་ཡང་
ང་རང་གཏན་ཏུ་ཁྱོད་ཀྱི་རྣམ་ཤེས་ཀྱི་བརྩེ་དུངས་དང་
རྨི་ལམ་གྱི་བར་གསེང་ན་ཉུལ་ཡོད་པས་
ཁྱོད་ཀྱིས་གཏན་ཏུ་ང་རང་བརྗེད་མི་ཉན་
བདག་གི་ཆེད་དུ་ ཁྱོད་རང་གང་དུའང་འགྲོ་མི་ཆོག་ལ་
བདག་གི་ཆེད་དུ
ཁྱོད་ཀྱིས་གཟུགས་མེད་ཀྱི་བརྩེ་དུངས་ལ་ཁེངས་ར་དེ་བས་མི་ཆོག
ངེད་གཉིས་སོ་སོར་གྱེས་ནས་སྡུག་བསྔལ་མྱངས་སོང་ནའང་
ངེད་གཉིས་ཀྱིས་སོ་སོར་དྲན་ནས་མིག་ཆུ་བཏོན་སོང་ནའང་
ཁྱོད་རང་བདག་གི་ཆེད་དུ་ཕྱིར་ལ་ལོག་དགོས་པས་
ང་ཁྱོད་ཀྱི་རྣམ་ཤེས་ཀྱི་བར་སྣང་ལ་ཡོད་པས་
གང་ལྟར་
བདག་ལ་དགོས་པ་ཁྱོད་ལས་གཞན་ཅི་ཡང་མེད
༢༠༡༢ ༡༢ ༢༥ མལ་ཁང་ནས་བྲིས།
བུ་མོ་སེམས་པ་མ་སྐྱོ། ང་ཉིད་ཁྱོད་ཀྱི་དངུལ་དཀར་ཡིད་ཀྱི་མེ་ལོང་དུ་འཆར་བཞིན་ཡོད།
བུ་མོ་སེམས་པ་མ་ཕམ། ང་ནི་ཁྱོད་ཀྱི་ལུས་ཀྱི་གྲིབ་མ་བཞིན་དུ་འགྲོགས་བཞིན་ཡོད།
བུ་མོ་མིག་མཆུ་མ་གཏོང། ང་ནི་ཁྱོད་ཀྱི་ཆུ་བུར་མིག་གི་ཡུལ་དུ་མེ་ཏོག་པདྨོའི་ཚལ་ཆེན་ཡིན།
བུ་མོ་གཉིད་སྟབས་མ་གཅོག། ང་ནི་ཁྱོད་ཀྱི་སྙིང་གི་ཁང་བཟང་ནང་དུ་བསྡད་ཡོད།
བུ་མོ་ཟས་ཀྱི་དང་ཀ་མ་འགག། ང་ནི་ཁྱོད་ཀྱི་སྡེར་་མའི་ནང་གི་བཞེས་མོག་ཡིན།
ཨ་མ་ཚང་གི་སྡུག་གཏམ་འདི་ཡིག་ཐོག་ལ་བཞུར་ན། སྐྱོ་རྒྱུ་དགོད་རྒྱུ་གཉིས་ཀ་ཡོང་གི། ད་བུ་མོ་ཁྱོད་ལ་ཅི་བཤད་དགོས་ཤེས་མ་སོང་། ཁྲམ་པ་བློ་མེད་ཞིག་མིན་ན། རྒྱུ་གཙོ་འཁོར་མྱི་ཞིག་ཡིན་རྒྱུ་རེད། གང་ལྟར་ཁྱོད་བཞག་ནས་བུད་སོང་བ་འདྲ། ངུ་བསམ་དུས་ངུས། དགའ་བསམ་དུས་དགོད། དེ་འདྲ་ཞིག་མ་རེད་ནེ།
མུ་མཐུད་ནས་ཕྲིས་དང་ཡར་རྒྱས་ལ་མཐའ་མེད།