(༧གོང་ས་མཆོག་གི་འཁྲུངས་སྐར་ལ་ཕུལ།)
ནེ་རོ་གཙུག་ལག་སློབ་གྲྭ་ཆེན་མོ། ཤེས་རབ་རྡོ་རྗེ།
དུས་རབས་གསར་རྙིང་བསྣོལ་བའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ན།
ཤར་ནུབ་ཤེས་རིག་འཐབ་པའི་དེང་རབས་ཀྱི་ཁུགས་སོ་དེ་ན།
ལོ་རྒྱུས་དང་གཟི་བརྗིད་ཀྱི་གླེགས་བམ་ཁུར་བའི་འཛམ་གླིང་གི་ཡུལ་སྐོར་བ་ཁྱེད།
གཞན་ཕན་དང་བྱམས་བརྩེའི་ལྷུང་བཟེད་ཐོགས་པའི་ཞི་བདེའི་སློང་མོ་བ་ཁྱེད།
ཁྱེད་རང་ཡང་སྙིང་གནས་གང་ཞིག་ཏུ་ཕེབས།
ཁྱེད་རང་སུ་ཞིག་གི་ཆེད་དུ་འདི་ལྟར་མི་ཡུལ་དུ་སློང་མོར་ཕེབས་དགོས་བྱུང་།
བདག་གི་ཏཱ་ལའི་བླ་མ། ཕ་ཡུལ་མེད་པའི་འཛམ་གླིང་གི་ཡུལ་སྐོར་བ་ཁྱེད་རང་།
ཉེ་རིང་མེད་པའི་རང་དབང་གི་འཐབ་མོ་བ་ཁྱེད་རང་།
ཁྱེད་རང་ཟག་མེད་དང་འོད་སྣང་གི་འཇིག་རྟེན་གང་ཞིག་ལ་སྙེག་བཞིན་ཡོད།
ཁྱེད་རང་རྨི་ལམ་དང་ཕུགས་བསམ་གང་ཞིག་གི་ཕྱོགས་སུ་ཕེབས་བཞིན་ཡོད།
རང་དབང་དང་འདྲ་མཉམ་མེད་པའི་ལོ་རབས་དེ་དག་ལ།
ཁྲིམས་ལུགས་དང་གནས་ལུགས་མི་ཤེས་པའི་དུས་རབས་དེ་དག་ལ།
་་་་་་་་་དག་དག་མུན་ནག་གི་ལོ་རབས་དེ་དག་ལ།
ཁྱེད་ཀྱི་ཕ་ཡུལ་ཁྲག་གིས་བརྫིས་ཤིང་་་་་་་་་་ཁྱེད་ཀྱི་ཕ་ས་དུར་ཁྲོད་དུ་བསྒྱུར་སོང་།
འོན་ཀྱང་། བདག་གི་ཏཱ་ལའི་བླ་མ།
ཕམ་ཁ་སྟོབས་ཤུགས་སུ་སྒྱུར་མཁན་རང་དབང་གི་རྒྱལ་སྲས་ཁྱེད་རང་།
ཕྲག་དོག་མཛའ་མཐུན་ལ་བརྗེ་མཁན་ཞི་བདེའི་ཁྱུང་ཆེན་ཁྱེད་རང་།
ཁྱེད་ཀྱི་ཡོད་ཚད་འོད་སྣང་རྐྱང་རྐྱང་གིས་ཁེངས་ནས་ཡོད་ལ།
ཁྱོད་ཀྱི་ཡོད་ཚད་མཉེས་གཤིན་དང་བྱམས་བརྩེ་ཁོ་ན་ཡིན།
བདག་གི་ཏཱ་ལའི་བླ་མ་ལགས་་་་་་་་་ཁྱེད་ཁོ་ན།
དུས་རབས་འདིའི་མཁའ་དབྱིངས་སུ་འཚེར་བའི་རང་དབང་གི་སྐར་མ་འོད་ཆེན།
ཁྱེད་ཁོ་ན་་་་་་་བརྡ་འཕྲིན་སྤྱི་ཚོགས་འདིར་བཞད་པའི་དྭངས་གཙང་གི་གངས་ལྷ་མེ་ཏོག་རྐང་ཅིག
བདག་གི་ཏཱ་ལའི་བླ་མ་ལགས།
ཁྱེད་ཀྱི་རླབས་ཆེན་གྱི་ལམ་སྟོན་དང་སྣེ་ཁྲིད་འོག
ང་ཚོ་སྟེ་་་་་་་་་་གདོང་དམར་གངས་ཅན་པས་རང་དབང་གི་འབོད་སྒྲ་འཛམ་གླིང་ལ་བསྒྲགས་ཤིང་།
ཁྱེད་ཀྱི་བླ་མེད་ཀྱི་བྱམས་བརྩེ་དང་ཐུགས་ཁུར་འོག
ང་ཚོ་སྟེ་་་་་་་་་གདོང་དམར་གངས་ཅན་པའི་ཕུགས་བསམ་དང་རེ་བ་འོད་སྣང་གིས་ཁེངས་སོང་།
བདག་གི་ཏཱ་ལའི་བླ་མ། སྐུ་ཚེ་བརྟན། བོད་རྒྱལ་ལོ།
2011.7.4
སྐུ་ཚེ་ཡུན་རིང་བརྟན་པར་ཤོག བཞེད་དོན་ལྷུན་གྱིས་འགྲུབ་པར་ཤོག།
བདག་གི་སྐྱབས་མགོན་སྐུ་ཚེ་བརྟན་པར་ཤོག
བདག་གི་སེམས་ཁོང་གི་བླ་མ་ནམ་ཡང་བདག་སོགས་སེམས་ཅན་རྣམས་སྐྱབས་འོག་ལས་མ་མདོར་མཁྱེན། སྐུ་ཚེ་བརྟན་ཅིང་བཞེད་དོན་མཐའ་དག་བགེགས་མེད་ལྷུན་འགྲུབ་ཡོང་བར་ཤོག
རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་པད་དཀར་འཆང་།
སྙིགས་མའི་དུས་འདིར་མི་ཡི་གཟུགས་བྱོན་ནས།
འགྲོ་རྣམས་དོན་དམ་ཞི་བདེའི་ལམ་བཟང་ལ།
འཁྲིད་པའི་དེད་དཔོན་མཆོག་ཁྱོད་བསྐལ་བརྒྱར་བརྟན།
སྟོབས་ཆེན་ཨ་རིའི་དཔོན་གྱི་གཙོ་བྱས་པའི།
འཛམ་གླིང་ཆེ་རྒུ་ཀུན་གྱི་ཅོད་པན་གྱིས།
གང་གི་ཞབས་སེན་ཐོར་ཅོག་ལ་བཅིངས་ཏེ།
ཆེད་བསྟོན་གླུ་དབྱངས་འཛམ་གླིང་ཀུན་ཏུ་བསྒྲགས།
ཚན་རིག་མཁན་པོའི་མགྲིན་པའི་ཀློངས་ཡངས་ལས།
མགོན་ཁྱོད་འཛམ་གླིང་མཁས་པའི་ཡངས་རྩེ་རུ།
བཀུར་པའི་བསྟོད་དབྱངས་སྒྲོགས་པར་མ་བཟོད་ནས།
རྒྱ་དམར་ཀླ་ཀློས་མི་འདོད་རྐན་སྒྲ་སྒྲོགས།
ཇི་ལྟར་ཐུབ་པས་བྱམས་བརྩེའི་སྤྱས་རས་ཀྱིས།
ལྷས་བྱིན་བུ་སྡུག་བཞིན་དུ་བསྐྱངས་པ་བཞིན།
གདོན་འདྲེ་ལྷ་རུ་བཀུར་བའི་དོད་རྒྱལ་རྣམས།
ཁྱོད་ཀྱི་ཐུགས་བརྩེའི་ཞགས་པས་དམ་བཅིངས་ཀྱང་།
དྲིན་བྱས་དྲིན་དུ་མི་བཟོད་མི་བསྲུན་གྱི་སྐྱེས་བོས།
མགོན་པོ་ཁྱོད་ཀྱི་མཛད་འཕྲིན་ལ་རྒོལ་ཏེ།
བདུན་རྒན་རྒྱ་དམར་རྗེས་སུ་བསྙེགས་པ་དེ་ཡ་མཚན།
གྲུ་འཛིན་མགོན་པོ་དགུང་ལོ་དོན་དྲུག་ཕེབས།
འོད་མཚན་མགོན་པོ་རྒྱ་དམར་བཙོན་དུ་ཤོར།
པོད་དཀར་པུར་རྒྱལ་བོད་ཀྱི་འབངས་མི་རྣམས།
རྒྱ་དམར་ཀླ་ཀློས་ར་ལུག་བཞིན་དུ་བསོད།
བསྟོད་ཡུལ་བཟང་བོ་ཏྰ་ལའི་བླ་མ། །
བསྟོད་ཚུལ་བཟང་བོ་དེང་གི་དར་སྲོལ། །
བསྟོད་བྱེད་བཟང་བོ་དབྱངས་གསལ་སོ་བཞི། །
བསྟོད་མཁན་བཟང་བོའི་འབྲི་རྩལ་ཡག་གི །
ཕྱག་སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བོ་སྟོང་།།
སྤྱན་སྟོང་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་།།
གང་ལ་གང་འདུལ་དེ་ལ་དེ་སྟོན་པ།།
བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ།།
ནད་མུག་ལྟ་བ་སྣ་ཚོགས་རིས་བཅད་ནས།།
འཛམ་གླིང་དམག་གིས་མེ་འབར་འཁྲུགས་པའི་ནང་།།
ཐབས་མཁས་ཐུགས་རྗེ་སྤྲིན་ཆེན་དཀྲུགས་པ་ལས།།
ཞི་བདེའི་གྲུ་ཆར་འཇོ་ལ་གསོལ་བ་འདེབས།།
བཙན་པོའི་དམག་དཔུང་མ་བསྡུས་ལ། །
སྙན་མོའི་ཚིག་གིས་མ་དྲངས་པར། །
འཛམ་གླིང་ཞི་བདེར་འགོད་མཛད་པའི། །
གང་གི་སྐུ་ཚེ་བརྟན་པར་སྨོན། །
གངས་ཅན་ཡུལ་གྱི་པདདཀར་འཛིན་པ་ཁྱེད།།
འཛམ་གླིང་ཡོངས་ལ་ཞི་བདེའི་འོད་སྣང་སྦྱིན།།
གཉིས་སྨན་དབུ་མའི་ལམ་གྱི་ཤིང་རྟའི་སྲོལ།།
འདི་ཕྱིའི་༸སྐྱབས་མགོན་ཆེན་པོ་ཡུན་རིང་བརྟན།།
བདག་སོགས་འདི་ནས་ཚེ་རབས་ཐམས་ཅད་དུ།།
མགོན་པོ་ཁྱེད་ཀྱིས་ནམ་ཡང་རྗེས་འཛིན་ཅིང།།
ལུས་ངག་ཡིད་ཀྱིས་དགེ་བ་ཅི་བསགས་པ།།
ཐམས་ཅད་ཁྱེད་ཀྱི་བཀའ་དྲིན་ཆེད་བསྔོའོ།།
རིགས་དྲུག་གི་༸སྐྱབས་མགོན། སྐུ་ཚེ་བརྟན་པར་སྨོན།
ཤེས་རབ་རྡོ་རྗེ་ལགས་ཀྱིས་༧གོང་ས་མཆོག་ལ་བསྟོད་ཚིག་ཕུལ་བ་དེའི་དོན་ཟབ་པར་མཐོང་གིས། ཡིན་ནའི་༼ཏྭ་ལའི་བླ་མ།༽ཟེར་བའི་ཚིག་བེད་སྤྱོད་གཏོང་སྟངས་དེ་ནི་མི་རིགས་གཞན་གྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབོད་ཚུལ་དེ་ཡིན་ཙང་། བོད་རིགས་གཅིག་གིས་ཚིག་དེ་བེད་སྤྱོད་བཏང་ཡོད་པ་ཀློག་སྐབས་ ངའི་བསམ་བློའི་ནང་ལ་མི་བདེ་བ་འདུག
སྤྱིར་བཏང་བོད་ནང་༼ཏྭ་ལའི་བླ་མ་༽ཞེས་ཚིག་དེ་བེད་སྤྱོད་གཏོང་མཁན་ནི་ཆབ་སྲིད་པ་དེ་ཚོ་རེད་མ་གཏོགས་བོད་མི་དཀྱུས་མ་དང་རྒྱ་ཆེའི་དད་ལྡན་དམངས་ཚོགས་ནང་ཚིག་དེ་བེད་སྤྱོད་བྱེད་མཁན་ཡོད་པ་ཧ་ལམ་མཐོང་མ་མྱོང་།
བྱས་ཙང་སྙན་ངག་དང་བརྩམ་བྱ་ཁག་འབྲི་སྐབས་་རང་མི་རིགས་ཀྱི་དམིགས་གསལ་སེམས་ཁམས་དང་འབྲེལ་བའི་ཐ་སྙད་རྣམས་སྤྱོད་རོགས་གནང་ཞེས་སྙིང་དབུས་ནས་འབོད་སྐུལ་ཞུ་རྒྱུ་ཡིན།
༼ ༧གོང་ས་མཆོག་སྐུ་འཁྲུངས་ནས་དགུང་གྲངས་དོན་དྲུག་འཁོར་བའི་འཁྲུངས་སྐར་ལ་ཕུལ་བ༽
སྐུ་མཆོག་མི་འགྱུར་འགྲོ་བའི་དོན་དུ་བཞུགས། །གསུང་དབྱངས་མི་འགྱུར་ཟབ་མོའི་གཏམ་གྱིས་མཛེས། །
ཐུགས་ནི་མི་འགྱུར་འོད་གསལ་ཡངས་བའི་མཁའ། །མཚུངས་མེད་སྐྱབས་མགོན་དད་གསུམ་སྙིམ་པས་མཆོད། །
ཁམས་དང་མོས་བའི་རྗེས་འགྲོ་བ། །ཐུགས་རྗེའི་རྒྱ་མཚོ་གཡོ་བ་ལས། ། །
མདོ་སྨད་ས་ཡི་ཐིག་ལེ་རུ། ། །ཁྱོད་སྐུ་ཟླ་བ་གཞོན་ནུ་འཁྲུངས། །
དབུས་ལྗོངས་ཆོས་ཀྱི་ཞིང་ས་དེར། །དུས་མཐར་ཉེན་པའི་བོད་འབངས་རྣམས། །
རྨོངས་པའི་ཚ་གདུང་གཞོམ་སླད་དུ། །མི་འཇིགས་སེངྒེའི་ཁྲི་ལ་འཁོད། །
སྐུ་ན་ཕྲ་བའི་དུས་ཉིད་ནས། །གང་གི་མཛད་བཟང་ཆུ་ཀླུང་འབུམ། །
འཛམ་གླིང་ཞི་བདེའི་དཔལ་དུ་དྲངས། །འགྲོ་བའི་བདེ་སྡུག་བདག་གིར་བཞེས། །
ཁྱོད་སྐུ་ཉི་མ་གཞོན་ནུ་ལ། །སྡོམ་གསུམ་ཁྲིམས་ཀྱི་པདྨོ་མཛེས། །
དམ་པའི་ངང་ཚུལ་མི་གཡོ་བའི། །མཛད་པ་འདི་ནི་རྨད་དུ་བྱུང་། །
ཕྱི་རབས་མི་ཡི་འདྲེན་བྱེད་དུ། །ཤེས་རིག་མེ་ཏོག་འཛུམ་པའི་ཁ། །
རིག་རྩལ་འོད་སྟོང་ཟིལ་ཤུགས་ཀྱིས། །ཡོངས་སུ་བཟུང་བ་ཁྱོད་ལས་སུ། །
དད་ལྡན་ཡོངས་ཀྱི་སྤྱི་གཙུག་ལ། །གང་གི་མཛད་བཟང་ཆ་རེས་ཀྱང་། །
ཞི་བའི་དཔལ་ཡོན་འབུམ་ཐོབ་པས། །ཀུན་ལ་སྙོམས་པའི་དཔུང་གཉེན་མཆོག །
ནག་ཕྱོགས་མུན་པའི་སྒྲ་གཅན་གྱིས། །ཐུབ་བསྟན་ནུབ་ཀྱི་རི་རྩེ་ན། །
ནག་པོའི་ར་རི་འཛིན་གྱུར་བ། །དེ་ཚེ་ལེགས་བཤད་འོད་བརྒྱ་སྤྲྲོས།
སྟོན་པ་མཆོག་དེ་སྐུ་འཁྲུངས་ནས ། །ཉིས་སྟོང་ལྔ་བརྒྱའི་རྗེས་དྲན་དུ། །
འཛམ་གླིང་སྐྱེ་བོ་དུ་མ་ལ། །དབུགས་དབྱུང་མི་འཇིགས་སྤོབས་པ་བྱིན། །
ལྷ་ས་ལྷ་ཡི་ཞིང་ཁམས་དེར། །ཆོས་མེད་སྨྲ་བའི་བདུད་མཚོན་གྱིས། །
ཡུམ་བུ་བླ་མཁར་ཐང་ལ་བརྡབས། །ཡར་ཀླུང་གཙང་པོར་ཁྲག་གིས་བརྫིས། །
དུས་ངན་འཐོར་རླུང་གཡོས་བ་ན། །ཁྱོད་ཐུགས་ཡངས་པའི་མཁའ་ལམ་ནས། །
མཉེན་གཤིན་བྱམས་པའི་འོད་དཀར་གྱིས། །ཕན་བདེའི་རྩ་ལག་རྨང་ནས་གསོས། །
འཆི་བར་ཕྱོགས་པའི་མི་རིགས་འདིའི། །རྒྱལ་བསྟན་སྣུམ་ཟད་མར་མེའི་ཚུལ། །
རེ་བའི་འདུན་པ་ལྷག་ལུས་ཞིག ། གསོ་ཕྱིར་འཕགས་ཡུལ་ཞབས་སོར་བཀོད། །
འཛམ་གླིང་ཤར་ནུབ་ཡུལ་གྲུ་ནས། །སྐྱེ་བོ་ཁྲི་ཁྲག་དུ་མ་ལ། །
ཁྱོད་ཀྱི་བདེན་པའི་བཀའ་ལུང་གིས། །སྙིང་ལ་འཆི་མེད་ངལ་གསོ་ཐོབ། །
སྟོན་མཆོག་སྨྲ་བའི་ཉི་མ་དེའི། །ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས། །
གདམས་པ་ཀུན་གྱི་ཉིང་ཁུ་རུ། །སྟོན་པའི་བཤེས་གཉེན་སྐྱབས་མགོན་མཆོག །
གང་དུ་གཞོལ་བ་ཆོས་ཉིད་ཀློང་། །ཀུན་གསལ་མཁྱེན་པའི་མེ་ལོང་བཀྲ། །
རྟེན་འབྱུང་རིགས་པའི་གྲུ་བཟང་གིས། །རྒྱལ་པའི་དགོངས་པ་ཐང་མར་བརྡལ། །
སྐྱེས་བུ་གསུམ་གྱི་གདམས་པ་མཆོག །བྱང་ཆུབ་ལམ་གྱི་སྒྲོན་མ་ཡི། །
བསྟན་པ་འགལ་མེད་ལམ་བཟང་དུ། །འཁྲིད་མཁས་ཡོངས་ཀྱི་བཤེས་གཉེན་རྒྱལ། །
ས་རྙིང་ཀར་དགེའི་མན་ངག་ཕུལ། །གཞན་དང་མི་མཉམ་དགྱེས་དགུར་སྤྱོད། །
བགྲང་ཡས་རྒྱལ་པའི་དགོངས་པའི་མཐུལ། །རིས་མེད་བསྟན་པ་སྐྱོང་བའི་མགོན། །
གང་གི་གསུང་དབྱངས་སྙན་པའི་སྒྲ། །གདུལ་བྱའི་སྐྱེ་འགྲོའི་རྣ་བར་འབབ། །
ལུས་སེམས་བག་ཕེབས་བདེ་ལ་འགོད། །ཁྱེད་ཀྱི་མཛད་པ་ཀུན་དང་མཐུན། །
ཡབ་རྗེ་འཇལ་དཔལ་སྙིང་པོ་ཡི། །རིང་ལུགས་ཕྱོགས་མཐར་སྤེལ་བ་དང་། །
སྟོང་དང་རྟེན་འབྱུང་འགལ་མེད་དུ། །ལེགས་པར་བཀྲལ་བ་ཁྱོད་ཉིད་ཙམ། །
འཛམ་གླིང་ཤར་ནུབ་བསྐྱོད་པའི་གཏམ། །གཞལ་མེད་གྲོང་དང་གྲོང་ཁྱེར་དུ། །
འགྲོ་བ་མི་ཡི་རིན་ཐང་ནོར། །སྐྱེ་འགྲོའི་སྙིམ་པའི་སྣོད་དུ་བསྟབས། །
སྟོན་པའི་ལུང་རྟོགས་དམ་པའི་ཆོས། །ཆོས་ཀྱི་མདུན་ས་མཛེས་པའི་རྒྱན། །
རྒྱན་དྲུག་མཆོག་གཉིས་སྲོལ་བཟང་མཆོག །མཆོག་གསུམ་རྩ་བ་རབ་ཏུ་གཟིགས། །
དེ་ལྟ་ན་ཡང་དུས་ཀྱི་མཐར། །སྲོག་གི་གཤེད་མ་འཕུར་མདའ་ཡིས། །
རང་སྲུང་མུན་པའི་གོ་འཕང་ཅན། །ཡ་མཚན་མིན་པ་ཁྱོད་ཀྱིས་གཟིགས། །
དེང་རབས་ཚན་རིག་འཕྲུལ་གྱི་ཕོ་ཉ་ལས། །གླིང་བདུན་འཛིན་མའི་དངོས་པོ་མཐའ་དག་ཀུན། །
ཉིན་བཞིན་མཐོང་བ་སྙོན་འདིང་མི་རིགས་པའི། །ཤེས་རབ་སྣ་རེ་བསྐྲུན་པའང་ཁྱེད་ཀྱི་དྲིན། །
མུན་ནག་དུས་ཀྱིས་ཟོས་བའི་ཁ་བའི་ལྗོངས། །ཡང་དག་བདེན་པའི་སྒྲོན་མེ་དགུང་དུ་བཏེགས། །
བརྩེ་ཆེན་ལྷག་བསམ་དཀར་པའི་མཛད་འཕྲིན་འོད། །ནམ་ཡང་གོ་ལ་ཟླུམ་པོའི་ཏོག་ན་འཚེར། །
ལོ་རྒྱུས་གཙང་པོ་མི་བུ་གདོང་དྲུག་གི ། ཕ་ས་གངས་རིའི་ལྗོངས་ཀྱི་བོད་འབངས་རྣམས། །
རེ་བའི་མིག་ཟུང་ཁྱེད་ཀྱི་ཕྱོགས་སུ་འཁོར། །བདེན་པའི་སྐྱོ་དབྱངས་རང་གི་སྲོག་ལ་བསྡོས། །
ནོའོ་བྷེལ་ལ་སོགས་རྒྱལ་ཁབ་དུ་མ་ཡིས། །དྲང་བདེན་རླབས་རིས་བཀྲ་བའི་མཐུ་ནུས་ཀྱི། ། མཚར་སྡུག་སྟོང་གི་གཟེངས་རྟགས་ཁྱེད་ལ་ཕུལ། །དཔོན་རིགས་ཆེ་དགུས་བསྟོད་བསྔགས་ཁྱེད་ལ་ལྡིར།།
མཁྱེན་རབ་ཉི་མའི་འོད་ཀྱིས་བསྐྱངས་པའི་ཐོས་བསམ་སྒོམ་པའི་ལས་ལ་གཞོལ། །
འཆད་རྩོད་རྩོམ་ལ་ཐོགས་རྡུགས་བྲལ་བས་འདོད་འཇོའི་དབྱངས་ཅན་གློག་གི་གར། །
མཁྱེན་དཔྱོད་སྣང་བ་མཁའ་རུ་འཁྱིལ་བའི་ཞི་བདེ་གདེངས་ཅན་རོལ་བའི་མཚོ། །
ལུང་རྟོགས་ཡོན་ཏན་ལྷུན་པོའི་སྤོ་ལ་ཤཱཀྱའི་རྒྱལ་མཚན་མངོན་པར་བསྒྲེངས། །
མི་ཤེས་རབ་རིབ་རྒྱ་ལས་བྲལ་བའི་ལུགས་གཉིས་མཛད་རྗེས་སྲིད་ན་མཐོ། །
བྱམས་བརྩེའི་ལྷོ་སྤྲིན་འཁྲིགས་པའི་ཀློང་ནས་ཕན་བདེའི་སྙིང་པོ་ཡི་ག་བཞོས། །
སྐྱ་ཆད་སྔོ་སྡུག་འཚོ་བའི་ཁྲོད་ནས་བསྟན་སྲིད་རི་བོ་ཁུར་དུ་བླངས། །
བཙན་པོའི་སྙིང་སྟོབས་ཕྲག་ཏུ་བཞེས་ནས་བསྙེངས་བྲལ་གོ་ཆ་བརྟན་པོར་བཞེས། །
རྟག་ཏུ་དགེ་བའི་གཉིས་ཕན་ལམ་ནི་རྩོད་རྙོག་འདུམ་འགྲིག་གཏམ་དུ་སྒྲོག།
གངས་རིའི་བུ་ལ་བསླུ་བ་མེད་པའི་རྒྱ་བོད་སྤུན་ཟླའི་མཛའ་བ་སྤེལ། །
རིགས་ཀྱི་བླ་སྲོག་འོད་སྟོང་བདག་པོ་ཚུལ་འཆོས་དྲི་མས་མ་བསླད་པར། །
ཆོལ་གསུམ་བོད་མིའི་ཤེས་རིག་སྣང་བ་མ་རིག་སྦུབས་ལས་བརྡོལ་བའི་གཏམ། །
དེ་རིང་བདག་གིས་དབྱངས་སུ་གྱེར་ནས་ཕྱག་ན་པདྨོའི་འཁྲུངས་སྐར་བསུ། །
དེ་ལྟར་མཆོག་གི་མཛད་རྗེས་རི་མོ་བསྐལ་བའི་མཐར་ཡང་རྒྱལ་གྱུར་ཅིག །
ངག་རིག་སློང་བའི་དགེ་བ་འདིས་ཀྱང་བསོད་ནམས་མེ་ཏོག་འཛུམ་པའི་སྐུ། །
མགོན་པོ་ཁྱེད་ཀྱི་ཞབས་ཟུང་འཁོར་ལོ་བགྲང་ཡས་སྐྱེ་འགྲོའི་ཁམས་སུ་བརྟན། །
བཤད་སྒྲུབ་ལས་ཀྱི་ཐུབ་བསྟན་ལྗོན་པ་མི་འགྱུར་དགའ་མགུའི་གཏེར་དུ་རྫོགས། །
འཁོར་ལོ་གསུམ་གྱི་མཛད་འཕྲིན་དཀར་པོ་ནོར་འཛིན་ཁྱོན་དུ་རྒྱས་གྱུར་ཅིག །
ཆབ་སྲིད་པ་ཤེས་རབ་རྡོ་རྗེ་ལགས་ཀྱི་བསྟོད་ཚིག་དེ་ནི། དོན་ཟབ་ཅིང་གནད་དུ་འཁེལ་ཡོད་པར་མཐོང་སོང་། མ་གཞི་ཁོང་ནི་མཐོང་པ་ཙམ་གྱིས་མི་གཤིས་སྤྲོ་ལྷིང་ལྷིང་དང་འདྲེས་ཆོག་ཆོག བློ་ཁོག་ནམ་མཁའ་ལས་ཡངས་ཤིང་ས་གཞི་ལས་རྒྱ་ཆེ་ལབ་ན་མང་དྲགས་པ་འདྲ། འོན་ཀྱང་། བོད་སྤྱི་ཚོགས་ནང་ཁོ་ལྟ་བུའི་ན་གཞོན་བློ་ཁོག་ཆེན་པོ་དང་གུ་ཡངས་པོ་ཧ་ཅང་གི་ཉུང་ཉུང་རེད། བུ་མོ་ང་ཁོ་རང་གི་སྙིང་སྟོབས་དང་མི་རིགས་ཀྱི་ལ་རྒྱ། གཞན་ཕན་གྱི་བསམ་བློ ། དེ་དག་གིས་ཡིད་སེམས་དབང་མེད་དུ་འཕྲོག་སོང་། དངོས་ནས་ལབ་པ་ཡིན་ན། ང་རང་གི་བོད་ཡིག་ཏོག་ཙམ་ཤེས་པ་དེ་ཁོང་གིས་བཀའ་དྲིན་ཡིན།
ད་རེ་ཁོང་གིས་སྐུ་མདུན་ལ་སྐུ་ཚེ་བརྟན་ཞེས་སྙན་ངག་ཕུལ་འདུག ང་རང་ངོས་ནས་ཁོ་རང་གི་སྐུ་ཚེ་བརྟན་ཞུ་ཡ་ཡིན། དགེ་རྒན་ལགས་སྐུ་ཚེ་བརྟན།
བཀུར་འོས་པའི་འཐབ་གྲོགས་ཚང་མས་བསམ་ཚུལ་གནང་པར་བརྩི་བཀུར་ཞུ་གི་ཡོད། མ་གཞི་ང་ནི་ཁྲིམས་ལུགས་སློབ་གཉེར་པ་ཞིག་ཡིན་པས། ཁ་བྱང་ཏཱ་ལའི་བླ་ཞེས་བཏགས་པ་ཡིན། བདག་སྟེ་ང་ཁོང་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུ་མཁན་ཞིག་ཡིན་པས་དེ་ལྟར་༼བདག་གི་ཏཱ་ལའི་བླ་མ༽ཞེས་ཁ་བྱང་བཀོད་པ་ཡིན། གཞན་དེ་དང་གཅིག་མཚུངས་ལྟར་བོད་རྒྱལ་ཁབ་ཆེན་པོ་སྐུ་ཚེ་བརྟན།
བོད་རྒྱལ་ལོ།
ཁོང་གིས་སྙན་ངག་དེ་སང་ཉིན་གངས་སྐྱིད་དཔེ་མཛོད་ཁང་གི་སྙན་ངག་འདུ་འཛོམས་ཐོག་ནས་གྱེར་འདོན་བྱེད་རྒྱུ་རེད། ཚང་མ་ཕེབས་པར་དགའ་བསུ་ཞུ།།།།།
རྡོ་རྗེ་སྐུ་་ལ་རྐྱེན་འཆི་མི་མངའ་ཡང་།
ཟུང་འཇུག་དབང་གིས་རྒྱལ་བའི་ཟ་མ་ཏོགས།
བདག་ཅག་མོས་བ་ཇི་བཞིན་སྲིད་མཐའི་བར།
མྱན་ངན་མི་གདའ་རྟག་པར་གཞུགས་སུ་གསོལ།
ཆོས་དབྱིངས་ངང་ནས་མཁྱེན་བརྩེ་རང་བཞིན་དགེ་སྦྱོང་མི་ཡི་གཟུགས་སུ་རྣམ་པར་རོལ།
བསླབ་གསུམ་ལྷ་ལམ་ཡངས་པར་ཐེག་པ་ཆེན་པོའི་མདོ་སྔགས་ཟུང་འབྲེལ་རྟ་བདུན་གྱིས།
བོད་ཀྱི་རིག་གཞུང་སྣང་བྱེད་ནུབ་རིར་སོན་པ་སླར་ཡང་ཤར་རིར་རྣམ་པར་འདྲེན།
འགྲོ་བའི་བླ་མར་གུས་པས་ཕྱག་འཚལ་ཞབས་བརྟན་སྐྱེ་དགུར་དགེ་བའི་རྒྱལ་མཚན་སྒྲེངས།།