འཇུ་བསྟན་སྐྱོང་། ཨེ་མ་ཧོས་འོས་སྦྱོར་བྱས།
འཇིགས་བྲལ་གདོད་མའི་མགོན་དང་གཉིས་སུ་མེད།།
ཟླ་བྲལ་ངག་གི་དབང་ཕྱུག་འཇམ་པའི་དབྱངས།།
མཚུངས་བྲལ་བརྩེ་བའི་མངའ་བདག་ཆོས་ཀྱི་རྗེ།།
ཕ་རྒོད་རྡོ་རྗེ་འཆང་དེ་རྗེས་སུ་དྲན།།
གསེར་ལུང་པདྨ་འདབ་དྲུག་གཡང་གི་གཞིས།།
ཕ་རོལ་ཕྱིན་དྲུག་རྫོགས་པའི་དམར་སེར་མཚོ།།
ཆེ་བ་རྣམ་དྲུག་ལྡན་པའི་ཆོས་ཀྱི་སྡེ།།
བདག་གི་ཕ་གཞིས་བླ་མ་རུང་ལ་འདུད།།
མཁས་པའི་གོ་རིག་རྡོ་རྗེ་རྣོན་པོའི་མཚོན།།
གྲགས་སྐམ་སྟོང་འུར་ཀླད་ལ་མ་བསྐོར་བར།།
བདག་ལྟའི་དགྲ་ལ་བཏབ་པའི་ཁྲག་གི་རྒྱུན།།
སྟོང་ཆེན་ཆོས་དབྱིངས་དགའ་མའི་རྒྱན་དུ་ཆེ།།
བཙུན་པའི་ཞི་དུལ་མཛད་པ་བདུད་རྩིའི་རླབས།།
རྙེད་འཚོལ་ཐན་སྙེའི་བཅུད་དུ་མ་ཕམ་པར།།
ཐོས་བསམ་པད་དཀར་འདབ་མར་དྲངས་པའི་ཚུལ།།
ཐུབ་བསྟན་དབྱིག་འཛིན་མཛེས་པའི་རྒྱན་དུ་ཆེ།།
བཟང་པོའི་ཕྲིན་ལས་སྤྲིན་སྔོན་འཛུམ་པའི་མདངས།།
བཤད་སྒྲུབ་རླུང་གིས་བསྐྱོད་པའི་བ་དན་དཀར།།
གྲགས་སྙན་གཡུ་འབྲུག་ལྡིར་བའི་རྩེ་དགའ་འདི།།
གངས་ལྡན་རི་བོ་བརྗིད་པའི་རྒྱན་དུ་ཆེ།།
ཡོངས་རྫོགས་རྒྱལ་བསྟན་ཨུཏྤལ་ནགས་མའི་ཚལ།།
ལེགས་བཤད་ཁུ་བྱུག་མྱོས་པའི་གྲེ་འགྱུར་དབྱངས།།
སྐལ་བཟང་ཡི་ག་གསོ་བའི་སྨན་གྱི་ཆར།།
ཕྱོགས་མེད་བློ་གསལ་སྟོང་གི་རྒྱན་དུ་ཆེ།།
ཟློག་མེད་ཐལ་འགྱུར་རྡོ་རྗེ་གཟེགས་མའི་མཚོན།།
ལོག་རྟོག་བྲག་གི་རི་ལ་ཕབ་དང་ལྷན།།
ལྟ་ངན་བྱེ་རི་ངང་གིས་ཞིག་པའི་གཏམ།།
དུས་མཐའི་རྒྱལ་བསྟན་གསལ་བའི་རྒྱན་དུ་ཆེ།།
མཁས་མང་རྣམ་དཔྱོད་རྒྱ་མཚོ་བསྲུབས་པ་ལས།།
གནའ་དེང་ལེགས་བཤད་སྟོང་གི་བཅུད་འདུས་པ།།
གཞུང་ལུགས་ཉི་ཟླ་སྤྲིན་གྱི་འོད་སྣང་འབུམ།།
གངས་རིའི་དཔལ་ཡོན་ངོམ་པའི་རྒྱན་དུ་ཆེ། །
དྲི་མེད་གཙུག་ལག་པི་ཝཾ་དཀར་པོའི་རྒྱུད།།
བཤེས་གཉེན་ངང་བའི་བུ་མོའི་བརྡུངས་པའི་དབྱངས།།
ཐོས་འཛིན་སྐལ་བ་བཟང་པོར་སྒྲུབ་པའི་སྐྱེས།།
མི་ཤེས་མུན་པ་འཇོམས་པའི་རྒྱན་དུ་ཆེ།།
བསམ་བྱུང་ཤེས་རབ་རལ་གྲིའི་རྣོ་རྒྱུན་གྱིས།།
མདོ་སྔགས་གཞུང་ལུགས་འབུམ་གྱི་དཀའ་བའི་མདུད།།
ཅིག་ཆར་བཀྲོལ་བའི་ངེས་ཤེས་རིན་ཆེན་འོད།།
སྤོབས་པའི་གཏེར་ཆེན་གྲོལ་བའི་རྒྱན་དུ་ཆེ།།
སྤྲོས་པའི་ཟུག་རྔུ་དག་པ་གདོད་མའི་གཤིས།།
ལྷུན་གྲུབ་འདུས་མ་བྱས་པ་འོད་ལྔའི་གདངས།།
ཅོག་བཞག་བཞི་ལྡན་རྟོགས་པའི་རྣལ་འབྱོར་སྡེ།།
འོད་གསལ་སྙིང་ཐིག་བསྟན་པའི་རྒྱན་དུ་ཆེ།།
སྟོང་སྒོམ་མུན་པར་འཁྱམས་པའི་གྲུབ་རྫུ་མེད།།
ཕྱོགས་རིས་ཚིག་གིས་མྱོས་པའི་རྟོག་གེ་མེད།།
ཚུལ་འཆོས་ཟོག་པོ་ཕྱི་ཡག་ནང་བཙོག་མེད།།
མདོ་སྔགས་འགལ་འདུ་ལྟ་བའི་རྩོད་པ་མེད།།
ཡེ་གྲོལ་ཀུན་བཟང་ཆོས་སྐུའི་གསེང་ལམ་ཡོད།།
དཀའ་གནད་མདུད་བརྒྱ་འགྲོལ་བའི་སྟོན་ཆེན་ཡོད།།
ངེས་འབྱུང་བདུད་རྩིས་བཟི་བའི་བཙུན་པ་ཡོད།།
རྒྱལ་བསྟན་གྲུ་བཞིར་འཁྱེར་བའི་བཤེས་གཉེན་ཡོད།།
ལི་ཁྲིའི་རྒྱ་མཚོ་མཁའ་ལ་ཕྱུར་བ་མིན།།
ངུར་སྨྲིག་རླབས་ཀྱིས་རྩེན་པའི་འདུས་སྡེ་ཡིན།།
འབྲུག་སྟོང་དུས་གཅིག་འུར་བའི་སྒྲ་དབྱངས་མིན།།
ལུང་རིགས་གར་གྱིས་མྱོས་པའི་ལེགས་བཤད་ཡིན།།
ཟབ་དོན་ནོར་བུ་ལེན་པའི་ཚོང་བརྡ་རུ། །
གཡས་འཁྱིལ་ཆོས་དུང་དཀར་མོའི་རྒྱངས་གླུ་སྙན།།
འོད་གསལ་རྟོགས་པའི་བཟི་བའི་གསང་བརྡ་རུ། །
རྔམ་བརྗིད་སེང་ལྡེང་རྔ་ཆུང་དལ་གྱིས་ལྡིར།།
འཁྱམ་པོའི་ཕྱིར་མིག་འཁྱག་པོའི་གྲིབ་འོག་ཏུ།།
ཕ་གཞིས་བླ་རུང་དྲོད་ཀྱིས་འཁྱིལ་བའི་རླབས།།
དད་དུང་མིག་ཆུར་འཁྲིགས་པའི་གཟེགས་མ་ཙམ།།
དུང་ཞེན་སྙིམ་པའི་རྩེ་ན་ལྷོད་ཀྱིས་འཛུམ།།
གནའ་བོའི་ལོ་རྒྱུས་རྙིང་པའི་ལྟེབ་ཁུག་ན།།
ཡིད་ཆེས་དཀའ་བའི་ཡིག་འབྲུ་མང་མོད་ཀྱང་།།
ཁྲ་ཆུང་ཨ་འབྲས་སྒོར་མོའི་མཐོང་ལམ་ན།།
མཉམ་པ་མེད་ན་ལྷག་པ་ལྟ་ཅི་སྨྲོས།།
སྤྲང་པོ་མི་ཡུལ་འགྲིམ་པའི་ལམ་ཁ་ན།།
གསེར་འོད་འཕྲོ་བའི་ལོ་རྒྱུས་ག་ལ་ཞིག །
ཡིད་ཐང་ཆད་པའི་རྐང་རྗེས་མང་མོད་ཀྱང་།།
འདི་རུ་སླེབས་པ་མི་ཚེའི་ང་རྒྱལ་ཡིན། །
དེ་སྐད་ཐོལ་བྱུང་ཚོར་བས་བཟི་བའི་གཏམ།།
དྲན་གདུང་མིག་ཆུ་འཁྱག་པོས་སྣེ་ཁྲིད་དེ།།
མ་བཅོས་རྒྱ་ཡན་ཆུ་བོ་གློད་པ་བཞིན།།
ཕྱིར་དྲན་འཚོ་བ་སྙན་ངག་ཨ་ཅེས་བསྒུམས།།
ཡེ་གྲོལ་ཀུན་བཟང་ཆོས་སྐུའི་གསེང་ལམ་ཡོད།།
དཀའ་གནད་མདུད་བརྒྱ་འགྲོལ་བའི་སྟོན་ཆེན་ཡོད།།
ངེས་འབྱུང་བདུད་རྩིས་བཟི་བའི་བཙུན་པ་ཡོད།།
རྒྱལ་བསྟན་གྲུ་བཞིར་འཁྱེར་བའི་བཤེས་གཉེན་ཡོད།།
འདི་ལ།
ཡེ་གྲོལ་ཀུན་བཟང་ཆོས་སྐུ་ཡོད་ཤས་ཆེ། །
དཀའ་གནད་མདུད་བརྒྱ་འགྲོལ་སྟོན་ཡིན་ཤས་ཆེ། །
ངེས་འབྱུང་བདུད་རྩིས་བཟི་བའི་བཙུན་ཡོད་སྲིད། །
རྒྱལ་བསྟན་གྲུ་བཞིར་འཁྱེར་ཤེས་ཤིནད་ཏུ་ཉུང་། །
རྨད་བྱུང་ཚིག་གིས་བཏེགས་པའི་དོན་གྱི་གཟུགས།
འགུལ་རིས་སྲོག་ལ་ཞུགས་པའི་གར་སྟབས་ཏེ།
སྤྱན་ལྡན་དང་བ་འདྲེན་པའི་ནོར་མཆོག་དང་།
ལོང་བ་གཡང་ལས་སྐྱོབ་བྱེད་ཅིས་མ་ཡིན།
བླ་རུང་གི་མཁས་གྲུབ་རྣམ་པ་རྒྱལ་ལོ།།
ཨོཾ་སྭྰ་སྟི།།
འཇའ་ལུས་རིག་འཛིན་བརྙེས་པའི་བླ་རུང་གི་ཞིང་ནས།།
ཆོས་རྗེ་ཡིད་བཞིན་ནོར་བུའི་གསང་གསུམ་གྱིས་བྱིན་མཐུས།།
སྡེ་བཞིའི་ཕུན་ཚོགས་རྒྱས་པའི་ཕྲིན་ལས་ཀྱི་མཛད་བཟང་།།
རྒྱལ་དང་རྒྱལ་སྲས་མཛད་པ་སྨོན་འདུན་གྱིས་བསྟོད་དོ།།
བླ་མ་དེས་པ་བློ་གྲོས་ཆོས་དབྱིངས་སུ་གཤེགས་ཀྱང་།།
ཀུན་མཁྱེན་ཚུལ་ཁྲིམས་བློ་གྲོས་དཔལ་ཡོན་གྱི་ཕྲིན་ལས།།
འགྲོ་ཁམས་སྨིན་གྲོལ་གནང་བའི་བླ་རུང་གི་མཁས་གྲུབ།།
འཇིག་རྟེན་མུན་པ་གསལ་བའི་ཉི་ཟླ་དངོས་ལེགས་སོ།།
འཛམ་གླིང་ཞི་བདེ་འདྲེན་པའི་དེད་དཔོན་དུ་སྣང་བའི།།
བླ་རུང་ཆོས་ཀྱི་གྲོང་ཁྱེར་ཡིད་ཡུལ་ལ་འཁོར་ཚེ།།
གངས་ཅན་ཕན་བདེའི་མཛད་པའི་ཕྲིན་ལས་ཀྱི་གདན་ས།།
གསང་ཆེན་འོད་སྐུར་གྲོལ་བའི་བླ་མ་རུང་རྒྱལ་ལོ།།
བསྟན་འཛིན་རྒྱ་མཚོའི་མཁྱེན་བརྩེ་ནམ་མཁའ་དང་མཉམ་ཞིང་།།
ལུང་རྟོགས་རྒྱ་མཚོའི་བཤད་སྒྲུབ་ས་གསུམ་ལ་གདལ་ཞིང་།།
མུ་མེད་ཡེ་ཤེས་འཚོ་མོའི་དབང་བསྡུད་ཀྱི་དག་ཞིང་།།
ཆེས་མཐོའི་གངས་ལྗོངས་ཞིང་གི་སྐལ་བཟང་ལ་སྨོན་ནོ།།
རྫོགས་ཆེན་པདྨ་གར་གྱི་དབང་ཕྱུག་ཏུ་འབོད་པས་སྨོན་པར་དགེའོ།།